(གྲོགས་པོ་ཞིག་ལ་འཕྲིན་དུ་ཕུལ་པ།)
ཚྭ་རུ་མ་ཐབས་མཁས་ཀྱིས།
ཡ་མུ་གཙང་བོའི་འགྲམ་གྱི་སྤྲིན་དཀར་གྲོང་།།
ཁྱོད་དང་ཁྱོད་ལ་དབང་བའི་འཇིག་རྟེན་དེས།།
མུན་རླབས་མཐུག་པོའི་ཕ་རོལ་ཕ་རོལ་ན།།
འོད་དམར་འཁྱུགས་པའི་འོད་སྣང་ཁྱབ་ནས་འདུག།
ཁྱོད་ཀྱི་ཆང་ཕོར་བཟི་བའི་གོམ་འགྲོས་འགའ།།
ཡ་མུ་གཙང་བོས་ཤབ་ཤུབ་གླེང་ན་ཡང་།།
ད་དུང་བཟི་མེད་ཟེར་བའི་ཆང་ཕོར་དེ།།
འཁྱར་བཞིན་འཁྱོར་བཞིན་ད་དུང་ཆང་དགོས་ཟེར།།
གཅིན་པ་ཤག་སེ་བཏང་བའི་སྔ་རོལ་ནས།།
རྨི་ལམ་འཁྱོག་པོའི་ལམ་ཕྲན་འདེད་བཞིན་དུ།།
གོམས་པའི་གཤིས་སུ་འགྲེལ་པའི་སྒྲུང་གཏམ་དེ།།
ཡང་ཡང་ཀློག་ལ་ཁྱོད་ནི་ཐང་མི་ཆད།།
སྤྲིན་དཀར་གྲོང་ཚོར་དབང་བའི་སྤྱིལ་བུ་ཡོད།།
འཇག་རྩྭའི་ཕོན་པོ་སྤུངས་པའི་རྩིབས་རུས་རེ།།
གསེར་སྲང་སྟོང་ལས་ལྕི་བའི་རིན་ཐང་གིས།།
སྤྲིན་དཀར་གྲོང་ཚོའི་རྔམ་བརྗིད་ཅི་བས་མཐུག།
ཁྱོད་རང་མོས་པའི་བསམ་བློའི་འཇིག་རྟེན་དེ།།
ལག་པ་འདར་བཞིན་བྲིས་པའི་འཆར་སྣང་བཞིན།།
ཐེམ་པ་གོང་མར་འཛེགས་པའི་སྤོབས་པ་ཞིག།
ཆང་དམར་ཧུབ་ཐེངས་གཅིག་གིས་འབར་བར་བྱེད།།
སྐྲ་ལོ་རིང་བོས་རང་དབང་མ་རྩོད་ཟེར།།
ཆང་ཕོར་ཆང་གིས་ཡང་ཡང་བཟི་བ་ན།།
ཁྱོད་ལ་ཁྱོད་རང་དབང་བའི་གྲོང་ཁྱེར་ནས།།
སྤྲིན་དཀར་གྲོང་ཚོ་གནའ་བོའི་ལོ་རྒྱུས་ཤིག།
མུན་རླབས་མེ་རུ་འབར་བའི་རྐང་ལམ་དེར།།
གྱ་གྱུའི་གཅིན་པའི་རི་མོ་གསལ་བོ་ཞིག།
མཚན་མོའི་གསང་བ་ཞིོག་ལ་རིམ་གྱིས་ཟུག།
དྲང་བོར་བཤད་ན་ཁྱོད་རང་གཅིག་པུ་མིན།།
བསིལ་བསིལ་རླུང་བུས་བསྒུལ་བའི་གཙང་འགྲམ་གྱི།།
སྤྲིན་དཀར་གྲོང་ཚོ་ཡོམ་ཡོམ་འགུལ་ཐེངས་རེས།།
ཉི་ཟླ་ནུབ་པའི་མཚན་ལྗོངས་ཆེན་པོ་དེར།།
སེང་གེ་མཐུར་མེད་གནམ་ལ་ལྡིང་སོ་སྐད།།
རིམ་གྱིས་གྱེར་བའི་སྙན་ངག་རློན་པ་དེ།།
ཅི་ཙམ་བྲིས་ཀྱང་དེ་ལྟར་བཞུར་བ་ན།།
སྤྲིན་དཀར་གྲོང་ཚོས་བསྒུགས་པའི་གདངས་དབྱངས་དེ།།
ཐག་ཉེ་ཐག་ཉེ་ཞིག་ན་གྲག་གིན་འདུག།
