༄༅།། ཧུའུ་ཅིན་ཐའོ་མེད་ན་པོ་ཞི་ལའེ་མེད་པ་དང་། ཅང་ཝེ་ཕིན་གྱིས་ཧུའུ་ཅིན་ཐའོ་ཡི་དམག་ཨུད་ཀྲུའུ་ཞིའི་གོ་ས་སོར་གནས་བྱུང་ན་ཀྲུང་གོའི་བཅོས་སྒྱུར་ལ་དགེ་མཚན་ཡོད་པར་སྨྲ་བ་ཞོར་དུ་དགག་པ།
ཡུ་ཅེ་ཡིས་བརྩམས། ཚེ་རིང་རྡོ་རྗེ་ཡིས་བསྒྱུར།
ཧུའུ་ཝུན་གཉིས་ཀྱིས་སྲིད་དབང་བཟུང་ཚུན་ནས་དཔལ་འབྱོར་རྒྱུན་ཆགས་སུ་གོང་འཕེལ་སོང་ཡང་། ལྟ་གྲུབ་འདུ་ཤེས་ཀྱི་ཆ་ནས་ལམ་ཁ་ཟད་དེ་མཐའ་ལ་ཐུག འབངས་གཡོག་རིང་ལུགས་པ་དང་རིགས་ཞེན་རིང་ལུགས་ཁོ་ནར་བརྟེན་ནས་མཐའ་མཇུག་གི་དབང་སྒྱུར་ཁྲིམས་མཐུན་གྱི་ཆ་ཤས་བཟུང་ཡོད། ཧུའུ་ཝུན་གཉིས་ནི་མའོ་ཙེ་ཏུང་གི་དུས་སྐབས་སུ་འཚར་ལོངས་བྱུང་བའི་ལས་བྱེད་ཡིན་པ་དང་མའོ་ནི་ཁོ་ཚོའི་བསམ་བློའི་ལམ་སྟོན་པ་ཡིན། ཏིན་ཞོ་ཕིན་གྱི་ལག་ལེན་སྨྲ་བའི་མཚན་ཉིད་ཀྱིས་ཀྲུང་གུང༼ CPC ༽སྲིད་དབང་ལ་མུ་མཐུད་ནས་བསམ་བློའི་གསོན་ཤུགས་སྦྱིན་ཐབས་ཟད་པའི་ཚེ་ན། ཁོ་ཚོས་སླར་ཡང་མའོ་ཡི་རྣམ་ཤེས་ལ་སྐྱབས་འཇུག་ཞུ་བ་ལས་ཐབས་ཟད། དེར་བརྟེན། ཧུའུ་ཝུན་གཉིས་ཀྱིས་སྲིད་བཟུང་བའི་ལོ་བཅུའི་རིང་ལ། ཏུན་ཞོ་ཕིན་གྱི་དུས་སྐབས་དང་ཅང་ཙེ་མིན་གྱི་དུས་སྐབས་སུ་མའོ་ཙེ་ཏུང་ལ་རྒྱང་བཀྱེད་པའི་འགྲོ་ལུགས་དེ་མཐའ་གཅིག་ཏུ་བསྒྱུར་ནས། ཤུགས་གང་ཡོད་ཀྱིས་མའོ་ལ་བླ་འགུགས་བྱས་པས་མའོ་ཕྱོགས་ཁག་རིམ་གྱིས་སྙིགས་མའི་ཕུང་པོ་ལས་འཕྱུར་ནས་བྱུང་།
རྩོད་གླེང་ཐེངས་ཤིག་གི་ངོས་ནས་མའོ་ཕྱོགས་ཁག་ཁ་དར་བ་དེ་མཐོང་ཐུབ་སྟེ། དཔལ་འབྱོར་རིག་པ་བ་སྨོ་ཡུ་ཧྲི་ཞེས་པས་མའོ་ལྷ་ནས་ཕྱིར་མི་ལ་དབབ་པར་འབོད་སྐུལ་གྱི་རྩོམ་ཡིག་ཅིག་སྤེལ་བ་ལ། མ་བསམས་ས་ནས་མའོ་ཕྱོགས་ཁག་གི་ཁྲམ་པ་ཚོས་ཁ་རུབ་བྱས་པ་དང་*རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པར་* ཉེས་འགེལ་གྱིས་གཏུགས་བཤེར་བྱས། འཇར་མན་རྒྱལ་ཁབ་དུ་ཧི་ཐྲི་ལི༼Hitler༽་ལ་བསྟོད་བསྔགས་བྱེད་པ་ནག་ཉེས་སུ་བརྩི་བ་དང་། ཀྲུང་གོ་རྒྱལ་ཁབ་དུ་མའོ་ལ་སྐྱོན་བརྗོད་བྱེད་པ་གཟོད་ནས་ནག་ཉེས་ཡིན། རྒྱལ་ཁབ་འདི་གཉིས་ལ་དངོས་ནས་གནམ་དང་ས་ཡི་ཁྱད་པར་གདའ། ཀྲུང་གུང་གཞུང་གིས་ཉི་ཧོང་ཕྱོགས་ནས་ཀྲུང་གོ་བཙན་འཛུལ་དམག་འཁྲུག་གི་ནག་ཉེས་ངོས་ལེན་མི་འདོད་པ་དེ་ལ་ཁ་རྡུང་བཏང་བ་དང་། ཉི་ཧོང་གིས་དམག་འཁྲུག་རྗེས་ཀྱི་འཇར་མན་ལ་སློབ་སྦྱོང་བྱ་དགོས་པའི་རེ་འདུན་བཏོན། མ་བསམས་ས་ནས་འཇར་མན་ལ་སློབ་སྦྱོང་བྱ་རྒྱུར་ཆེས་འོས་སུ་བབས་པ་ནི་ཏག་ཏག་ཀྲུང་གུང་རང་ཉིད་ཡིན།
ཁྲུང་ཆིན་ནས་*གླུ་དམར་ལེན་ཞིང་ཉེས་ཅན་བརྡུངས་པ་*དང་*རིག་གསར་ཆུང་བ*་བསླངས་པའི་པོ་ཞི་ལའེ་ཐེངས་འདིར་ཕམ་ལྷུང་བྱུང་བ་དང། དེར་རྒྱལ་ཁབ་ཕྱི་ནང་གི་མི་མི་ཉུང་བ་དགའ་ནས་མཆོང་ལྡིང་བྱས། གླེང་ཕྱོགས་ལ་ཤས་ཀྱི་བསམ་ཚུལ་དུ། ཉེ་བའི་ལོ་ཤས་རིང་འུར་སྒྲ་དང་རྡུལ་འཚུབ་ཤིན་ཏུ་ཆེ་བའི་མའོ་གཡོན་ཕྱོགས་པར་སྲོག་ཆད་པའི་རྒོལ་རྡུང་ཐེབས་པ་དང་དེའི་དུ་སྤྲིན་ཡལ་སོང་། ཧུའུ་ཝུན་གཉིས་ཀྱིས་ད་གཟོད་ཆེས་མཐའ་མཇུག་གི་སྲིད་སྐྱོང་དུས་ཡུན་ལོ་གཅིག་ལྷག་པ་དེ་དམ་འཛིན་གྱིས་རྐང་ལག་ལྷོད་པར་རྐྱང་ནས་ཆབ་སྲིད་ལེགས་བཅོས་བྱེད་ཆོག་ཟེར། བྱིས་བློའི་སྟོང་བསམ་འདི་ལྟ་བུ་འཁོར་བ་ནི་ཐོག་དང་པོ་མིན་ལ་ཆེས་མཐའ་མ་དེའང་མིན།
པོ་ཞི་ལའེ་མི་མང་གི་མཐོང་ལམ་ནས་ཡལ་བའི་བདུན་ཕྲག་འགའི་རྗེས་སུ། ཁྲུང་ཆིན་གྱི་*དམར་གླུ་ལེན་པའི་*ལས་འགུལ་མཚམས་ཆད་སོང་བ་མིན་པར་རྣམ་པ་ལ་འགྱུར་ལྡོག་རེ་བྱུང་བ་དང་དྲོད་ཚད་ཅུང་ཟད་མར་བབས་པ་ཙམ་ཡིན། ཕྱོགས་གཞན་ནས་ཀྲུང་གུང་གིས་གུང་ཁྲན་ཏང་གི་གཙོ་འཛིན་དང་ཀྲུང་དབྱང་གི་ལྟོས་མེད་དབང་ཤུགས་ནན་བརྗོད་བྱེད་པའི་ངང་ཚུལ་ནི་*དྲུག་བཞིའི་དྲག་གནོན*་རྗེས་ཀྱི་ཆེས་མཐོ་བའི་ཚད་ལ་སླེབས། ཏང་སྲིད་དམག་དང་སྤྱི་ཚོགས་ཀྱི་ཚོགས་སྡེ་སོ་སོས་སུ་སྔ་གང་མགྱོགས་ཀྱིས་ཀྲུང་དབྱང་གི་*ཡང་དག་པའི་བྱེད་ཕྱོགས*་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་པ་དང་། *རིག་གསར*་གྱི་ཟློས་གར་འཁྲུག་པོ་དེ་སླར་ཡང་འཁྲབ་སྟོན་བྱས། ཀྲུང་གུང་གཞུང་གིས་དྲ་རྒྱ་བཀག་སྡོམ་དང་། མི་འཛིན་བཟུང་། *གཏམ་འཆལ*་འགོག་པ་སོགས་ཀྱི་ནུས་ཤུགས་བརྒྱ་འགྱུར་སྟོང་འགྱུར་གྱིས་ཇེ་ཆེར་བཏང་། *འཆལ་གཏམ་བཟོ་མཁན་དྲུག་པོ*་ཞེས་པ་ཞིག་སྐབས་གསར་བའི་གླུད་རྫས་སུ་གྱུར་བ་དང་། དམངས་དབང་དོན་གཉེར་བ་དག་གི་གནས་སྟངས་ནི་ཁ་བའི་རྗེས་ལ་བ་མོ་ཆགས་པའི་ཚུལ་དུ་ལྷུང་། ཀྲུང་གུང་གིས་གཡོན་ཕྱོགས་པའི་བྱེད་ཐབས་ཀྱིས་གཡན་ཕྱོགས་པའི་ནག་ཉེས་བཟོ་བ་ལས་དམངས་གཙོར་འགྲོ་མི་སྲིད།
