ཀླུ་སྨྱོན།
ཨེ་མ་ཧོ།
ཡང་ཅིག་གསོན་དང་བོད་ཀྱི་རྩོམ་པ་པོ། །
ཁྱད་པར་ཉོན་དང་བཙན་བྱོལ་རྩོམ་པ་པོ། །
དང་པོར་སྨྱུ་གུ་བཟུང་ནས་ཅི་ཞིག་བྲིས། །
བར་དུ་རྩོམ་དེབ་དཔར་ནས་ཅི་ཞིག་ཐོབ། །
མཐའ་མར་གོ་མེད་ཚོར་མེད་ཉལ་སར་ལྷུང་། །
ཁྱོད་ཚོར་ཅི་ཁག་ལོ་ན་རྒས་ལེ་རེད། །
རྒས་པས་མི་ཐུབ་ཀླུ་སྨྱོན་གཅིག་པོ་རེད། །
ད་ནི་ཉལ་སར་ལྷུང་བའི་རྩོམ་གྲོགས་ཚོའི། །
ཉལ་ས་བསྟན་པའི་ལེའུ་འདི་ནས་འབྲི། །
པད་མ་འབུམ་འདི་ལ་རྩེ་ཚང་ནས་ཉལ། །
ཧོར་གཙང་འཇིགས་མེད་ཚོང་ཁང་ནང་དུ་ཉལ། །
དཔལ་ལྡན་རྒྱལ་ཡང་རླུང་འཕྲིན་ཁང་ནས་ཉལ། །
མཛེས་མ་ཚེ་སྐྱིད་དྲ་སྣང་བོད་ནང་ཉལ། །
ཨ་ཚོགས་བསྟན་འཇམ་ཉིག་ཡོར་གྲོང་ནས་ཉལ། །
ཆུ་སྐྱེས་སྒྲོལ་མ་ཁྲོ་རོན་ཁྲོ་ནས་ཉལ། །
འབྲོག་པ་ལུང་རིགས་ཝེན་ཁོ་ཝེར་ནས་ཉལ། །
དགེ་འདུན་རབ་གསལ་མེ་ནེ་སོ་ཀྲར་ཉལ། །
ཆབ་མདོ་ཤེས་རབ་ཨ་རིའི་རྒྱལ་སར་ཉལ། །
ཤེས་རབ་དར་རྒྱས་ཀྲུ་ཤི་ཏ་ནས་ཉལ། །
བློ་གྲོས་དཔལ་བཟང་སུ་ཏུ་པུར་ནས་ཉལ། །
རྡོ་རྗེ་དབང་ཕྱུག་ནོར་བུ་གླིང་གར་ཉལ། །
ཀླུ་མཁར་བྱམས་ནི་མཚམས་ནག་སྒོ་གཅོད་ཉལ། །
གཟུངས་ཕྱུག་སྐྱིད་ཀྱང་རྡ་རམ་ས་ལར་ཉལ། །
བེ་རི་འཇིགས་མེད་ཝ་ར་ཎ་སིར་ཉལ། །
ཆུང་ཚེ་རིང་ཡང་ཤེས་རིག་ཤག་ཏུ་ཉལ། །
བསོད་ནམས་རྒྱལ་མཚན་ས་ར་སློབ་གྲྭར་ཉལ། །
ཆབ་བྲག་ལྷ་སྐྱབས་ཕེ་རི་སི་ནས་ཉལ། །
བླ་བྲང་སྐལ་བཟང་སོག་པོའི་ཡུལ་དུ་ཉལ། །
ཀ་རིང་ཐུབ་རྒྱམ་གར་སོང་མ་ཤེས་ཉལ། །
ལྷ་ཆབ་སྦྱིན་པ་བཙོན་ཟུར་ཚོགས་པར་ཉལ། །
བོན་རྒྱའི་བླ་རྒན་ཞིབ་འཇུག་ཁང་ནས་ཉལ། །
ཉི་མ་མཚོ་ཡང་གཞུང་ལས་ཁང་དུ་ཉལ། །
ཨ་རིག་དགེ་མཐོང་རྒྱ་གར་ལྷོ་ནས་ཉལ། །