ཞྭ་མོ་ལྷམ་དང་ལྷམ་གྱི་ཞྭ་གྱོན་པའི།།
རང་གི་སེམས་གཤིས་རྗེན་པར་སྟོན་ཐེངས་རེར།།
ཚེར་སྡོང་སྟེང་གི་འུག་པ་རྒན་པོ་བཞིན།།
འཇིག་རྟེན་འདི་ན་འོད་ཅིག་མེད་རབས་གླེང་།།
ཀྱ་ཀྱུར་གླིང་བུའི་གདངས་སུ་བཞུར་བ་ཡི།།
དབྱངས་རྟའི་འགྱུར་ཁུག་རྙིང་བ་རེ་རེ་ཡིས།།
ཁྱོད་ཀྱི་སེམས་ལ་སིམ་སྣང་སྤྲོད་སྲིད་པས།།
ད་དུང་མ་བཟི་ཆང་ཕོར་ས་ལ་ཞོགས།།
ཁྱོད་ཀྱིས་འཚོ་བར་རོ་མྱོང་བྱ་དགོས་ཟེར།།
འཚོ་བས་ཁྱོད་ལ་རོ་མྱོང་བྱ་དགོས་ཟེར།།
ཕན་ཚུན་འཐབ་པའི་མཐར་ཐུག་རྨི་ལམ་དེ།།
ད་དུང་སང་གི་ཉིན་མོར་སྒུག་དགོས་འདུག།
སྤྲིན་དཀར་གྲོང་ཚོ་གནའ་བོའི་གཏམ་རྒྱུད་ནང་།།
གེ་སར་རྒྱལ་པོའི་རྟ་དམག་རྒྱུག་གིན་ཡོད།།
སྤྲིན་དཀར་གྲོང་ཚོ་ཆང་ཕོར་བཏེགས་ནས་གཉིད།
སྙན་ངག་དམར་པོའི་མེ་ལྕེ་གྱེན་དུ་འབར།།
འཁྲེང་ཞེན་ཆེ་བའི་མིག་ཟུང་བཙུམས་པ་ན།།
རེ་དོགས་སྟོང་གིས་མེ་སྟག་དམར་འཚུབ་འཚུབ།།
སྤྲིན་དཀར་གྲོང་ཚོ་བཟི་བའི་ཁ་བརྡ་དེ།།
སུ་ལ་མ་བཤད་ཡ་མུ་གཙང་བོར་གྱེར།།
སྤྲིན་དཀར་གྲོང་ཚོ་དྲན་པའི་སྣང་བ་འདིས།།
ནན་གྱིས་དེད་པ་ལྟ་བུའི་ཚོར་བ་ཞིག།
འདི་ན་འདི་ལྟར་བྲིས་པའི་མཚན་མོ་བཞིན།།
གྲོགས་ཀྱི་སྙན་ངག་གླེང་བཞིན་ཕུལ་པའོ།། །།
༢༧ ༥ ༢༠༡༢
འཕྲིན་ལན་གཉིས་སྦྲགས་མ།
ཚྭ།
ཡ་མུ་གཙང་བོའི་འགྲམ་གྱི་སྤྲིན་དཀར་གྲོང་།།
ཁྱོད་དང་ཁྱོད་ལ་དབང་བའི་འཇིག་རྟེན་དེས།།
མུན་རླབས་མཐུག་པོའི་ཕ་རོལ་ཕ་རོལ་ན།།
འོད་དམར་འཁྱུགས་པའི་འོད་སྣང་ཁྱབ་ནས་འདུག།
སྤྲིན།
ནུབ་ཕྱོགས་གླིང་ན་བཞུགས་པའི་རྣལ་འབྱོར་བ།།
ང་དང་ང་ཡི་བསམ་བློའི་ཆགས་རིམ་ནང་།།
ཤེས་མེད་དམུ་རྒོད་འཁྲུགས་ས་མཚམས་ནས།།
ང་ཤི་ཁྱོད་གསོད་གླེང་བའི་ཆག་སྒོ་མང་།།
ཚྭ།
ཁྱོད་ཀྱི་ཆང་ཕོར་བཟི་བའི་གོམ་འགྲོས་འགའ།།
ཡ་མུ་གཙང་བོས་ཤབ་ཤུབ་གླེང་ན་ཡང་།།
ད་དུང་བཟི་མེད་ཟེར་བའི་ཆང་ཕོར་དེ།།
འཁྱར་བཞིན་འཁྱོར་བཞིན་ད་དུང་ཆང་དགོས་ཟེར།།