ལོང་བས་ཀྱང་མཐོང་བ་ནི། ཧུའུ་ཅིན་ཐོ་ཡིས་པོ་ཞི་ལའེ་ཕམ་ཉེས་སུ་བཏང་དོན་ནི་པོ་ཞི་ལའེ་ཡིས་མའོ་ཡིེ་དར་ཆ་མཐོ་རུ་བསྒྲེངས་བའི་རྐྱེན་མ་ཡིན་པར། པོ་ཞི་ལའེ་ཡིས་ཀྲུང་དབྱང་གི་དབང་ཤུགས་ལ་འགྲན་བསླངས་པས་ཡིན། དེར་བརྟེན་པོ་ཞི་ལའེ་ཁྲི་ཁ་ནས་ལྷུང་བ་དེས་མའོ་གཡོན་ཕྱོགས་པར་ཕམ་ཉེས་བྱུང་བ་མཚོན་མི་ཐུབ། ཧུའུ་ཅིན་ཐོ་དང་པོ་ཞི་ལའེ་གཉིས་ཆ་མའོ་ཙེ་ཏུང་ཆུང་བ་ཡིན་ཞིང་གཉིས་ཀས་མའོ་ཡི་ལྷ་དབང་གི་གོ་ས་སྤྱོད་པ་ཡིན། *གཡོན་ཕྱོགས་པའི་རྒྱལ་པོ*་ནི་ཁྲུང་ཆིན་དུ་ཡོད་པ་མ་ཟད། དེ་བས་ཀྱང་ཀྲུང་ནན་ཧེ་རུ་ཡོད། གསལ་བོར་བཤད་ན། ཧུའུ་ཅིན་ཐོ་མེད་ན་པོ་ཞི་ལའེ་མེད།
*པོ་དགག་*ན་*ཧུའུ་འགེབས*་དོན་མེད།
པོ་ཞི་ལེ་ཕམ་ཉེས་བྱུང་རྗེས་སུ། སྔར་པོ་ཡི་རུལ་སུངས་ལ་མཚང་འདོན་བྱས་པ་ལས་བཙོན་དུ་ཚུད་པ་དང་ཕྱིས་སུ་ཁེ་ན་ཌར་སྐྱབས་བཅོལ་དུ་སྡོད་པའི་ཧོང་ཀོང་ཝེན་ཧའི་ཚགས་པར་གྱི་གསར་འགོད་པ་ཟུར་བ་ཅང་ཝེ་ཕིན་གྱིས་*ཆུར་ལྷུང་བའི་ཁྱི་ལ་བརྡུང་པ*་ལྟ་བུའི་རྩོམ་ཡིག་མི་ཉུང་བ་སྤེལ་འདུག ལོ་མང་རིང་ཅང་ཝེ་ཕིན་གྱིས་མདུང་རྩེ་གཅིག་སྒྲིལ་གྱིས་པོ་ལ་ངོ་རྒོལ་བྱས་པ་དང་། པོ་ཕམ་ཉེས་བྱུང་བ་ལ་ཁོའི་ལག་རྗེས་ཀྱང་མེད་ཐབས་མེད། དེ་ལྟ་མོད་ཀྱང་། ཅང་གི་རྩོམ་ཡིག་དེ་དག་ལས་གཅིག་ལ་ངས་གཏན་ནས་མོས་མཐུན་བྱ་ཐབས་མ་མཆིས།
ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནས་སྤེལ་བའི་རྩོམ་ཡིག་ཅིག་སྟེ། ཧུའུ་ཅིན་ཐའོ་ཡིས་དམག་ཨུད་ཀྲུའུ་ཞིའི་གོ་ས་སོར་གནས་བྱུང་ན་ཀྲུང་གོའི་བཅོས་སྒྱུར་ལ་དགེ་མཚན་ཡོད། ཅེས་པ་དེར་ཅང་གི་བསམ་པ་ལ། ཧུའུ་ཝུན་གཉིས་ཀྱིས་པོ་ཞི་ལའེ་གནས་དབྱུང་བཏང་པ་དེས་ཏང་ནང་ཁུལ་གྱི་དམངས་གཙོའི་སྟོབས་ཤུགས་དེ་མཁྲེགས་འཛིན་སྟོབས་ཤུགས་ལས་རྒྱལ་བ་མཚོན་པ་དང་། པོ་གནས་དབྱུང་དང་ཞིབ་དཔྱོད་བྱས་རྗེས་ཀྱི་ལས་དོན་རབ་དང་རིམ་པ་དག་ལས་ཏང་ནང་ཁུལ་གྱི་ལེགས་བཅོས་ཕྱོགས་ཁག་གི་མཐུན་སྒྲིལ་དང་རྒྱལ་ཁ་མངོན་པར་གསལ་བ་དང་། སྲིད་བབ་བརྟན་བརླིང་ཡང་སྟོན་པ་ཡིན། ཀྲུང་གོ་གྲུ་གཟིངས་ཆེན་པོ་ཞིག་དང་འདྲ་སྟེ། ལྡོག་སྐྱོད་བྱ་འདོད་སྟོན་པའི་པོ་ཞི་ལེ་དོར་བ་དང་འགྲུལ་ལམ་ཡོ་བསྲང་བགྱིས་ནས་བདེ་བླག་གིས་མདུན་དུ་སྐྱོད་བཞིན་འདུག ཅེས་བརྗོད་སོང་། འདི་འདྲའི་སྤྲོ་སྣང་གི་སེམས་ཚོར་གྱི་ངང་ནས་ཅང་ཝེ་ཕིན་གྱིས་ཀྱང་ས་གནས་སོ་སོའི་དམག་དཔོན་དང་ཕྱོགས་སོ་སོའི་དཔོན་པོ་ཚོས་ཧུའུ་ཅིན་ཐའོ་ལ་བློ་དཀར་དམ་འབུལ་བྱེད་ཚུལ་དེར་ལད་ཟློས་བྱས། རང་ཉིད་ཕྱི་རྒྱལ་དུ་གནས་ཤིང་ལུས་ལ་རས་གོས་གྱོན་པར་བརྟེན། ཐ་ན་ཁོས་ཧུའུ་ཅིན་ཐའོ་ཡི་དམག་ཨུད་གོ་གནས་ལོ་གཉིས་ལ་སོར་གནས་དགོས་པའི་གཏམ་ལྗིད་པོ་ཡོངས་གྲགས་ཀྱིས་བཤད་པ་ནི། གལ་སྲིད་ཧུའུ་ཅིན་ཐའོ་ཡིས་པོ་ཞི་ལེ་ཡི་གནད་དོན་ཐག་བཅད་པའི་རྗེས་སུ། ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་དུ་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅིའི་གོ་གནས་ལས་བབས་ཏེ་དམག་ཨུད་ཀྲུའུ་ཞིའི་གོ་གནས་ཉུང་མཐར་ལོ་གཉིས་ལ་སོར་གནས་ཐུབ་ཚེ། ཞི་ཅིན་ཕིན་དང་ལིས་ཁི་ཆང་གིས་ཤུལ་འཛིན་པ་ལ་ཕན་ཐོགས་ངེས་དང་། ཏང་ནང་ཁུལ་གྱི་ཅུང་བློ་རྒྱ་ཡངས་པའི་སྒྱུར་བཅོས་ཕྱོགས་ཁག་གི་ནུས་སྟོབས་འཕེལ་བར་ཕན་པ་ཡིན། དེ་ནས་རིམ་གྱིས་གཡོན་ལྷུང་གི་*རིག་གསར་ཐེངས་གཉིས་པའི*་བསམ་བློའི་རླབས་རྒྱུན་གྱི་བར་གཅོད་ལ་རྒོལ་རྡུང་བཏང་སྟེ། སྔར་མེད་གཞི་ཁྱོན་ཆེ་བའི་ཆབ་སྲིད་ལམ་ལུགས་བཅོས་སྒྱུར་ཞིག་གི་ལམ་འབྱེད་སྲིད་པ་དང་། *དྲུག་བཞིའི་དོན་རྐྱེན*་ལ་དཀར་འདོན་འབྱུང་བ་ཡིན། ཞེས་བརྗོད་འདུག དེ་འདྲའི་སྤྲེལ་ལད་ངོ་དགའ་བྱས་ན། ཧུའུ་ཡིས་ཅང་ཝེ་ཕིན་ཀྲུང་ནན་ཧེ་རུ་གདན་དྲངས་ནས་*ཧྲང་ཧྲུའུ་ཧྥང་ཞིན་ཙུག*༼ མཆན། སྔར་གོང་མའི་སྲས་ཀྱི་དགེ་རྒན་ཚོའི་ལག་རོགས༽གི་ལས་གནས་སྟེར་སྲིད་དམ།