རྨོག་རུ་བསྟན་པ་དབུ་མའི་ལམ་ནས་ཉལ། །
ཚེ་བརྟན་རྡོ་རྗེ་བལ་བོའི་བཙོན་དུ་ཉལ། །
སྐལ་བཟང་ལུང་རིགས་མཆོད་རྟེན་སྐོར་ལམ་ཉལ། །
ཁ་སྒང་བསམ་གཏན་ཡོ་རོབ་གླིང་དུ་ཉལ། །
གསལ་ལེ་རྒྱལ་ཡང་མི་རྐྱང་ཉལ་ཁྲིར་ཉལ། །
སྐལ་བཟང་ལྷ་མོ་པར་སློག་ཁང་དུ་ཉལ། །
ང་ཡིས་མ་ཚོར་ཉལ་མཁན་མང་ན་ཡང་། །
རེ་ཞིག་ཉལ་ས་མ་རྙེད་བཏང་སྙོམས་བཞག །
ཉལ་ནས་རྩིབ་མ་རུལ་བའི་དུས་ཚོད་དེར། །
མགོ་ཞིག་འགྱོགས་པའི་རེ་བ་ང་ལ་ལྕི། །
དེ་སྐད་རིག་པ་ཀློང་ཡངས་ཆེན་པོ་ལས། །
ཉལ་ས་བསྟན་པའི་ལེའུ་རེ་ཞིག་རྫོགས། །
Comments on “རིག་པ་ཀློང་ཡངས་ཆེན་པོ་ལས། ཉལ་ས་བསྟན་པའི་ལེའུ་བཞུགས།”
Comments are closed.
བདེ་མོ་བྲིས་འདུག
འབྲོག་ཕྲུག་སྟག་སྨྱོན་གབ་མིང་འོག་ཏུ་ཉལ།།
ཉལ་ས་མི་བདེ་ནུབ་ཕྱོགས་ཡུལ་ན་ཡོད།།
ཉལ་ན་འདོད་ཀྱང་ལས་ཀས་དེད་ནས་ཡོང་།།
ཉལ་ས་འདི་ནས་གཞིས་ཀ་སྤོར་ན་འདོད།།
ཉལ་ཁྲི་མེད་ཀྱང་འབྲོག་པའི་སྦྲ་ནག་དྲན།།
ཉལ་དབང་མེད་པའི་མ་དང་སྲིང་མོ་ཚོས།།
ཉལ་རུལ་ང་ཚོ་གསོས་ནས་ཡོང་བ་དྲན།།
བློ་གྲོས་དཔལ་བཟང་གཉིད་ནི་མི་རུང་མཁས་པ་ཡིན།།
པད་མ་འབུམ་འདི་གཉིད་དུ་མ་འཇུག་ཡར་ལ་རྩོངས།།
ཤེས་རབ་དར་རྒྱས་ཉལ་སར་རྩོངས་དགོས་ཤི་རེ་བྱོས།།
ཧོར་འཇིགས་འདིའང་ཁ་རོག་མ་བསྐྱུར་ཤིན་ཏུ་མཁོ།།
གཞན་དག་མིང་ཡིག་ཉ་ཉོག་ལུང་བ་གང་།།
གཉིད་ཀྱང་ཆོག་ལ་གཏན་དུ་སོང་ཡང་རུང་།།
མིང་རྫུན་རྒྱབ་དྲ་འབུ་དྲ་འབུ་ཁ་ནག་ལས།།
ཁོང་ཚོའི་འཇོན་པའི་བྱས་རྗེས་ཙམ་དུ་ཟད།།
ལུས་པོ་མི་རིགས་གཞན་གྱི་གཡོག་ཏུ་ཉལ།།
སེམས་པ་ཁྲེལ་མེད་བོད་མའི་དཀྱིས་ན་ཉལ།།
རང་དབང་སྟོབས་ཆེན་རྒྱ་མིའི་འོག་ན་ཉལ།།