སྤྲིན།
ལྗོན་ཤིང་ལོ་མའི་ཚལ་ནས་ཤོག་སྨྱུག་བཟུངས།།
ཡ་མུ་གཙང་བོའི་འགྲམ་ནས་གློག་ཀླད་བཟུངས།།
ཤར་གླིང་རྒྱལ་ས་བཟུངས་ནས་མཆོད་བྱས་ཀྱང་།།
ད་དུང་ངང་བའི་བུ་མོ་མ་མཇལ་ཐལ།།
ཚྭ།
གཅིན་པ་ཤག་སེ་བཏང་བའི་སྔ་རོལ་ནས།།
རྨི་ལམ་འཁྱོག་པོའི་ལམ་ཕྲན་འདེད་བཞིན་དུ།།
གོམས་པའི་གཤིས་སུ་འགྲེལ་པའི་སྒྲུང་གཏམ་དེ།།
ཡང་ཡང་ཀློག་ལ་ཁྱོད་ནི་ཐང་མི་ཆད།།
སྤྲིན།
འདས་པའི་སྐྱོ་གར་འདུན་པའི་གླིང་ཕྲན་དེ།།
གཅིན་པ་བཏང་བཞིན་སྔ་ནས་གཡགས་ནའང་།།
རང་གི་གཤིས་སུ་ལྟ་བའི་སྤྱི་ཚོགས་དེས།།
ང་ཡང་ཁ་རོགས་བསྡོད་དུ་ག་ལ་འཇུག།
ཚྭ།
སྤྲིན་དཀར་གྲོང་ཚོར་དབང་བའི་སྤྱིལ་བུ་ཡོད།།
འཇག་རྩྭའི་ཕོན་པོ་སྤུངས་པའི་རྩིབས་རུས་རེ།།
གསེར་སྲང་སྟོང་ལས་ལྕི་བའི་རིན་ཐང་གིས།།
སྤྲིན་དཀར་གྲོང་ཚོའི་རྔམ་བརྗིད་ཅི་བས་མཐུག།
སྤྲིན།
འདོད་རྔམས་དེ་ཙམ་མེད་པའི་སེམས་ཤིག་དང་།།
རིན་ཐང་དེ་ཙམ་མེད་པའི་འཇག་རྩྭ་གཉིས།།
རྔམས་ནག་མེ་ཡིས་བཟོས་པའི་གྲོང་ཁྱེར་ན།
ཅི་དགར་ལོངས་སུ་སྤྱོད་པ་བདེ་སྐྱིད་ལགས།།
ཚྭ།
ཁྱོད་རང་མོས་པའི་བསམ་བློའི་འཇིག་རྟེན་དེ།།
ལག་པ་འདར་བཞིན་བྲིས་པའི་འཆར་སྣང་བཞིན།།
ཐེམ་པ་གོང་མར་འཛེགས་པའི་སྤོབས་པ་ཞིག།
ཆང་དམར་ཧུབ་ཐེངས་གཅིག་གིས་འབར་བར་བྱེད།།
སྤྲིན།
མི་སེམས་དམིགས་རྒྱང་ཅན་གྱི་འཇིག་རྟེན་དེ།།
རྐང་ལག་གཉིས་ཆ་འདར་ཡང་ཐོབ་དཀའ་ཀི།
འདོད་པ་མེད་བཞིན་མདུན་དུ་འཇུག་པ་ལས།
རྒུན་ཆང་ཞིམ་པོའི་ཉིང་ཁུ་རོལ་བདེ།།
ཚྭ།
སྐྲ་ལོ་རིང་བོས་རང་དབང་མ་རྩོད་ཟེར།།
ཆང་ཕོར་ཆང་གིས་ཡང་ཡང་བཟི་བ་ན།།
ཁྱོད་ལ་ཁྱོད་རང་དབང་བའི་གྲོང་ཁྱེར་ནས།།
སྤྲིན་དཀར་གྲོང་ཚོ་གནའ་བོའི་ལོ་རྒྱུས་ཤིག།
སྤྲིན།
སྐྲ་ལོ་རིང་བོའི་རིང་ཚད་ངས་མི་འཇལ།།
བསམ་བློ་རིག་པའི་རྒྱ་ཁྱོན་ངས་མི་གཞལ།།
ང་དང་ང་ལ་དབང་བའི་འཇིག་རྟེན་ནས།།
ང་ཡི་ཚེ་སྲོག་ང་ཡིས་སྙན་ངག་འབྲི།།
ཚྭ།