ཅང་ཝེ་ཕིན་གྱིས་ལུང་རིགས་ཁུངས་བཙུན་མ་བསྟེན་པར་བབ་ཅོལ་དུ་སྡོམ་ཚིག་འདི་ལྟར་བཀོད་ཡོད་དེ། གཡོན་ལྷུང་སྟོབས་ཤུགས་འགོག་པར་ཐོབ་ཟིན་པའི་རྒྱལ་ཁའི་འབྲས་བུ་དེ་རྒྱུན་འཁྱོངས་ཕྱིར་དང་། ལེགས་བཅོས་ཕྱོགས་ཁག་གི་ཞི་ཅིན་ཕིན་དང་ལིས་ཁི་ཆང་གཉིས་ལ་སྲུང་སྐྱེལ་བྱས་ཏེ་བདེ་བླག་གིས་ཤུལ་འཛིན་ཕྱིར་དང་། ཏིན་ཞོ་ཕིན་གྱི་ལོ་སུམ་ཅུའི་བཅོས་སྒྱུར་སྒོ་འབྱེད་ཀྱི་འབྲས་བུར་འགན་སྲུང་གི་ཕྱིར་དུ། ཧུའུ་ཅིན་ཐའོ་ཡིས་དམག་ཨུད་ཀྲུའུ་ཞིའི་གོ་གནས་ལོ་གཉིས་ལ་སོར་གནས་ཡོང་བ་ལ་ང་རང་འཐད་པ་ཡིན། ཅང་ཙེ་མིན་ཤི་སོང་ན། ལིས་ཁི་ཆང་གིས་ཁྲིམས་ལུགས་དམ་འཛིན་དང་། ཝང་ཡང་གིས་དམངས་གཙོ་དམ་འཛིན། ཞི་ཅིན་ཕིན་གྱིས་ཏང་གི་ལས་དོན་དམ་འཛིན་བཅས་ཀྱི་ཐད་ནས་ཧུའུ་ཡིས་དཔུང་རོགས་བྱ་ཆོག་པ་དང་། རིམ་གྱིས་ཀྲུང་གོས་སྐུ་ཞབས་ཅང་ཅིན་གོ་ལ་མ་དཔེར་ལྟ་རུ་འཇུག་པ་དང་། ཐའེ་ཝན་མིག་དཔེར་བཟུང་བ། གོ་མིན་ཏང་ལ་སོགས་འགྲན་ཡར་བཟུང་ནས་ཁྲིམས་སྲིད་དམངས་གཙོ་ལག་བསྟར། སྲིད་དབང་དམངས་ལ་ཕྱིར་སྤྲོད། ཏང་སྲིད་རེས་མོས། གསར་འགྱུར་རང་དབང་ལག་ལེན་སོགས་བསྒྲུབ་པ་ཡིན། དེ་དུས་ཀྲུང་གོར་དུས་སྐབས་གསར་བ་ཞིག་འཆར་བར་འགྱུར་བ་ཡིན། ཞེས་ཟེར་རོ།། ཅང་ཝེ་ཕིན་གྱི་སེམས་སུ་ཧུའུ་ཅིན་ཐའོ་ནི་དངོས་གནས་ཧུའུ་ཡོ་པང་དང་ཀྲོ་ཙི་དབྱང་གཉིས་ཀྱིས་ཀྱང་སྒྲུན་ཐབས་མེད་པའི་ཆབ་སྲིད་ལམ་ལུགས་ལེགས་བཅོས་ཀྱི་*མངའ་བདག*་ཏུ་གྱུར་བ་དང་། ཧུའུ་ནི་འདས་པའི་སུའུ་ལེན་གྱི་ཀོར་པ་ཆེ་ཧྥུ་དང་བསྡུར་ཚེ་ཁོ་ལས་ལྷག་མིན་ན་དམན་པ་མིན་པར་འདོད་ཡོད། འོན་ཀྱང་ཧུའུ་ཅིན་ཐའོ་ཡིས་མགོ་འཕང་མཐོ་བའི་ཞྭ་མོ་འདི་གྱོན་རུང་ངམ།
ཅང་ཝེ་ཕིན་གྱི་བཟོ་བཀོད་དཔེ་རིས་འདི་ཁ་དོག་རྣམ་པར་བཀྲ་ཞིང་མཛེས་ཉམས་དོད་པོ་ཡིན་ཡང་། དེ་ཅི་ཙམ་མཛེས་ཀྱང་སྨུག་རྒྱུའི་གྲོང་འབའ་ཞིག་ཡིན་པ་དང་། ཀྲུང་གོའི་དངོས་ཡོད་གནས་བབ་གྲང་ཤུར་རེ་བ་དང་རྩ་ནས་ཁ་གྱེས་འདུག པོ་ཕམ་ཉེས་བྱུང་མོད་ཀྱང་། ཧུའུ་ཝུན་གཉིས་ཀྱིས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་རྣམས་ཀྱི་མགོ་གནོན་པར་སྔར་བཞིན་སྙིང་རྗེ་སྤུ་ཙམ་མི་བྱེད། གདུག་རྩུབ་མནར་གཅོད་ཀྱིས་སྐྱོན་ཅན་དུ་གྱུར་བའི་དམངས་དབང་ཁྲིམས་རྩོད་པ་ཉི་ཡུས་ལན་ལ་ཁྲིམས་ཐག་བཅད་ནས་བཙོན་དུ་ཚུད་དེ་ཚེ་སྲོག་གི་རྒྱུ་བ་ཆད་ལ་ཉེ་དུས། ཨ་རིའི་གཞུང་ཚབ་པ་ལོ་ཅ་ཧེ་ཡིས་ཀློད་གྲོལ་འབོད་སྐུལ་བྱས་ཀྱང་སྟག་ལ་སྟག་ལྤགས་སློང་བའི་དཔེ་རུ་སོང་བ་དང་། ཀྲུང་གོའི་ཕྱི་འབྲེལ་མགྲིན་ཚབ་པ་ལིག་ཝེ་མེན་གྱིས་དེ་མ་ཐག་རྒོལ་ལན་སྤྲད་དེ་ལོ་ཅ་ཧེ་ཡི་སྐད་ཆ་ཚུལ་དང་མི་མཐུན་པར་བསྙད། ལིག་ཞ༼མཆན། ལིག་ཞོ་པོ་ཡི་བཟའ་ཟླ༽ དང་། ཁྲིན་ཀོང་ཁྲིན། མཱ་ཀྲིན་ཧུའུ་ལ་སོགས་ནི་ཀྲུང་གོའི་འབངས་མི་རང་དབང་ལྡན་པ་ཡིན་དགོས་ནའང་། ཉེན་རྟོག་པས་ཁྲིམས་འགལ་གྱིས་ཁོ་ཚོ་རང་ཁྱིམ་དུ་བཟང་བཙོན་ལ་བཙུད་པ་དང་། ཁྲིམས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་བའི་རྩུབ་སྤྱོད་དེ་ལྟ་བུ་འཛམ་གླིང་ཡོངས་ཀྱི་མིག་མདུན་ནས་འཁྲབ་སྟོན་བྱེད་པར་ཧུའུ་ཝུན་གཉིས་གཏན་ནས་ངོ་མི་གནོང་། ཆབ་སྲིད་ལེགས་བཅོས་ནི་སྐྲ་ཉག་མ་གཅིག་འཐེན་ན་ལུས་ཡོངས་འགུལ་བ་ལྟ་བུ་དང་ཉིན་གཅིག་དང་རྒྱལ་རབས་གཅིག་ལ་འགྲུབ་མི་སྲིད་ཟེར་མོད། འོན་ཀྱང་ལིག་ཞ་དང་། ཁྲིན་ཀོང་ཁྲིན། མཱ་ཀྲིན་ཧུའུ་གསུམ་གྱི་རང་དབང་སླར་གསོ་བྱས་པས་གུང་ཁྲན་ཏང་གི་སྲིད་དབང་གི་རྨང་རྡོ་ལ་གཡོ་འགུལ་ཐེབས་མི་སྲིད། ཅིའི་ཕྱིར་ཧུའུ་ཅིན་ཐའོ་ཡིས་སྡུག་སྤྱོད་འབའ་ཞིག་བྱེད་དགོས་སམ།
གོང་གི་འགྲོ་བའི་ཐོབ་ཐང་གི་གོད་ཆགས་ཕལ་མོ་ཆེ་བཟོ་མཁན་ནི་པོ་ཞི་ལེ་མ་ཡིན། དེ་ཧུའུ་ཅིན་ཐའོ་ཡིན། ད་ལྟའི་ཀྲུང་གོའི་སྲིད་དབང་སྒེར་གཅོད་ལམ་ལུགས་ཀྱི་སྤྱི་དཔོན་ཡང་པོ་ཞི་ལེ་མིན། དེ་ཧུའུ་ཅིན་ཐའོ་ཡིན། པོ་ཡིས་ཧམ་ཆེན་ཁེངས་དྲེགས་ངང་ནས་རང་ཉིད་རང་གིས་འཕུང་བར་བྱས། ཧུའུ་ཡིས་ཏན་ཏན་ཏིག་ཏིག་ངང་ནས་གདུག་རྩུབ་ཅན་གྱི་རྒྱལ་པོ་ཐོབ། པོ་ནི་ཕྱོགས་གཅིག་ལ་གནོད་པའི་དཔོན་ཆུང་ཞིག་ཡིན་པ་དང་། ཧུའུ་ནི་ད་གཟོད་ཀྲུང་གོ་སྤྱི་ལ་གནོད་པའི་གཏེ་བོ་ཡིན།