རྣམ་དཔྱོད་ཁོམ་མེད་བྲེལ་བའི་སྒང་ན་ཉལ།།
ཚེ་འདིའི་ལས་དབང་སྐྱབས་བཅོལ་འོག་ཏུ་ཉལ།།
ཆོས་མེད་རྣམ་ཤེས་སྡིག་པའི་པང་དུ་ཉལ།།
འདི་དག་ཚེ་འདིའི་ཉལ་ལུགས་རྣམ་དྲུག་ཡིན།།
ཕོ་མཚན་ལངས་ནས་དགའ་མའི་སྟུ་ལ་འཛག།
མཆུ་ཏོ་ལངས་ནས་ཆང་དང་སྦུ་རག་འཐུང་།།
མིག་ཤེས་ལངས་ནས་གཞན་གྱི་ཆུང་མར་ལྟ།།
རྣ་བ་ལངས་ནས་ཟིང་ཟིང་གཞས་ལ་ཉན།།
ཧམ་སེམས་ལངས་ནས་སྒོར་མོའི་རྗེས་སུ་རྒྱུགས།།
སོར་མོ་ལངས་ནས་གློག་ཀླད་ནང་ལ་འབྲི།།
འདི་དག་ཚེ་འདིའི་འཕྲིན་ལས་རྣམ་དྲུག་ཡིན།།
ཀླུ་སྨྱོན་ལགས་ནས་ཞོགས་དུང་ཞིག་སྙན་མོ་ཞིག་བཏང་འདུག་མོད། ཁོང་ཅག་རྣམས་གཉིད་སྐྱིད་པའི་སྐབས་སྟེ། ནམ་ཕྱེད་ཏག་ཏག་ཡིན་པས་ལངས་མི་སྲིད།།
ཨ་ལག་ཀླུ་སྨྱོན་ཨ་རིའི་ནུབ་སྡེར་ཉལ།
མཛེས་མ་ཚེ་སྐྱིད་ཨ་རིའི་ཤར་དུ་ཉལ།
སོའོ་ཉལ་ཁྲིར་སོ་སོ་ཉལ་བ་ལས།
ཉལ་ཁྲི་གཅིག་ལ་འཛོམས་པའི་སྐལ་བ་མེད་།
བེ་རི་འཇིགས་མེད་གཅིག་པོར་ཉལ་ན་ལས།
མཁས་དབང་གཞན་རྣམས་བཟའ་ཟླའི་རུམ་དུ་ཉལ།
མཚན་གུང་དབུག་རིང་བཏང་ནས་སྡོད་མཁན་དེ།
ཕལ་ཆེར་ཨ་ལག་ཁྱེད་རང་གཅིག་པུ་རེད།
ལས་ཀྱིས་བསྐོས་ཀྱང་ལས་ཀྱིས་སོ་སོར་དཔྲལ།
སེམས་ནས་བསམ་ཀྱང་ལག་པས་ཟིན་ཐབས་མེད་
སྤྲིན་གྱི་ཕོ་ཉ་ལེའུ་གསར་པ་ཞིག
ཨ་ལག་ཉམས་མྱོང་ཅན་གྱིས་རྩོམ་པར་འཚལ།
ཉལ་ས་ཟེར་དུས་ཉལ་ཡུལ་ལ་གོ་གི ཉལ་མཁན་བསྟན་པའི་ལེའུ་འདྲ་ལབ་ན་ཉལ་བ་པོ་མང་པོ་ཞིག་གི་ཐོ་བཀོད་པ་འདི་ལ་འཚམ།
ཆུ་སྐྱེས་སྒྲོལ་མ་ཁྲོ་རོན་ཁྲོ་ན་བརྗིད།
འབྲོག་པ་ལུང་རིགས་ཝེན་ཁོ་ཝེར་ན་བརྗིད།
ཤེས་རབ་དར་རྒྱས་ཀྲུ་ཤི་ཏ་ན་བརྗིད།
བློ་གྲོས་དཔལ་བཟང་སུ་ཏུ་པུར་ན་བརྗིད།