མུན་རླབས་མེ་རུ་འབར་བའི་རྐང་ལམ་དེར།།
གྱ་གྱུའི་གཅིན་པའི་རི་མོ་གསལ་བོ་ཞིག།
མཚན་མོའི་གསང་བ་ཞིོག་ལ་རིམ་གྱིས་ཟུག།
དྲང་བོར་བཤད་ན་ཁྱོད་རང་གཅིག་པུ་མིན།།
སྤྲིན།
བླུན་པོས་གླན་པར་བསྟན་པའི་མན་ངག་གིས།།
ཁ་དུག་ཚ་བོ་བསྐྲུན་པའི་མདུན་ལྗོངས་དེར།།
ཡུན་ནས་ཡུན་དུ་སོང་ན་ཇེ་ནག་རེད།།
དྲང་མོར་བཤད་ན་ང་ཚོའི་སྐྱོ་གར་ལགས།།
ཚྭ།
བསིལ་བསིལ་རླུང་བུས་བསྒུལ་བའི་གཙང་འགྲམ་གྱི།།
སྤྲིན་དཀར་གྲོང་ཚོ་ཡོམ་ཡོམ་འགུལ་ཐེངས་རེས།།
ཉི་ཟླ་ནུབ་པའི་མཚན་ལྗོངས་ཆེན་པོ་དེར།།
སེང་གེ་མཐུར་མེད་གནམ་ལ་ལྡིང་སོ་སྐད།།
སྤྲིན།
མི་ཁའི་དྲག་རླུང་ཤུགས་ཀྱིས་གཡོ་སྟབས་ཀྱིས།།
སྤྲིན་དཀར་གྲོང་ཚོ་ཕྱོགས་སུ་ཁུར་སོང་སྐད།།
རང་སར་རང་ཉིད་ཆེ་བའི་མྱི་རྒན་ཚོས།།
ཁེངས་གཏམ་དེ་འདྲ་བཤད་པ་ངས་ཀྱང་ཐོས།།
ཚྭ།
རིམ་གྱིས་གྱེར་བའི་སྙན་ངག་རློན་པ་དེ།།
ཅི་ཙམ་བྲིས་ཀྱང་དེ་ལྟར་བཞུར་བ་ན།།
སྤྲིན་དཀར་གྲོང་ཚོས་བསྒུགས་པའི་གདངས་དབྱངས་དེ།།
ཐག་ཉེ་ཐག་ཉེ་ཞིག་ན་གྲག་གིན་འདུག།
སྤྲིན།
ཁ་སང་སྐྱོ་ན་མཆི་མའི་བརླན་གྱིས་བྲིས།།
དེ་རིང་ཁྲོས་ན་ཁོང་ཁྲོས་མེ་ཡིས་བྲིས།།
ཇི་ལྟར་བྲིས་པའི་ཚོར་སེམས་ཚིག་བཅད་དུ།།
དེ་ལྟར་སྙན་པའི་གདངས་ཤིག་མི་འབྱུང་གི།
ཚྭ།
ཞྭ་མོ་ལྷམ་དང་ལྷམ་གྱི་ཞྭ་གྱོན་པའི།།
རང་གི་སེམས་གཤིས་རྗེན་པར་སྟོན་ཐེངས་རེར།།
ཚེར་སྡོང་སྟེང་གི་འུག་པ་རྒན་པོ་བཞིན།།
འཇིག་རྟེན་འདི་ན་འོད་ཅིག་མེད་རབས་གླེང་།།
སྤྲིན།
གཞན་གྱི་ཞྭ་མོ་གཡར་པའི་ངོ་སོ་དང་།།
རང་གི་ལྷམ་ཡང་བཙོང་བའི་ཚོང་མི་དགོས།།
རང་ཚུགས་བརྟན་པོར་སྐྱེས་པའི་སེམས་སྡོང་དེ།།
འཇིག་རྟེན་འདི་ན་འོད་ཀྱི་མཆོད་སྡོང་ཡིན།།
ཚྭ།
ཀྱ་ཀྱུར་གླིང་བུའི་གདངས་སུ་བཞུར་བ་ཡི།།
དབྱངས་རྟའི་འགྱུར་ཁུག་རྙིང་བ་རེ་རེ་ཡིས།།
ཁྱོད་ཀྱི་སེམས་ལ་སིམ་སྣང་སྤྲོད་སྲིད་པས།།
ད་དུང་མ་བཟི་ཆང་ཕོར་ས་ལ་ཞོགས།།
སྤྲིན།
སྙན་པའི་རིག་པར་ཆགས་པའི་སེམས་ཤུགས་ཀྱིས།།