*པོ་ལ་རྒོལ*་ཡང་*ཧུའུ་སྐྱོར*་བས། ཅང་ཝེ་ཕིན་སྒེར་གཅོད་དགག་པའི་ཤེས་ཡོན་པ་སྒེར་ཚུགས་ཅན་ཞིག་ནས་རང་དབང་མེད་པར་སྒེར་གཅོད་འུར་སྒྲོག་བྱེད་པའི་ཁོལ་གཡོག་སློབ་སྟོན་པ་ཞིག་གི་གནས་སུ་ལྷུང་། ཕལ་ཆེར་ཅང་དང་པོ་བར་གྱི་སྒེར་བའི་ཞེ་འགྲས་ཟབ་དྲགས་པས་ཁོས་*པོ་ལ་སྐྱོན་བརྗོད་བྱེད་པ*་དེ་གུང་ཁྲན་ཏང་ལ་སྐྱོན་བརྗོད་བྱེད་པའི་གོང་རོལ་དུ་འཇོག་དགོས་བྱུང་བ་དང་། དེ་ནས་མི་བཤད་དགུ་བཤད་བྱས། ཐ་ན་དྲན་ཤེས་མེད་པར་སྒེར་གཅོད་ཀྱི་སྡིག་གྲོགས་སུ་གྱུར། དེའི་སྟེང་ནས་ཀྲུང་གོའི་ཤེས་ཡོན་པ་ལ་བསམ་བློའི་སྒེར་ཚུགས་འཐོབ་དགོས་ན་ད་དུང་ལམ་ཐག་རིང་བོ་ཞིག་འགྲོ་དགོས་པ་ཤེས་ཐུབ།
ཧུའུ་ཅིན་ཐའོ་ནི་*མའོ་ཡི་བུ་རྒྱུད*་ཡིན།
ཧུའུ་ཅིན་ཐའོ་ནི་མའོ་ཡི་བུ་རྒྱུད་རྣལ་མ་ཞིག་ཡིན་པ་དེ་ཁོ་ཁྲི་ལ་བསྡད་རྗེས་ཀྱི་འགན་ཡུན་ཐེངས་གཉིས་ནང་གི་བྱ་བྱེད་མཐའ་དག་གིས་ར་སྤྲོད་གསལ་བོ་བྱས་ཡོད། དེ་ཡང་། ཧུའུ་ཅིན་ཐའོ་ཁྲི་ཐོག་ཏུ་སླེབས་པ་དང་བྱ་དོན་གལ་ཆེན་ཨང་དང་པོ་ནི། མའོ་པེ་ཅིང་ལ་མ་འབྱོར་སྔོན་དུ་*འཚོ་བ་བསྐྱལ་བ་དང་འཐབ་འཛིང་བྱས་མྱོང་བའི་ས་ཆ*་ཞི་པོ་ཕིས་ལ་གནས་མཇལ་དུ་འགྲོ་བ་དེ་ཡིན། ལོ་དེར་ང་ནི་པེ་ཅིང་སློབ་ཆེན་གྱི་དམག་སྦྱོང་སློབ་མ་ཡིན་པ་དང་*རི་སྒར་སྦྱོང་བརྡར*་གྱི་དུས་སུ་ཞི་པོ་ཕིས་ལ་སོང་བ་ཡིན། འོན་ཀྱང་ཞི་པོ་ཕིས་ནས་གང་མཐོང་བ་དེས་རང་ཉིད་ཀྲུང་གོའི་རྒྱལ་ཁབ་སྐྱོང་བའི་ནུས་པ་ལ་སྔར་བས་དོགས་པ་ཟ་རུ་བཅུག ཀྲུང་གོའི་སྲིད་ཚུགས་ནས་དུས་རབས་ཕྱེད་འདས་ཀྱང་ཞི་པོ་ཕིས་ནི་སྔར་བཞིན་གྱི་དབུལ་ཕོངས་བྱང་ཐང་སྐྱ་མོར་འདུག་པ་དང་། ཞི་པོ་ཕིས་ལ་ལྟ་སྐོར་བྱེད་པ་དེ་ཟུར་ཟའི་དོན་ཞིག་ཏུ་གྱུར་སོང་། དེ་ལྟ་མོད་ཀྱང་ཞི་པོ་ཕིས་ཀྱི་ས་ཆ་རུ་ཧུའུ་ཅིན་ཐའོ་ལ་བྱུང་བའི་མྱོང་ཚོར་ནི་ང་ཡི་དེ་དང་གཏན་ནས་མི་འདྲ། ཧུའུ་ཡོ་པང་དང་ཀྲའོ་ཙི་དབྱང་། ཅང་ཙེ་མེན་སོགས་འདུ་བའི་དེ་སྔའི་ཀྲུང་གུང་སྤྱི་ཁྱབ་ཧྲུའུ་ཅི་རིམ་བྱོན་ཚང་མ་ཡང་ཞི་པོ་ཕིས་དང་ཡན་ཨན་ལྟ་བུའི་*གསར་བརྗེའི་གནས་མཆོག*་ལ་ལྟ་ཞིབ་ཏུ་སླེབས་མྱོང་། འོན་ཀྱང་ཁོ་ཚོས་ནི་རྔ་ལ་དཔག་པའི་འཆམ་འཁྲབ་པ་ཙམ་ཡིན་པ་དང་། སུས་ཀྱང་ཧུའུ་ཅིན་ཐའོ་ལྟར་དུ་གུས་ཤིང་བརྣངས་ནས་དྲིན་ཚོར་བའི་མིག་ཆུ་འཐོར་ཏེ་*མའོ*་སྤྱི་གཙུག་ཏུ་བཀུར་བ་མ་བྱུང་།
ཀྲུང་གུང་ཚོགས་ཆེན་བཅུ་དྲུག་པའི་སྟེང་ནས་དཔོན་ཞྭ་གྱོན་མ་ཐག་ཏུ་ཧུའུ་ཅིན་ཐའོ་སྒུག་ཚོད་མེད་པར་ཞིི་པོ་ཕིས་ལ་མྱུར་བར་བསྐྱོད་པ་དང་། ཁོས་མའོ་ཙེ་ཏུང་གི་རྣམ་ཤེས་ཀྱིས་རང་ལ་*རབ་གནས*་བྱར་འཇུག་འདོད་པ་ཡིན། ཧུའུ་ཅིན་ཐའོ་ཡིས་ཞི་པོ་ཕིས་ལ་ཚིག་སྐམ་གྱོང་ཞིང་རེངས་པ་དོན་གསར་ཅི་ཡང་མེད་པའི་གཏམ་བཤད་ཅིག་བྱས་པ་ནི། ཐེངས་འདིར་ང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་བློ་མཐུན་འགའ་དང་ལྷན་དུ་ཞི་པོ་ཕིས་ལ་འོང་བ་ཡིན། དམིགས་ཡུལ་གཙོ་བོ་ནི་རང་རེ་ཏང་གིས་མི་དམངས་ཀྱི་སྣེ་འཁྲིད་དེ་རླབས་ཆེ་བའི་གསར་བརྗེ་འཐབ་རྩོད་བྱས་པའི་ལོ་རྒྱུས་ལ་ཕྱིར་ལྟ་དང་། བློ་མཐུན་མའོ་ཙེ་ཏུང་གིས་སྐབས་བདུན་པའི་ཏང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་དུ་གནང་བའི་གལ་ཆེན་གསུང་བཤད་ལ་བསྐྱར་མྱོང་། བློ་མཐུན་མའོ་ཙེ་ཏུང་གིས་ལོ་དེར་བཏོན་པའི་*དགོས་ངེས་དོན་ཚན་གཉིས*་ཡིད་ལ་དམ་པོ་བཅངས་ནས་ཐོག་མར་ང་རང་ཉིད་ནས་རྩོམ་པ་དང་། དེར་མ་ཟད་ཏང་ཡོངས་ཀྱི་བློ་མཐུན་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་ལ་སྐུལ་སློང་བྱས་ཏེ་དཀའ་སྤྱད་འབད་རྩོལ་གྱི་སྤྱོད་ལམ་ཤུགས་ཆེར་སྤེལ་བ་དང་། ཏང་གི་ཚོགས་ཆེན་བཅུ་དྲུག་པར་གཏན་ལ་ཕབ་པའི་དམིགས་འབེན་དང་འོས་འགན་མངོན་དུ་འགྱུར་བའི་ཆེད་དུ་རྒྱ་སྐྱེད་མདུན་སྐྱོད་དང་མཐུན་སྒྲིལ་དཀའ་སྤྱད་བྱ་རྒྱུ་དེ་ཡིན། ཞེས་བརྗོད་འདུག རུལ་སུངས་ས་ཁྱབ་རྡོ་ཁྱབ་ཀྱི་སྐབས་འདི་ལ། སྔོན་ཆད་མའོ་ཡིས་སྤེལ་བའི་*དཀའ་སྤྱད་འབད་རྩོལ*་ཟེར་བ་ལ་བརྟེན་ནས་*ཏང་ལ་དག་ཐེར*་བྱ་བསམ་ན། ནམ་མཁའི་སྐར་མར་ལག་སྙབས་ཀྱི་དཔེ་ཡིན། མའོ་རང་ཉིད་ནི་རུལ་བ་ཐ་ཆད་ཀྱི་དཔེ་མཚོན་ཞིག་ཡིན། དུས་དེར་མའོ་ཡི་སྒེར་སྐྱོད་མེ་འཁོར་ལམ་དུ་ཞུགས་ན་ལྕགས་ལམ་དེའི་རྒྱུད་ཀྱི་མེ་འཁོར་ཡོད་ཚད་འགྲུལ་མཚམས་འཇོག་དགོས། མའོ་ཡི་ཕྱོགས་སྐྱོད་གནས་ཁང་གི་རྒྱས་སྤྲོས་ནི་གོང་མ་རིམ་བྱོན་ལས་བརྒལ་བ་དང་། དེང་སྐབས་ཟུར་རྟེན་ཆུང་མ་བརྒྱ་ཡོད་པ་མཚང་རྡོལ་བའི་པོ་ཞི་ལའེ་ཡིས་ཀྱང་མའོ་ཡིས་རྩེད་འཇོ་བྱས་པའི་བུ་མོ་གྲངས་མང་བ་དེ་ལ་རྟ་རྗེས་ཀྱི་རྡུལ་ཡང་མི་ཟིན་པའི་ཚུལ་ཡིན།