རྡོ་རྗེ་དབང་ཕྱུག་ནོར་བུ་གླིང་གར་བརྗིད་།
ཀླུ་མཁར་བྱམས་ནི་མཚམས་ནག་སྒོ་གཅོད་བརྗིད།
གཟུངས་ཕྱུག་སྐྱིད་ཀྱང་རྡ་རམ་ས་ལར་བརྗིད།
བེ་རི་འཇིགས་མེད་ཝ་ར་ཎ་སིརབརྗིད།
ཆུང་ཚེ་རིང་ཡང་ཤེས་རིག་ཤག་ཏུ་བརྗིད།
བསོད་ནམས་རྒྱལ་མཚན་ས་ར་སློབ་གྲྭར་བརྗིད།
ཆབ་བྲག་ལྷ་སྐྱབས་ཕེ་རི་སི་ན་བརྗིད།
བླ་བྲང་སྐལ་བཟང་སོག་པོའི་ཡུལ་དུ་བརྗིད།
ཀ་རིང་ཐུབ་རྒྱམ་གར་སོང་མ་ཤེས་བརྗིད།
ལྷ་ཆབ་སྦྱིན་པ་བཙོན་ཟུར་ཚོགས་པར་བརྗིད།
བོན་རྒྱའི་བླ་རྒན་ཞིབ་འཇུག་ཁང་ན་བརྗིད།
ཉི་མ་མཚོ་ཡང་གཞུང་ལས་ཁང་དུ་བརྗིད།
ཨ་རིག་དགེ་མཐོང་རྒྱ་གར་ལྷོ་ན་བརྗིད།
རྨོག་རུ་བསྟན་པ་དབུ་མའི་ལམ་ན་བརྗིད།
ཚེ་བརྟན་རྡོ་རྗེ་བལ་བོའི་བཙོན་དུ་བརྗིད།
སྐལ་བཟང་ལུང་རིགས་མཆོད་རྟེན་སྐོར་ལམ་བརྗིད།
ཁ་སྒང་བསམ་གཏན་ཡོ་རོབ་གླིང་དུ་བརྗིད།
གསལ་ལེ་རྒྱལ་ཡང་མི་རྐྱང་ཉལ་ཁྲིར་བརྗིད།
སྐལ་བཟང་ལྷ་མོ་པར་སློག་ཁང་དུ་བརྗིད།
ང་ཡིས་མ་ཚོར་བརྗིད་མཁན་མང་ན་ཡང་།
རེ་ཞིག་བརྗིད་ས་མ་རྙེད་བཏང་སྙོམས་བཞག །
བརྗིད་ནས་རྩིབས་མ་རྒྱས་པའི་དུས་ཚོད་འདིར།
ཨ་ཁུ་ཀླུ་སྨྱོན་ལ་སོགས་མདོ་ཡུལ་གྱི།
བོད་ཡིག་སྦྱངས་འབྲས་རྩོམ་ཡིག་རི་བོའི་རྩེར།
གང་གི་མཁྱེན་པ་ཉི་མ་གཞོན་ནུ་ཤར། །
པད་མ་འབུམ་འདི་ལ་རྩེ་ཚང་ན་བརྗིད།
ཧོར་གཙང་འཇིགས་མེད་ཚོང་ཁང་ནང་དུ་བརྗིད།
དཔལ་ལྡན་རྒྱལ་ཡང་རླུང་འཕྲིན་ཁང་ན་བརྗིད།
མཛེས་མ་ཚེ་སྐྱིད་དྲ་སྣང་བོད་ནང་བརྗིད།
ཨ་ཚོགས་བསྟན་འཇམ་ཉིག་ཡོར་གྲོང་ན་བརྗིད། །