བརྩོན་པ་བརྒྱ་ཡི་བརྒྱུད་ལམ་རིང་མོའི་ནང་།།
བར་གེགས་གདོན་དུ་ཆགས་ཚུལ་དེ་དྲན་ན།།
ཆང་ཕོར་ས་ལ་འཇོག་ཐབས་ག་ལ་ཡོད།།
ཚྭ།
ཁྱོད་ཀྱིས་འཚོ་བར་རོ་མྱོང་བྱ་དགོས་ཟེར།།
འཚོ་བས་ཁྱོད་ལ་རོ་མྱོང་བྱ་དགོས་ཟེར།།
ཕན་ཚུན་འཐབ་པའི་མཐར་ཐུག་རྨི་ལམ་དེ།།
ད་དུང་སང་གི་ཉིན་མོར་སྒུག་དགོས་འདུག།
སྤྲིན།
བདག་གིས་འཚོ་བ་ལ་རོ་མྱོང་བྱས་ནས་ཡོད།།
འཚོ་བས་ང་ཡང་རོ་མྱོངས་བྱས་ཟིན་ཐལ།།
ངེད་གཉིས་ཕན་ཚུན་འཁྲིག་པའི་གཏམ་རྒྱུད་དེ།།
གདོན་འདྲེ་ལྷ་གཟུགས་ཅན་པོས་འཕྲོག་སོང་ཐལ།།
ཚྭ།
སྤྲིན་དཀར་གྲོང་ཚོ་གནའ་བོའི་གཏམ་རྒྱུད་ནང་།།
གེ་སར་རྒྱལ་པོའི་རྟ་དམག་རྒྱུག་གིན་ཡོད།།
སྤྲིན་དཀར་གྲོང་ཚོ་ཆང་ཕོར་བཏེགས་ནས་གཉིད།
སྙན་ངག་དམར་པོའི་མེ་ལྕེ་གྱེན་དུ་འབར།།
སྤྲིན།
གེ་སར་དམག་གི་རོལ་ཆ་བདག་གིས་གྲོལ།།
འཚོ་བའི་གདུང་དབྱངས་རིང་མོ་བདག་གི་གྱེར།།
སྤྲིན་དཀར་གྲོང་ཚོའི་ཆང་གི་ཕོར་ཁ་ན།།
སུ་ཡང་དགའ་བའི་མཛེས་མ་ཆགས་པའི་སྨྱོ།།
ཚྭ།
འཁྲེང་ཞེན་ཆེ་བའི་མིག་ཟུང་བཙུམས་པ་ན།།
རེ་དོགས་སྟོང་གིས་མེ་སྟག་དམར་འཚུབ་འཚུབ།།
སྤྲིན་དཀར་གྲོང་ཚོ་བཟི་བའི་ཁ་བརྡ་དེ།།
སུ་ལ་མ་བཤད་ཡ་མུ་གཙང་བོར་གྱེར།།
སྤྲིན།
བཟང་ལ་རེ་བ་འཆིང་བའི་ཉིན་མོ་རེར།།
སྐྱིད་ཀྱི་འཚོ་བ་ཡོད་པའི་སྙན་ངག་གྱེར།།
ངན་ལ་དོགས་པ་ཡོད་པའི་མཚན་མོ་རེར།།
གློག་གི་སྒྲོན་མེ་སྤར་ནས་སྙན་ངག་འབྲི།།
ཚྭ།
སྤྲིན་དཀར་གྲོང་ཚོ་དྲན་པའི་སྣང་བ་འདིས།།
ནན་གྱིས་དེད་པ་ལྟ་བུའི་ཚོར་བ་ཞིག།
འདི་ན་འདི་ལྟར་བྲིས་པའི་མཚན་མོ་བཞིན།།
གྲོགས་ཀྱི་སྙན་ངག་གླེང་བཞིན་ཕུལ་པའོ།། །།
སྤྲིན།
ཁ་ཐག་ས་ཡིས་བཅད་པའི་གྲོགས་མཆོག་གིས།།
འདི་ལྟར་དྲན་པའི་གདུང་དབྱངས་གྱེར་བ་ཡིས།།
སྤྲིན་དཀར་གྲོང་ཚོ་འཆི་ན་དུར་བྱང་ངོས།།
ཁྱེད་ཀྱི་སྙན་ངག་གསེར་བྲིས་བྱ་ན་འདོད།།