དེ་ནས། ལོ་གཉིས་ཀྱི་རྗེས་སུ་ཧུའུ་ཡིས་དམག་ཨུད་ཀྲུའུ་ཞིའི་འགན་བླངས་པ་དང་མཇུག་མཐར་ཕྱོགས་ཀུན་ནས་ཏང་སྲིད་དམག་གསུམ་གྱི་དབང་ཆ་ཆེན་པོ་ལག་ཏུ་ཐོབ། ཧུའུ་ནི་*དབང་གསུམ་གཅིག་འདུས*་ཀྱི་སྒེར་གཅོད་པར་གྱུར་པ་དང་། སྐབས་བཅུ་དྲུག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་དུ་ཁོའི་སྲིད་དོན་ལག་བསྟར་རྩ་འཛིན་གྱི་མཇུག་བསྡུའི་གཏམ་བཤད་བྱས། སྐབས་ཐོག་དེར་ཚོགས་འདུར་ཞུགས་པའི་ཀྲུང་དབྱང་ཨུད་ཡོན་ཚོ་དང་ཀྲུང་དབྱང་ཨུད་ཡོན་འདེམ་སྒུག་པ་རྣམས་འདར་ཡོམ་མེར་བཏང་། མི་མང་པོས་བཤད་རྒྱུར། ཉན་པ་རྣ་ཡིས་དངོས་སུ་ཐོས་པ་མིན་ཚེ། དུས་རབ་ཉེར་གཅིག་པར་ད་དུང་དེ་འདྲའི་བླུན་རྨོངས་ཧམ་སྤྱོད་ཀྱི་གཏམ་མི་སྐད་མ་ཡིན་པ་ཐོས་རྒྱུ་ཡོད་པར་གཏན་ནས་ཡིད་ཆེས་མི་སྲིད་ཟེར། དེ་ཡང་ཧུའུ་ཅིན་ཐའོ་ཡིས། དུས་ཡུན་གང་མཚམས་ཞིག་ནས་ཕྱི་རྒྱལ་གྱི་དགྲ་འཛིན་སྟོབས་ཤུགས་དང་གསར་འགྱུར་བརྒྱུད་ལམ་གྱིས་རང་རྒྱལ་གྱི་མགོ་ཁྲིེད་དང་ཆབ་སྲིད་ལམ་ལུགས་ལ་ཕས་རྒོལ་ཚོད་མེད་བྱེད་པ་དང་། ཡིན་ནའང་རང་རྒྱལ་གྱི་གསར་འགྱུར་བརྒྱུད་ལམ་གྱིས་ཆབ་སྲིད་ལམ་ལུགས་ལེགས་བཅོས་ལ་ཁ་གཡར་ནས་ནུབ་ཕྱོགས་འབྱོར་ལྡན་གྲལ་རིམ་གྱི་གྲོས་ཚོགས་དམངས་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། གསར་འགྱུར་རང་དབང་སོགས་དྲིལ་བསྒྲགས་དང་། རང་དབང་འབྱོར་ལྡན་གྲལ་རིམ་གྱི་ལྟ་བ་ཁྱབ་སྤེལ་གཏོང་བ། རྩ་བའི་རྩ་དོན་བཞི་ལ་དགག་བྱ་བྱེད་པ། རྒྱལ་ཁབ་དང་སྲིད་ལུགས་ལ་དགག་བྱ་བྱེད་ཀྱིན་འདུག ནོར་འཁྲུལ་འདི་ལྟ་བུར་ཁ་གཏད་གཅོག་དུས་གཏན་ནས་ལག་པ་གཉོམ་མི་རུང་། ཞེས་བརྗོད་འདུག སྐད་ཆ་འདིས་ཧུའུ་ཅིན་ཐའོ་ཡི་དུས་སྐབས་ནི་ཅང་ཙེ་མིན་གྱི་དུས་སུ་གསར་འགྱུར་རང་དབང་དང་སྨྲ་བརྗོད་རང་དབང་ལ་གདུག་རྩུབ་དྲག་གནོན་བྱེད་པའི་ཚད་དེ་ལས་ཆེས་ཆེར་བརྒལ་བ་གསལ་བར་བསྟན།
གཏམ་བཤད་དེའི་ནང་དུ་ཧུའུ་ཅིན་ཐའོ་ཡིས་*ཨ་རི་གཙོས་པའི་ནུབ་ཕྱོགས་དགྲར་འཛིན་སྟོབས་ཤུགས*་དང་དེ་སྔའི་སུའུ་ལེན་གྱི་མགོ་ཁྲིེད་ཀོལ་པ་ཆེ་ཧྥུ་ ༼Gorbachev༽ལ་སྐྱོན་བརྗོད་ནན་པོ་བྱས་པ་ནི། ཨ་རི་གཙོས་པའི་རྒྱལ་སྤྱིའི་སྒེར་སྡོམ་མ་རྩ་ཅན་གྱིས་སུའུ་ལེན་༼ Soviet Union༽་དང་སུང་ལེན་གུང་ཁྲན་ཏང་༼ CPSU ༽ཕམ་ཉེས་གཏོང་ཐབས་གཙོ་བོ་ནི་ལྟ་གྲུབ་འདུ་ཤེས་ནས་ལག་པ་འཆང་བ་དང་། ཀོལ་པ་ཆེ་ཧྥུ་ནི་སུའུ་ལེན་ཤར་མ་འཕོ་འགྱུར་ཆེན་པོའི་ཉེས་ཅན་གཏེ་བོ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ངོ་ལོག་པ་ཡིན་གྱི། *བློན་བྱས་རྗེས་ཅན*ཟེར་བ་གཏན་ནས་མིན། ཁོ་ནི*བློན་བྱས་རྗེས་ཅན*་ཡིན་ཟེར་ན། དེ་ནི་སུའུ་ལེན་མི་དམངས་དང་མིའི་རིགས་ཡར་ཐོན་ལས་དོན་གྱི་ཕྱོགས་སུ་མ་ལངས་པར་བརྗོད་པའི་གཏམ་ཡིན། ཁོས་ཕྱི་གསལ་ནང་གསལ་དང་ཕྱོགས་མང་ཅན་གྱི་འགྲོ་ལུགས་དར་སྤེལ་བཏང་བའི་རྐྱེན་གྱིས་སུའུ་ལེན་གུང་ཁྲན་ཏང་ཡོངས་དང་མི་དམངས་ཀྱི་བསམ་བློ་ཟང་ཟིང་གི་གནས་སུ་ལྷུང་བ་དང་། ཁོའི་ནུབ་ཕྱོགས་ཅན་དང་འབྱོར་ལྡན་གྲལ་རིམ་རང་དབང་ཅན་གྱི་ལྟ་བའི་བརྡབ་གསིག་ལས་སུའུ་ལེན་དང་སུའུ་གུང་འཐོར་ཞིག་ཏུ་སོང་། སུའུ་གུང་ནང་ཁུལ་དུ་གནད་དོན་བྱུང་བའི་མཐར་ཐུག་གི་རྒྱུ་རྐྱེན་ནི་འདི་ཡིན། ཞེས་བརྗོད་འདུག གོང་གི་གཏམ་འདི་ལས་ཧུའུ་ཅིན་ཐའོ་ཡིས་ཆབ་སྲིད་བཅོས་སྒྱུར་ལ་ཆུ་ལོག་དང་གཅན་གཟན་གྱི་ལྟ་ཚུལ་བཟུང་བ་ཤེས་ཐུབ། དེར་བརྟེན། ཧུའུ་ཡིས་ཨ་རིར་རྒོལ་བ་ལྟེ་བར་བཟུང་ནས་ཕྱི་འབྲེལ་སྲིད་ཇུས་བཙུགས། ཨ་རིར་རྒོལ་བའི་ཕུགས་འདོད་ནི་དམངས་གཙོ་དང་། རང་དབང་། འགྲོ་བ་མིའི་ཐོབ་ཐང་བཅས་ལ་རྒོལ་བ་ཡིན་པ་སྨྲས་མ་དགོས། ཕུའུ་ཏྲེན༼Putin༽གྱིས་སྲིད་བཟུང་བ་དང་ཕི་ཏི་གོང་མའི༼Peter the Great༽ཚུལ་གྱིས་ཨུ་རུ་སུ་བཙན་རྒྱལ་སླར་གསོ་བྱ་བསམ་པའི་སྐབས་སུ། ཡང་ཧུའུ་ཅིན་ཐའོ་ཡིས་ཉེ་རབས་ཀྱི་དུས་ནས་བཟུང་ཀྲུང་གོའི་རྒྱལ་ཁབ་བདག་དབང་དང་ཀྲུང་གོ་རྒྱལ་ཁབ་ཀྱི་ཁེ་ཕན་ལ་བསྟུད་མར་རྡོག་བརྫིས་གཏོང་མཁན་བྱང་གི་དོམ་དཀར་འདི་ལ་ལྐོག་ནས་ངན་འབྲེལ་བྱས་པ་དང་། *ཨུ་རུ་སུར་མཉམ་འབྲེལ་གྱིས་ཨ་རིར་འགོག་རྒོལ*་གྱི་རེ་ངན་བཅངས། མཐའ་མར་རང་བཞིན་གྱིས་སྨྱུག་མའི་སླེ་བོས་ཆུ་ལེན་པའི་དཔེ་རུ་སོང་།