ཀླུ་སྨྱོན་ལགས་ནས་རྩོམ་པ་པོར་ཁས་ཆེ་བའི་ཉལ་ས་སོགས་རྒྱས་པར་བཤད་སོང། ཁོང་ཚོ་གང་ན་ཡོད་པའང་ཤེས་སོང། ད་བྱུང་ན་ཉལ་ས་ངོ་མ་ཤེས་དཀའ་བའི་ཁྱེད་ཀྱི་རྩོམ་ལ་མཆན་བུ་འགོད་མི་ཁ་བརྡའི་མཆན་འདེབས་པ་པོ་འདི་དག་གང་དུ་ཉལ་ཡོད་མེད་གཅིག་གསུངས་གནོང་དང། ཤེས་འདོད་ཆེ།
བླ་མ་ཀླུ་སྨྱོན་ཁ་བརྡ་ཚང་དུ་ཉལ།
རྨི་ལམ་སྐྱིད་པོ་ཚེ་རིང་སྐྱིད་དང་འཕྲད།
ལབ་གླེང་ཚང་མ་རྒྱོ་ཡི་སྐོར་ལ་བྱས།
མི་ཚེའི་བྱ་བ་ཚང་མ་འདི་ནས་རྫོགས།
མ་རིག་ངང་དུ་ཉལ་ཡུན་དེས་ཆོག་གི་་། ད་ནི་མ་ཉལ་སྒོ་གསུམ་དགེ་ལ་འབོན་།
སྐལ་བཟང་ལྷ་མོ་དང་ཆུང་ཚེ་རིང་གཉིས་ལྷ་ས་བ་རེད། བེ་རི་འཇིགས་མེད་ཁམས་པ་རེད།
ཉལ་ས་བསྟན་དང་ལུང་བསྟན་གཉིས།།
གཉིས་སུ་མེད་པའི་གོ་བ་ལོངས།།
ལོངས་གཏམ་མ་ཡིན་མ་འོངས་གཟིགས།།
གཟིགས་པའི་མཐའ་མ་ཞལ་ལས་ཐོན།།
ཉལ་སར་གནས་པའི་རྩོམ་པ་པོ།།
གཉིད་དུ་ཡུལ་བའི་ངེས་པ་གང་།།
ས་ཕྱོགས་གང་དུ་གནས་ཀྱང་རུང་།།
མྱུག་རྩེ་ལྷ་ལམ་ཡངས་པོར་སྐྱོངས།།
ཉལ་ནས་མ་འདུག་མྱུར་མོར་ཡར་ལོངས་ཞེས།།
ཡར་ལངས་བརྡ་ཞིག་བརྒྱབ་པ་བཀའ་དྲིན་ཆེ།།
སྔོན་ཚེ་རྩོམ་རིག་པདྨོའི་མེ་ཏོག་ཚལ།།
བསུང་ཞིམ་དྲི་ངད་ཁྱབ་པའི་ལང་ཚོ་དེ།།
ཡར་བསྐྱར་སྤེལ་ལ་ད་ནས་ཡར་ལ་ལོངས།།
སྐུ་ལོ་ཀླུ་འབུམ་སྨྱོན་པའི་ཕངས་སེམས་ནད།།
གསོ་བའི་ལྷ་རྗེ་དག་ཀྱེ་ད་ནི་ལོངས།།
མིང་དོན་གཉིས་ལྡན་ཁྱེད་ཅག་ཉལ་བསྡད་ནས།།
བསམ་མེད་མང་པོའི་གོམ་པ་འཁྱོར་བར་བྱས།།
དེས་ན་ད་ནི་ལོངས་ཤོག་དྲིན་ཅན་ཚོ།།
ཧོར་གཙང་འཇིགས་མེད་དགེ་འདུན་རབ་གསལ་དང་།།
ཆབ་མདོ་ཤེས་རབ་ཆབ་བྲག་ལྷ་སྐྱབས་སོགས།།
གང་དུ་ཡོད་ན་དེ་ནས་ལོངས་ལ་ཤོག།།
བར་མ་བར་གྱི་མཁས་པ་ཆུང་ངུ་དག།
ད་དུང་གཉིད་དང་བྲེལ་བ་དེ་ཙམ་མེད།།
བདག་དང་བདག་འདྲའི་དྲ་འབུ་ཆེ་ཆུང་ཚོགས།།