གྲོགས་པོ་ཐབས་མཁས་ལགས་ཀྱིས་གྲོགས་པོ་ཞིག་ལ་འཕྲིན་ཡིག་ཚིགས་བཅད་མ་དེའི་བརྗོད་བྱ་རྗོད་བྱེད་གཉིས་ཆ་ཅི་འདྲའི་སྙན་པ་ལགས།་་་་ཡིན་ནས་གྲོགས་པོ་དེས་ཡིག་ལན་སྦྲགས་མའི་ལམ་ནས་བྲིས་པ་ཅི་འདྲའི་མཛེས་ནའང།་་་་་་བརྗོད་བྱའི་ཟུར་སྣེ་མང་པོ་ཞིག་ན་ཡུལ་གཞན་ཞིག་ལ་ཟུར་ཟ་དང་།་རྗོད་བྱེད་ཚིག་གི་ཆད་ལྷག་གང་མང་ཞིག་བསླེབས་འདུག་པས།་་་་ཕྲན་གྱི་བསམ་པ་ཡིན་ན་རང་གི་སེམས་རྣལ་དུ་གནས་པར་འབད་ན་མི་ལེགས་སམ།་་་་བྲིས་པ་བསྐྱར་ཀློག་ཡང་ཀློག་བྱས་ན་མི་བཟང་ངམ།་་་ཡིན་ཡང་རང་དབང་རེད་ང་ལ་བྱུས་གཏོགས་མི་འདུག་་་་སེམས་དཀར་ཞིག་གིས་ཤོར་སོང་གནོད་པ་རེ་ཡོད་ན་དགོངས་དག།
སྤྲིན་དཀར་གྲོང་ཚོ་མིང་ཅན་སྙན་ངག་འདི།
ལན་གཅིག་མིག་ཤར་བྱས་ནས་བཀླགས་པ་ན།
ཚིག་གི་སྦྱོར་དང་གོ་བ་ཆེས་བདེ་ཞིང་།
ཀུན་གྱི་སྙན་དབང་སིམ་པའི་དཔལ་ལྡན་པས།
ཡིན་ཅིག་ཡག་བྱུང་ཟེར་ནས་བརྗོད་འདོད་བྱུང་།
རང་འཚོལ་ལགས་ཀྱིས་ཕྲན་ལ་གདེངས་འཇོག་གནང་བ་ཐུགས་རྗེ་ཆེ། ལྡིང་ངུའི་བུ་ལགས་ཀྱིས་བཟང་ཕྱོགས་ཀྱི་ལམ་བུ་གནང་བར་ཡང་་བཀའ་དྲིན་ཞུ། སྙན་ངག་དེ་ནི་ཕྲན་ངའི་འདྲ་པར་ཞིག་ལ་གྲོགས་ཉིད་ཀྱིས་བལྟས་རྗེས་ཚོར་སྣང་ངོ་མ་བོ་རེད། འོན་ཀྱང་པར་དང་མཉམ་སྦྲགས་བྱས་ཡོད་ན་ཅུང་སྙན་རོ་དམིགས་བསལ་བ་ཞིག་ཡོད་རྒྱུ་རེད། པར་བཞགས་མི་འདུག་པས་ཅུང་བློ་ཕམ་བྱུང་་་།
རྒྱ་མཚོའི་གླིང་ནས་མན་ཇུ་ཀྲི་ལ་རུ།།
སེམས་ཀྱི་ཐིགས་པ་བྲིས་པའི་བརྩེ་འདང་གིས།།
རབ་རིབ་འདས་དོན་སྐྱ་བོའི་ཁུག་པ་ན།།
མི་རྐང་གསོན་འཇུབ་དྲན་ངོགས་འགུལ་དུ་བཅུག།
ཕྱིར་ལ་བལྟས་ན་རྐང་རྗེས་ནི།།
ཁྲག་གིས་སྤར་བའི་རི་མོ་ཞིག།
བལྟས་ན་མཐོང་དུ་མེད་པ་ནི།།
སེམས་ཀྱི་རྨ་ཁ་དང་པོ་ལགས།།
སྙན་ངག་འདི་ནི་སྐྱོ་བའི་མཆི་མས་བཀླགས།།
སྙན་ངག་འདི་ནི་དགའ་བའི་དགོད་སྒྲས་བཀླགས།།
སྙན་ངག་འདི་ནི་འདས་དོན་སྐྱ་བོས་བཀླགས།།
སྙན་ངག་འདི་ནི་འབྱུང་འགྱུར་རེ་བས་བཀླགས།།
རང་དབང་ཟེར་བའི་ཕ་རོལ་ན།།