སྐབས་བཅུ་དྲུག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བར་ཧུའུ་ཅིན་ཐའོ་ཡིས་སྤེལ་བའི་སྲིད་ཇུས་ལག་ལེན་གྱི་གཏམ་བཤད་དེ་ཀྲུང་དབྱང་གི་ཡིག་ཆའི་ངོས་ནས་རྫོང་རིམ་པར་བཀྲམས་ཏེ་མུ་མཐུད་ནས་འདར་གསིག་བསླངས་པ་དང་། ཕྱིས་སུ་ཀྲུང་གུང་གི་*ཀྲུང་གོར་ཁ་དོག་གསར་བརྗེ་འབྱུང་བ་འགོག་པ*་ཞེས་པའི་ཆབ་སྲིད་རྩ་འཛིན་དུ་ཆགས། ཀྲུང་གུང་དྲིལ་བསྒྲགས་པུའུ་ཡིས་དེ་གཞིར་བཟུང་ནས་ཡིག་ཆ་བཟོས་ཏེ། *ཞིང་པས་ཞུ་གཏུགས*་དང་། *ས་ཆ་གནས་སྤོར*། *སྤྱི་ཚོགས་དང་འབངས་ཀྱི་འཚོ་བ*། * སྲིད་གཞུང་དང་དམངས་ཚོགས་གདོང་ཐུག*་ ལ་སོགས་སྒྲོག་མི་ཆོག་པར་བྱས་ཏེ་གསར་འགྱུར་བརྒྱུད་ལམ་གྱི་སྙན་སྒྲོན་ལས་དོན་ལ་*སྒྲོག་མི་རུང་པ་ཉེར་དགུ*ཡི་བྱེད་ཕྱོགས་བཏོན། ཀྲུང་གུང་དྲིལ་བསྒྲགས་པུའུ་ཡིས་རྒྱལ་ཡོངས་གསར་འགྱུར་བརྒྱུད་ལམ་གྱི་ཚོགས་འདུ་བསྡུས་ཏེ་ཡིག་ཆ་བརྒྱུད་བསྒྲགས་བྱས། ཚོགས་འདུའི་སྟེང་དུ་ཡིག་ཆ་སྒྲོག་མི་དྲིལ་བསྒྲགས་པུའུ་ཀྲང་གཞོན་པ་ཇཱི་པིན་ཞོན་གྱིས་ཧུའུ་ཅིན་ཐའོ་ནས་ཡིག་ཆ་དེར་བཏོན་པའི་ཡིག་ཐོག་བསམ་འཆར་བསྒྲགས་པ་དེར། ཧུའུ་ཡིས། ལྟ་གྲུབ་འདུ་ཤེས་དོ་དམ་གྱི་ཐད་ནས་ང་ཚོས་ཁུའུ་པཱ༼ Cuba༽དང་བྱང་ཀོ་རི་ཡ༼ North Korea ༽ལ་སློབ་སྦྱོང་བྱ་དགོས། བྱང་ཀོ་རི་ཡའི་དཔལ་འབྱོར་ལ་སྐབས་འཕྲལ་གྱི་དཀའ་ངལ་བྱུང་ཡོད་ཀྱང་། ཆབ་སྲིད་ཀྱི་སྟེང་ནས་མཐའ་གཅིག་ཏུ་ཡང་དག་པ་ཡིན། ཞེས་བརྗོད་འདུག ཧུའུ་ཅིན་ཐའོ་ཇི་བཞིན་*བཙན་རྒྱལ་ལ་རྒོལ་བ་དང་ལེགས་བཅོས་ལ་རྒོལ་བའི*ལམ་ཕྱོགས་སུ་མངོན་སུམ་དུ་ལྡོག་སྐྱོད་བྱེད་པ་འདི་ནི་*དྲུག་བཞིའི་དོན་རྐྱེན*རྗེས་སུ་བྱུང་བ་ཐེངས་དང་པོ་ཡིན་པར་སྙམ།
སྐབས་དེར་*ཧུའུ་ཝུན་སྲིད་སྐྱོང་གསར་བར*་རེ་ལྟོས་འཆའ་བའི་མི་དེ་དག་གིས་ཧུའུ་ཅིན་ཐའོ་ཡི་*མའོ་ཡི་བུ་རྒྱུད*་ཀྱི་ངོ་བོ་དེ་ཤེས་བཞིན་དུ་མ་མཐོང་ཁུལ་བྱས། ཧུའུ་ཅིན་ཐའོ་ཡིས་རྔམ་ཆེན་སྟག་ཁ་གདངས་ནས་*མི་ཟ་བའི*་དུས་སུ་སླེབས་པ་ན། ཕར་རྒོལ་བྱ་འདོད་ཀྱང་འཕྱི་དྲགས།
ཧུའུ་ཅིན་ཐའོ་གཡོན་ཕྱོགས་པ་ཡིན་པས་ད་གཟོད་པའོ་ཞི་ལའེ་ཡིས་ཁོ་དང་*གཡོན་ཕྱོགས་འགྲན་པ*ཡིན།
ཧུའུ་ཅིན་ཐའོ་*མའོ་ཡི་བུ་རྒྱུད*་ཡིན་པའི་*མངལ་རྟགས*་གསུམ་པ་ནི། ཀྲུང་གུང་གིས་སྲིད་ཚུགས་ལོ་འཁོར་རེ་དྲུག་པར་རྟེན་འབྲེལ་ཞུ་བའི་དམག་ཤོམ་མཛད་སྒོའི་སྟེང་དུ། *མའོ་ཙེ་ཏུང་གི་བསམ་བློ་ཁྲི་ལོ་ཤོག*ཅེས་པའི་འབོད་ཚིག་མཐོ་རུ་སྒྲེང་བའི་མི་བསྟར་གྲུ་བཞིའི་ཚན་པ་ཞིག་ཆེད་དམིགས་ཀྱིས་ཆེས་མཐའ་མའི་དུས་ཡུན་ལ་བཀོད་སྒྲིག་བྱས་ཏེ་ཚོགས་རར་ཞུགས་པ་དེ་ཡིན། མི་བསྟར་གྲུ་བཞི་དེ་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་འགྲོ་བའི་ཚེ། འདི་ཡང་སྙིང་པེ་ཅིང་དུ་ཡིན་ནམ་ཕིན་ཡཱང༼ Pyongyang ༽དུ་ཡིན་སྙམ་པའི་ཐེ་ཚོམ་སྐྱེས། ཧུའུ་ཅིན་ཐའོ་ཡིས་གསར་འགྱུར་ཚོད་འཛིན་དང་ལྟ་གྲུབ་འདུ་ཤེས་དྲིལ་སྒྲོག་གི་ཐད་ནས་བྱང་ཀོ་རི་ཡར་སློབ་སྦྱོང་བྱེད་པ་མ་ཟད། དམག་ཤོམ་དང་མཛད་སྒོ་སྒྲུབ་སྟངས་ཐད་ནས་ཀྱང་བྱང་ཀོ་རི་ཡ་དགེ་རྒན་དུ་བསྟེན་པ་ཡིན།
*མའོ་ཙེ་ཏུང་གི་བསམ་བློ་ཁྲི་ལོ་ཤོག*གི་ཁ་གཡེང་མི་བསྟར་གྲུ་བཞིར་བྱས་པ་ཞིག་དམག་ཤོམ་མཛད་སྒོ་ལ་གསར་དུ་བསྣན་པ་དང་། དེའི་མི་སྣར་ཆིན་ཧྭའི་སློབ་ཆེན་གྱི་སློབ་ཕྲུག་དང་དྲག་ཆས་ཉེན་རྟོག་པ་བདམས་ནས་གྲུབ་པ་འདི་ལ་གོ་རྒྱུ་ཆེན་པོ་འདུག འདིའི་སྐོར་ལ་གཡོལ་ཐལ་ཕྱོགས་ཁག་གི་དྲ་རྒྱ་*རྒྱལ་ཁབ་སྟོབས་ལྡན་གླེང་སྟེགས་*ཞེས་པར་རྩོམ་ཡིག་འདི་ལྟར་སྤེལ་འདུག་སྟེ། ༼ ཀྲུང་དབྱང་མཐོ་རིམ་མགོ་ཁྲིད་ཀྱི་དགོངས་པ་ཟབ་གཞེས་དང་ཐུགས་བཀོད་ཚགས་ཚུད་འདི་འདྲ་བ་ནི་ཕ་ལམ་སྐད་ཆ་ཚིག་གཉིས་སུ་བསྡུས་ནས་ལབ་ཆོག་སྟེ། འཐབ་ན་མི་རྒྱལ་བ་མེད་པའི་མའོ་ཙེ་ཏུང་གི་བསམ་བློ་རྒྱུད་འཛིན་དང་དར་སྤེལ་བྱ་བར་རྒྱུན་འཁྱོངས་གཡོ་བ་མེད་པར་ཤོག འཐབ་ན་མི་རྒྱལ་བ་མེད་པའི་མའོ་ཙེ་ཏུང་གི་བསམ་བློ་བརྟན་སྲུང་རྒྱུན་འཁྱོངས་ཤིང་གཡོ་བ་མེད་པར་ཤོག