རྐང་པ་དྲང་ན་ལག་པ་འཁྱོག་པ་དང་།།
འཆར་སྒོ་གསལ་ན་སོར་རྩལ་གཉོམ་པ་སོགས།།
འཁྱར་འཁྱོར་གོམ་པའི་འགྲོས་དང་འགྲོགས་པ་དག།
ཡོད་དང་མེད་ལ་ཁྱད་པར་གང་ཡང་མེད།།
མཁས་པ་མཁས་པའི་གཏམ་གྱི་མཛོད་འཛིན་དག།
གཉིད་ནས་སྡོད་འདི་ཅི་བས་ཕངས་ཆེ་ན།།
ཡར་ལངས་མགོ་བོ་འདེགས་ཐེངས་གཅིག་ཉིད་ཀྱིས།།
སྨྱུག་ཐོགས་རུ་སྣེ་འདྲེན་པའི་སྟེགས་བུ་ལ།།
གཅིག་རྗེས་གཉིས་ཀྱིས་སྙེགས་བཞིན་ཕེབས་ལ་སྨོན།།
ཀླུ་སྨྱོན་གྱིས་ས་བཤད་རྡོ་བཤད་ལ་རྫོགས་རྒྱུ་ཡོད་པ་མ་རེད། དངོས་ཡོད་གནས་ཚུལ་ཞིག་ནི་འབྲི་མི་ཤེས། ཆགས་གཏམ་འདྲ་བཤད་ན་དམིགས་བསལ་གྱིས་མཇེ་མགོ་ལག་པས་འཕུར་ཞོར་བཤད་གི་རེད། དེ་ལས་གཞན་རྒྱུ་མཚན་ཡོད་པ་ཞིག་འབྲི་དགོས་ན་ཕལ་ཆེར་འཇོན་ཚོད་མ་རེད། ཁོང་གིས་ད་བར་དུ་དུས་ཚོད་བེད་སྤྱད་དེ་མང་པོ་ཞིག་ཁ་བརྡ་བརྒྱུད་རྩོམ་ཁུལ་བྱས་ཀྱང་སྤྱི་ཚོགས་དང་དུས་ལ་མཁོ་བའི་སྐད་ཆ་ཞིག་ཉིན་གཅིག་བྲིས་མ་མྱོང་བ་དེ་རེད།
ངས་དྲ་འབུ་བསྟན་པའི་ལེའུ་ཞིག་འབྲི་དགོས་ས་རེད་པ་་་་་
ཆུ་ཐིགས་མཁྱེན། དྲྭ་འབུའི་ལུང་གཞུང་ནང་ང་ཡི་མིང་ཆད་མི་ཉན། ཆུ་ཐིགས་ཐིགས།
སུ་ཞིག་གཉིལ་ན་བསམ་འཆར་མེད།།
སུ་ཞིག་བོར་ཡང་འགྱོད་པ་མེད།།
མ་ཤི་བར་དུ་རང་གིས་རང་།།
གཉིལ་དུ་འཇུག་པ་བདག་ལ་མེད།།
ཤེས་རིག་སྣ་མང་ཁྲོད་ཀྱི་གླིང་ག་ནས།།
རྣམ་དཔྱོད་རྩེ་མོ་མཐོ་བའི་སྦྲེལ་ནག་པ།།
མཁས་རློམ་གླང་པོའི་ཁྱུ་ཡི་དཀྱིལ་ཤེད་ནས།།
མཁས་དབང་ས་སྲུང་དབང་པོ་ཆབ་ཤེས་ལགས།།
ལུང་རིགས་དཔྱད་གསུམ་རལ་པའི་རྒྱན་དུ་བྱས།།
བེར་འཇིགས་ལོགས་འཇོམས་དབང་པོ་སྨྲ་བའི་དཔྱིད།།
སྒྲ་བསྒྱུར་ལོ་ཙྭའི་ལས་ལ་རང་དབང་འབྱོར།།