སྒྲིག་དང་ཁྲིམས་ཀྱི་ཐ་སྙད་འཚུབ།།
བདེ་སྐྱིད་ཟེར་བའི་ཕ་རོལ་ན།།
ཁྲག་དང་མཆི་མའི་གཏམ་རྒྱུད་བརྐོས།།
གདུང་ཡུས་བསྣོལ་མར་བརྩེགས་པའི་རྡུལ།།
མཆི་མའི་ཟོལ་གྱིས་སེམས་ལ་བཞུར།།
སྐྱ་ཐིག་ལྷུང་བའི་སྐྲ་ལོ་རྩེ།།
ཐ་མག་དུད་པས་རེ་རེ་གཤེར།།
ཡིག་འབྲུ་རེ་རེར་བརྒྱུས་པའི་བརྩེ་འདང་ནི།།
ལོ་མང་བསྙལ་བའི་ནས་ཆང་ཁམ་པ་སྟེ།།
སེམས་ཀྱི་དབང་རྩ་ནག་པོ་རེ་རེ་ནི།།
ཉིན་དང་མཚན་ལ་དྭངས་མེད་བཟི་བར་ཤོག།
རལ་གྲི་ལོ་མའི་ཆར་ཐིགས་ཀྱིས།།
ལུས་སེམས་བཏགས་པའི་ལོ་ཟླ་ནི།།
ད་སྟེ་དྲན་ན་སྐྱོ་སྣང་ཞིག།
ཆང་ཕོར་ཁ་ནས་བརྗེད་དུ་ཆུག།
མཛེས་མའི་མངལ་སྒོ་འདྲ་བའི་མཚན་མོ་ལ།།
དུང་གི་ནུ་འབུར་འདྲ་བའི་ཆང་ཕོར་ནང་།།
བརྩེ་བའི་ཉིང་ཁུ་འདྲ་བའི་ནས་ཆང་ཞིག།
གཡག་རོག་ཞོལ་ཆེན་ཁྲོས་འདྲའི་ཧུབ་འཐུང་བྱ།།
ཐེ།
རྒྱ་མཚོའི་གླིང་ནས་མན་ཇུ་ཀྲི་ལ་རུ།།
སེམས་ཀྱི་ཐིགས་པ་བྲིས་པའི་བརྩེ་འདང་གིས།།
རབ་རིབ་འདས་དོན་སྐྱ་བོའི་ཁུག་པ་ན།།
མི་རྐང་གསོན་འཇུབ་དྲན་ངོགས་འགུལ་དུ་བཅུག།
སྤྲིན།
འདས་པའི་འཚོ་ལམ་ཆབ་རོམ་རྒྱས་ས་ནས།།
སེམས་ཀྱི་རླུང་བུ་འགྲོགས་པའི་བརྒྱུད་ཐག་དེ།།
རྒྱ་མཚོའི་མཐའ་དང་རྡ་ས་ནོར་གླིང་གི།
སྐྱིད་མོའི་ཚལ་ནས་མི་ཇི་ཀྲི་ལར་འཐེན།།
ཐེ།
ཕྱིར་ལ་བལྟས་ན་རྐང་རྗེས་ནི།།
ཁྲག་གིས་སྤར་བའི་རི་མོ་ཞིག།
བལྟས་ན་མཐོང་དུ་མེད་པ་ནི།།
སེམས་ཀྱི་རྨ་ཁ་དང་པོ་ལགས།།
སྤྲིན།
ཕྱི་འདང་སེམས་ཀྱི་ཀློང་ཡངས་སུ།།
དམར་པོ་རླབས་ཕྲེང་འཕྱོ་སྟངས་རེར།།
ན་དང་ཚ་ཡང་མེད་ན་འང་།།
སྐྱིད་པོ་མིན་པའི་འདང་ཞིག་འདུག།
ཐེ།
སྙན་ངག་འདི་ནི་སྐྱོ་བའི་མཆི་མས་བཀླགས།།
སྙན་ངག་འདི་ནི་དགའ་བའི་དགོད་སྒྲས་བཀླགས།།
སྙན་ངག་འདི་ནི་འདས་དོན་སྐྱ་བོས་བཀླགས།།
སྙན་ངག་འདི་ནི་འབྱུང་འགྱུར་རེ་བས་བཀླགས།།
སྤྲིན།
སྙན་ངག་འདི་ན་འདས་དོན་མཆི་མ་འཁྱིལ།།
སྙན་ངག་འདི་ན་ད་ལྟའི་དགོད་སྒྲ་གྲགས།།
སྙན་ངག་འདི་ན་མ་འོངས་བསམ་གཞིགས་འཁོར།།