དེང་གི་དུས་འདིར་མའོ་ཙེ་ཏུང་གི་རླབས་ཆེན་བསམ་བློའི་དར་ཆ་འོད་ལམ་མེར་ཚོགས་རར་ཞུགས་པ་འདི་དངོས་ནས་ལས་སླ་བོ་མིན། དེར་ཀྱག་ཀྱོག་དཀའ་བ་ཇི་ཙམ་བརྒྱུད་དགོས་བྱུང་ཡང་། ཆིན་ཧྭ་སློབ་ཕྲུག་གནང་མྱོང་བའི་སྤྱི་ཁྱང་ཧྲུའུ་ཅི་ཧུའུ་ཡིས་དེ་ལ་ཐག་གཅོད་ཀྱི་ནུས་པ་ཐོན་ཡོད་ངེས། རྩི་ཤིང་མེ་ཏོག་དང་མཚེའུ་ཡིས་མཛེས་པའི་ཆིན་ཧྭ་སློབ་ཆེན་གྱི་སློབ་མའི་འཐུས་ཚབ་པ་*མའོ་ཙེ་ཏུང་གི་བསམ་བློ་ཁྲི་ལོ་ཤོག་* གི་ཁ་གཡེང་མཐོ་རུ་བསྒྲགས་པ་ཚོ་ལ་སྙིང་ཁོང་རུས་པའི་སྟེང་ནས་རེ་ལྟོས་ཞུ་རྒྱུར། སྔོན་ཆད་ཀྱི་ལོ་རབས་དམར་པོའི་ནང་གི་ལོ་རྒྱུས་ཀྱི་ཞབས་རྗེས་ཡིད་ལ་བཅངས་ཏེ། དམངས་ཀྱིས་སྐོམ་པ་ཆུ་འདོད་བྱེད་པའི་བསམ་བློའི་རྣམ་པ་དེ་ཧུར་ཐག་གིས་འདོན་དགོས། ༽ཞེས་པའོ།།
ཡོན་ཏན་པ་དང་དམག་མི་ནི་ཧུའུ་ཅིན་ཐའོ་ཡི་ལག་པ་གཡས་གཡོན་ཡིན་ཏེ། ཆིན་ཧྭའི་སློབ་མ་ནི་ཀྲུང་གོའི་*ཏང་ལ་བློ་དཀར་བའི་*ཤེས་ཡོན་པའི་མཚོན་བྱེད་ཡིན་པ་དང་། དྲག་ཆས་ཉེན་རྟོག་པ་ནི་ཧུའུ་ཅིན་ཐའོ་ཡི་དུས་སྐབས་སུ་བློ་བུར་རྒྱ་སྐྱེད་བྱུང་བའི་* དྲག་སྤྱོད་བརྟན་བརླིང་*གི་ལག་ཆ་ཡིན། སྔ་མ་ནི་སྨྱུག་གུ་དང་ཕྱི་མ་ནི་མེ་མདའ་ཡིན། དེ་གཉིས་ལྷུན་དུ་སྦྱར་ན། གུང་ཁྲན་ཏང་གིས་གནམ་འོག་དབང་དུ་བསྡུ་ཐབས་ཀྱི་གསང་བ་མའོ་ཙེ་ཏུང་གི་ཁ་ནས་ཤོར་བ་དེ་དང་མཐུན་ཏེ། གཅིག་ནས་སྨྱག་གུ་ལ་བརྟེན་པ་དང་གཉིས་ནས་མེ་མདའ་ལ་བརྟེན། ཧུའུ་ཅིན་ཐའོ་ཡིས་བསམ་བཞིན་དུ་སྨྱུག་གུ་དང་མེ་མདའ་ཐུན་མོང་གིས་མའོ་ཙེ་ཏུང་གི་དར་ཆ་སྒྲེང་དུ་བཅུག་པ་དང་། དེ་ནི་ཁོ་རང་མའོ་ཡི་སློབ་མ་བཟང་པོ་ཡིན་པ་སྟོན་པའི་ཆེད་དུ་ཡིན་པ་ལས་ཏིན་གྱི་རྗེས་འབྲང་ཡིན་པ་སྟོན་པའི་ཆེད་དུ་མ་ཡིན། ཧུའུ་ཅིན་ཐའོ་ནི་མའོ་ཡིས་མིང་བཏགས་པའི་རྗེས་སྐྱོང་བ་མ་ཡིན་པར་༼མའོ་ཡི་རྗེས་སྐྱོང་བ་ཚོ་ཡང་ན་དུས་མིན་འཆི་བར་འཕྲད། དཔེར་ན། ལིག་ཧྲའོ་ཆི་དང་ལིན་པིའོ་ལྟ་བུ། ཡང་ན་གོ་ས་ཤོར་ནས་དམའ་འབེབས་མྱངས་། དཔེར་ན། ཝང་ཧོང་ཝེན་དང་ཧྭ་གོ་ཧྥིན་ལྟ་བུ་༽ཏིན་གྱིས་བདམས་པའི་*དཔོན་རབས་གཅིག་གི་བར་ཆོད་པའི་*རྗེས་སྐྱོང་བ་ཡིན་མོད། འོན་ཀྱང་ཁོ་རང་ཏིན་ལས་ཀྱང་མའོ་ལ་བརྩེ་བ་ཟབ།
ཅང་ཙེ་མིན་གྱི་དུས་སྐབས་སུ་པོ་ཞི་ལའེ་ཡིས་སྦྱོང་བརྡར་བྱས་ཏེ་རྩལ་བྱང་མ་ནུས། སྐབས་དེར་པོ་ཞི་ལའེ་ངོམ་ཆོག་པའི་གོ་གནས་ཤིག་ཏུ་མ་འཛེགས་མ་ཐུབ་པའི་རྐྱེན་གྱིས་སེམས་ཡོད་ཀྱང་ཤུགས་ཀྱིས་མ་འདང་། དེ་ལས་ཀྱང་ཅང་ཙེ་མིན་ནི་མའོ་རིང་ལུགས་པ་ཞིག་མིན་པར་ཏིན་ལྟར་གྱི་*བཟོ་བཅོས་རིང་ལུགས་པ་*ཞིག་ཡིན་པས། ཅང་གི་དུས་སྐབས་སུ་གཡོན་ཐལ་གྱི་བྱེད་སྟངས་བཟུང་ན་དགའ་བསུ་བྱེད་མི་མེད། ཅང་ཙེ་མིན་ཧྲང་ཧའེ་ཐཱན་ནས་འཚར་ལོངས་བྱུང་བ་དང་ཁོ་རང་གློག་སྒྲོན་དམར་པོ་དང་ཆང་ལྗང་ཁུ་ལ་དགའ། མའོ་གཡོན་ཕྱོགས་པའི་དམར་ལམ་ལམ་གྱི་དངོས་པོ་དེ་འདྲ་ལ་སྤྲོ་བ་མེད། མའོ་ཡི་རྣམ་པ་ཅན་གྱི་གསར་བརྗེ་བསྒྲུབ་རྒྱུ་ནི་ཅང་གི་འཇོན་ཕྱོགས་མིན་པ་དང་། ཁ་རོག་གེར་ཕྱུག་པོར་ཆགས་རྒྱུ་དེ་ད་གཟོད་ཅང་གི་དགའ་ཕྱོགས་ཡིན། དེའི་ཕྱིར། སྐབས་དེར་ས་མཐའ་ན་གོ་གནས་འཁུར་བའི་པོ་ཞི་ལའེ་ཡིས་ཐང་ཆེན་དང་སྤང་ཁེབས་ལ་སོགས་ཁྲ་ཁྲ་རིག་རིག་ཡིན་ཡང་སྙིང་པོ་མེད་པའི་སྲིད་རྗེས་འཇོག་པ་ཙམ་ལས། མའོ་ཡི་དར་ཆ་མངོན་སུམ་དུ་སྒྲེང་མ་ཕོད། ཧུའུ་ཅིན་ཐའོ་ཡིས་སྲིད་བཟུང་བའི་དུས་སུ་སླེབས་པ་ན། ཧུའུ་ཡིས་སྦ་གསང་མེད་པར་རང་ཉིད་*མའོ་ཡི་བུ་རྒྱུད*་ཡིན་པའི་ངོ་གདོང་ངོ་མ་བསྟན་བྱུང་བ་དང་། ཀྲུང་གོ་སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོ་གོམ་ཞེང་ཆེན་པོས་ལྡོག་བསྐྱོད་བྱས། དཔལ་འབྱོར་ཐད་ནས་གཞུང་དར་འབངས་རྒུད་དང་། ཁྲིམས་ལུགས་ཐད་ནས་ནག་ཚོགས་ཀྱིས་རྒྱལ་སྲིད་སྐྱོང་བ། ཆབ་སྲིད་ཐད་ནས་ཉིན་ལྟར་མར་ལའེ་མའོ་༼ Marx-Lenin-Mao ༽ཡི་དམ་འདོགས་གཟུངས་སྔགས་འདོན་པ་ཡིན། ནུས་མེད་ཀྱི་ཆབ་སྲིད་ལམ་སྟོན་པ་ཏང་གི་བདག་པོར་གྱུར་བས་ན་བྱེད་ལུགས་དེ་འདྲ་ཁོ་ན་ཡིན།