སྐད་གཉིས་སྨྲ་བའི་དབང་པོ་ཆུང་ཚེ་རིང་།།
འདི་མིན་མིང་ནས་བོས་པའི་ཤེས་རྨོངས་ཚོགས།།
སད་མེད་གཏན་དུ་གཉིད་ཀྱང་ཆོག་པས་ཉོལ།།
སྨྱུག་ཐོག་པ་མང་པོ་ཞིག་གི་མང་དོན་འདུག་ཀྱང་དེ་ཚོས་ནང་དུ་དངོས་གནས་བོད་ནང་གི་སྨྱུག་ཐོག་པ་འདྲ་བར་བཤད་ཕོད་པ་དང་བསྒྲུབས་ཕོད་པ་འདྲ་བ་ཅིག་ཀྱང་མི་འདུག་ལ་བསམ་བློ་རྨང་གཞིས་ཕྱུག་པའི་མི་བུ་
སྐུ་ཞབས་པདྨ་འབུམ་ལྟ་བུའི་མི་བུ་ལ་ལ་ལས་ང་ཚོས་སྤྱི་ཚོགས་འདིའི་ནང་མིག་དཔེ་ལྟ་འོས་བ་ཞིག་གཅིག་ཀྱང་མི་འདུག། གལ་སྲིད་མང་པོ་ཞིག་ཡོད་པ་ཡིན་ན་ང་ཚོས་སྤྱི་ཚོགས་འདིའི་དབྱངས་གསལ་སོ་བཞིའི་དུངས་བ་འདི་ལྟར་བོར་མི་སྲིད
གཉིད་མཁན། ཉལ་མཁན། ཕྲག་དོག་མཁན། ཕྱོགས་ཞེན་མཁན། ཅི་ཡང་མེད་མཁན་ཚང་མ་རང་རང་སར་ཉལ་ནས་གཉིད་འདུག
ཀླུ་སྨྱོན་ཁྱོད་ཀྱང་གཉིད་རན་འདུག ད་བར་མཐོང་བའི་ཁྱོད་ཀྱི་འཆལ་རྩོམ་རྣམས་ལ་ཡང་དག་པའི་དོན་ཞིག་ཅང་མི་འདུག ཁྱོད་ཀྱི་ཉག་ཉོག་མང་པོ་ཞིག་སྤེལ་བ་ལས་མ་སྤེལ་བ་ལེགས། ད་དུང་ཁྱོད་རང་རྩོམ་པ་པོར་ཁས་འཆེས་པ་ངོ་ཚའི་གནས།
ཆབ་བྲག་ལྷ་མོ་ལངས་ནས་འགྲོ་གི་འདུག །
ཁ་སྒང་བསམ་གཏན་ཁ་ལྕེ་འབར་གི་ཡོད།།
གསལ་ལེ་རྒྱལ་ཡང་སིང་རྒྱ་གྱག་གི་འདུག །
ཕ་རི་སི་ན་ཉལ་ནས་གཉིད་མཁན་མེད།།
དུག་ལྕེ་ཚང་གི་ལྕེ་རྒོད་ཐུབ་ཀི་མེད།།
སྙན་བཟང་གཡང་དྲུང་སྙན་ངག་རྫོགས་ཀི་མེད།།
ཟླ་བ་ཚེ་རིང་དཔྱད་བརྗོད་ཆད་ཀི་མེད།།
ས་དཀར་འོད་ཟེར་ཅི་བྱེད་མ་ཤེས་ཐལ།།
རྩོམ་འདིར་མཆན་སྒོ་བརྒྱབ་ཡོད།
ཁ་བརྡ་རྩོམ་སྒྲིག་པས།
—
Khabdha editor
http://www.khabdha.org
http://www.khabdha.com
khabdha@gmail.com