སྙན་ངག་འདི་ནི་འུ་ཚོའི་ཚེ་སྲོག་ལགས།།
ཐེ།
རང་དབང་ཟེར་བའི་ཕ་རོལ་ན།།
སྒྲིག་དང་ཁྲིམས་ཀྱི་ཐ་སྙད་འཚུབ།།
བདེ་སྐྱིད་ཟེར་བའི་ཕ་རོལ་ན།།
ཁྲག་དང་མཆི་མའི་གཏམ་རྒྱུད་བརྐོས།།
སྤྲི།
རང་དབང་རི་ཡི་རྩེ་མོ་ན།།
ང་དང་ཁྱོད་ཉིད་ཁྲིམས་ཀྱིས་གཅུན།།
བདེ་སྐྱིད་འཚོ་བའི་རྟིང་རིམ་ནས།།
སྙན་ངག་བུ་མོ་སེམས་ཀྱིས་བཞེངས།།
ཐེ།
གདུང་ཡུས་བསྣོལ་མར་བརྩེགས་པའི་རྡུལ།།
མཆི་མའི་ཟོལ་གྱིས་སེམས་ལ་བཞུར།།
སྐྱ་ཐིག་ལྷུང་བའི་སྐྲ་ལོ་རྩེ།།
ཐ་མག་དུད་པས་རེ་རེ་གཤེར།།
སྤྲིན།
སྐྲ་ལོའི་ཚལ་གྱི་དཀར་ཐིག་གིས།།
ལོ་ཟླ་དུ་མའི་ལོ་རྒྱུས་གླེང་།།
ཐ་མག་དུ་བ་འཁྱིལ་འཁོར་ནང་།།
སེམས་ཀྱི་གདུང་དབྱངས་སྲོག་གིས་གྱེར།།
ཐེ།
ཡིག་འབྲུ་རེ་རེར་བརྒྱུས་པའི་བརྩེ་འདང་ནི།།
ལོ་མང་བསྙལ་བའི་ནས་ཆང་ཁམ་པ་སྟེ།།
སེམས་ཀྱི་དབང་རྩ་ནག་པོ་རེ་རེ་ནི།།
ཉིན་དང་མཚན་ལ་དྭངས་མེད་བཟི་བར་ཤོག།
སྤྲིན།
སྨོན་ཚིག་འདི་ཡིས་བྱིན་གྱིས་བརླབས་ཤིག་གིས།།
སེམས་ཀྱི་རྒྱལ་མོ་བཟི་བའི་བདེ་སྣང་དེ།།
གྲོགས་ཀྱི་བརྩེ་འདང་དཀར་བའི་ངང་ཚུལ་ཡིན།།
ནས་ཆང་ཁམས་པ་འཐུངས་ཀྱང་འདི་ལྟར་མིན།།
ཐེ།
རལ་གྲི་ལོ་མའི་ཆར་ཐིགས་ཀྱིས།།
ལུས་སེམས་བཏགས་པའི་ལོ་ཟླ་ནི།།
ད་སྟེ་དྲན་ན་སྐྱོ་སྣང་ཞིག།
ཆང་ཕོར་ཁ་ནས་བརྗེད་དུ་ཆུག།
སྤྲིན།
མི་སེམས་མནན་ཡང་སླང་ཡོང་གི།།
གདོན་སེམས་གཡུགས་ཀྱང་འཁོར་ཡོང་གི།།
འདྲེ་སེམས་འདུལ་ཡང་གསོན་ཡོང་གི།།
དེ་ལྟའི་སེམས་འདི་ཅི་ཞིག་ལགས།།
ཐེ།
མཛེས་མའི་མངལ་སྒོ་འདྲ་བའི་མཚན་མོ་ལ།།
དུང་གི་ནུ་འབུར་འདྲ་བའི་ཆང་ཕོར་ནང་།།
བརྩེ་བའི་ཉིང་ཁུ་འདྲ་བའི་ནས་ཆང་ཞིག།
གཡག་རོག་ཞོལ་ཆེན་ཁྲོས་འདྲའི་ཧུབ་འཐུང་བྱ།།
སྤྲིན།
མཛེས་མའི་མངལ་སྒོ་སྔོན་ནས་སྤྱོད་ཡོད་ན།།
འདས་དོན་སྡུག་བསྔལ་དེ་ཙམ་ཁུར་དགོས་མེད།།
སྡུག་གིས་མཆན་ཁ་དུག་གིས་གཟིར་ན་ཡང་།།
ངུ་སྐད་ཁ་ནས་ཤོར་ཡང་ཐབས་ཅི་ཞིག།