རྒྱབ་ལྗོངས་དེའི་འོག་ཏུ་ད་གཟོད་པོ་ཞི་ལའེ་འདྲ་བའི་བློ་ལྡན་ཁྱད་མཚར་ཐོལ་གྱིས་བྱུང་། པོ་ཞི་ལའེ་ནི་སྐབས་བསྟུན་རིང་ལུགས་པ་ཞིག་ཡིན་པ་ལས་བརྒྱུད་པ་དག་པའི་མའོ་ཕྱོགས་ཁག་མིན། དེ་སྔོན་མའོ་ཙེ་ཏུང་གིས་*ངོ་ལོག་པ་དྲུག་ཅུ་རེ་གཅིག་གི་རུ་ཚོགས་ཀྱི་མགོ་དཔོན་*དུ་བརྩིས་པའི་པོ་ཡི་པོ་སྟེ་པོ་ཞི་ལའེ་ཡི་ཨ་ཕ་ཕམ་པར་རྒྱག་རྒྱུར་སེམས་ཐག་བཅད་པ་དང་། ཞག་མ་གཅིག་གི་ཡུན་དུ། པོ་ཞི་ལའེ་ལ་མི་ཤི་ཁྱིམ་ཐོར་བྱུང་བ་དང་བརྙས་བཅོས་དམའ་འབེབས་ཡོད་དགུ་མྱངས། ལས་དབང་དེའི་ཡ་ང་བའི་ཚད་ནི་ད་སྐབས་ཕྱི་རྒྱལ་ན་བག་ཡང་བར་ཡོད་པའི་ཁོའི་བུ་པོ་ཀཱ་ཀཱས་མྱོང་བ་དང་བསྡུར་ཡང་དེ་ལས་ལྷག་ཅིག་མིན་ན་ཆུང་བ་མིན། མི་སྒེར་གྱི་བརྩེ་འདང་གི་ངོས་ནས་གླེང་ན། པོ་ཞི་ལའེ་ཡིས་མའོ་ལ་ཞེ་གཏིང་ནས་སྡང་སེམས་འཆང་ཡོད་ངེས། དུས་དེར་ལོ་ན་ཆུང་བའི་པོ་ཞི་ལའེ་ཡི་སེམས་ལ་ཕ་ཡི་དབང་ཆ་ཕམ་ཉེས་དང་ཨ་མས་རང་སྲོག་བཅད་པའི་གྲིབ་མ་ཕྲན་ཙམ་ཡང་བཞག་མེད་པ་མི་སྲིད། འོན་ཀྱང་པོ་ཞི་ལའེ་ཡིས་རང་སྟོབས་ཡོད་རྒུ་བཏོན་ནས་ཉེན་ཁར་མ་འཛེམས་པར་མའོ་ཡི་ལྷ་དབང་གི་ཤོག་བྱང་བཏོན། དེ་ནི་ཁོས་ཧུའུ་ཅིན་ཐའོ་ཡི་འདོད་འདུན་ལ་ཚོད་ཐུག་པས་ཡིན། ཧུའུ་ཡིས་མའོ་ལ་ཤི་འཐམ་རོ་འཐམ་གྱིས་མི་གཏོང་བ་དང་ཧུའུ་རང་ཉིད་ཀྱང་*རིག་གསར་*ལས་ཁེ་ཕན་ཐོབ་མི་ཡིན།
གོང་མ་གང་ལ་མོས་ན་འོག་མས་དེ་ལ་བསྟུན་ངེས་པས། པོ་ཡིས་རང་ཉིད་ཧུའུ་ལས་ཀྱང་གཡོན་ཕྱོགས་པ་ཡིན་ཚུལ་ངེས་པར་དུ་སྟོན་དགོས་པ་དང་། ད་གཟོད་སྤྱི་ཚོགས་ཀྱི་གནས་རིམ་མི་འདྲ་བ་ན་ཐར་ཐོར་དུ་ཡོད་པའི་གཡོན་ཕྱོགས་པ་རྣམས་འགུགས་ཐུབ་པ་དང་དེ་དག་གི་མནའ་འབྲེལ་མངའ་བདག་ཏུ་གྱུར། དེའི་རྐྱེན་གྱིས་ཧུའུ་ཅིན་ཐའོ་དང་འགྲན་འཛུགས་པའི་ནུས་ཤུགས་ཐོབ། གཡོན་ཕྱོགས་པ་དེའི་ཁྲོད་ན་རྒྱལ་སྲས་ཏང་གི་ཁྱུ་ཚོགས་དང་། *ཉི་འོད་ལམ་ལམ་འཕྲོ་བའི་འདས་པའི་དུས་བཟང་*རྗེས་སུ་དྲན་མཁན་གྱི་བཟོ་བ་ལས་མེད། གནམ་འོག་ཏུ་ཟིང་ཆ་ཞིག་མེད་ན་བློ་མི་བདེ་བའི་སྨྱུག་ཐོགས་པ། རྒྱལ་ཁབ་རིང་ལུགས་པ་དང་ཧྥ་ཞི་སི་རིང་ལུགས་གསར་བ་༼ Neo-fascism༽ལ་དད་གུས་ཅན་གྱི་རླབས་རྒྱུན་གསར་བའི་མཁས་པ་ལ་སོགས་ཡོད། འདི་དག་ནི་ཧུའུ་ཅིན་ཐའོ་དང་པོ་ཞི་ལའེ་ཡི་*མང་ཚོགས་ཀྱི་རྨང་གཞི་*ཡིན། གཡས་ཕྱོགས་པའི་ལྟ་གྲུབ་འཁྱེར་ནས་ཧུའུ་དང་འགྲན་རྩོད་བྱས་ན་དེ་མ་ཐག་ཏུ་ཧུའུ་ཡིས་ཕམ་པར་བྱ་སྲིད་པ་དང་། གཡོན་ཕྱོགས་པའི་དངོས་པོ་འཁྱེར་ནས་ཧུའུ་དང་འགྲན་ན་རྒྱལ་ཁ་ཆེན་པོ་ཐོབ་པའི་གོ་སྐབས་ཀྱང་ཡོད་སྲིད་པ་པོ་ཞི་ལའེ་ཡིས་ཧ་གོ་ཡོད། འདི་ནི་ཤོ་རྒྱག་མཁན་གྱི་སེམས་པའི་ངང་ཚུལ་ཡིན། གནས་ལུགས་དེའི་སྟེང་ནས་བལྟས་ན། ཧུའུ་པོ་གཉིས་ཀྱི་འཛིང་རེས་ནི་འོད་སྣང་དང་མུན་པའི་འཐབ་རྩོད་མ་ཡིན་པར། ངན་པ་དང་ངན་པ་ལས་ཀྱང་ངན་པ་བར་གྱི་གདོང་ཐུག་ཡིན།
དེར་བརྟེན། པོ་ཞི་ལའེ་ནི་ཧུའུ་ཅིན་ཐའོ་ལས་སྐྱེས་པའི་ཁྱེའུ་ཡ་མ་བརླ་ཞིག་ཡིན། ཧུའུ་ཅིན་ཐའོ་ཡིས་པོ་ཞི་ལའེ་ཕམ་པར་བྱས་དོན་ནི་རང་ཉིད་འོད་ཟེར་ལྡན་པའི་ལམ་དུ་བསྐྱོད་པ་དང་པོ་ཞི་ལའེ་མུན་ནག་གི་ལམ་དུ་བསྐྱོད་པའི་རྒྱུ་མཚན་མིན་གྱི། པོ་ཞི་ལའེ་ཡིས་མའོ་མཆན་འོག་ཏུ་བཅུག་ནས་ཀྲུང་དབྱང་ལ་འགྲན་བཙུགས་པ་དང་། ཧུའུ་རང་ཉིད་ཀྱི་སྒེར་གཅོད་གོ་གནས་ལ་ཉེན་ཁ་འཕྲད་པས་ཡིན། དེའི་ཕྱིར་ཧུའུ་ཡིས་ལག་མ་འགུལ་མཐུ་མེད་བྱུང་། པོ་ཞི་ལའེ་ཚར་སོང་ནའང་པོ་ཞི་ལའེ་འབྱུང་སའི་ལམ་ལུགས་དང་རིག་གནས་ཀྱི་གཤིན་ས་སྔར་བཞིན་འགྱུར་མེད་པས། ད་རུང་པོ་སྐུ་ཕྲེང་གཉིས་པ་དང་པོ་སྐུ་ཕྲེང་གསུམ་པ་ངང་གིས་འབྱུང་བ་ཡིན། ང་ཚོས་སྒུག་དང་མཐོང་སྲིད།།
སྤྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༩ ཉིན་ཨ་རིར་བྲིས།
མཆན།
རྩོམ་ཁུངས་ནི། དམངས་གཙོ་ཀྲུང་གོ་དྲ་བ། http://minzhuzhongguo.org/ArtShow.aspx?AID=27242
ཚེ་རིང་རྡོ་རྗེ་ལགས་ཀྱིས་རྩོམ་སྒྱུར་གནང་བར་བཀའ་དྲིན་ཆེ། ངོ་མ་རྩོམ་ཡིག་འགོ་མཇུག་ཚང་བ། གོ་རྒྱུ་ཡོད་པ་ཞིག་རེད་འདུག་པ་མ་ཟད། སྒྱུར་རྩལ་ངོ་མཚར་བ་ཞིག་འདུག དུས་བབ་དྲ་ཐོག་ནས་ཐེངས་གཉིས་ལ་བཀླགས་པ་ཡིན།
གོ་རྒྱུ་དང་བསམ་རྒྱུ་གཉིས་ཀ་ཡོད་པའི་རྩོམ་ཡིག་འདི་འདྲ་སྤེལ་ན། མཆན་འགོད་མཁན་ཡང་མེད་ཀི ང་ཚོའི་སྤྱི་ཚོགས་ནང་བྲིན་ཆེས་ཆེ་བའི་རྩོམ་ཡིག་ནི་ཆོལ་ཁ་དང་ཆོས་ལུགས་ཕན་ཚུན་དང་། ཚོགས་སྡེ་དང་མི་སྒེར་ཕན་ཚུན་དབར་མཚང་བརྟོལ་རེས་བྱེད་པའི་འཆལ་རྩོམ་དེ་ཚོ་རེད་འདུག་གཱ། ད་ནི་སྨྱུག་གུ་སར་བཞག་ནས་ཚོང་རྭའི་ཁྲོམ་རྭ་མྱུལ་རན་རེད་འདུག་གོ་ཨ་རོག་ཚོ།