མཐོང་རེག་མྱོང་རྒྱུ་ཡོད་པའི་དངོས་པོ་འདི།།
བདེན་པ་མིན་ན་གང་ཞིག་བདེན་པ་ཡིན།།
ཡ་མཚན་འཕྲུལ་ཐབས་གསར་པའི་ཐོན་དངོས་དག།།
བདེན་པ་བདེན་ཐོག་འཁྱོལ་བྱེད་དཔང་པོ་ཡིན།།
ཅི་ཞིག་ལ་བདེན་པ་ཟེར་བ་རེད་ཅེས་ང་ཚོར་སུ་ཞིག་ནས་དྲི་བ་དྲིས་པ་ཡིན་ན་ཕལ་ཆེར་དེ་ལ་ལན་འདེབས་འདྲ་མིན་ཞིག་ཡོང་གི་རེད་འདོད། འགའ་རེས་བདེན་པ་ཟེར་བ་གཅིག་མ་གཏོགས་གཉིས་ཡོད་པ་མ་རེད། གཅིག་གི་ཐོག་ལ་གཅིག་མནན་ན་གཉིས་རེད་ཅེས་དང་། ཡང་འགའ་རེས་བདེན་པ་ཟེར་བ་དེ་ནི་འདི་རེད་ཟེར་ནས་གཅིག་གྱུར་ཅིག་མེད་པར་གང་ཟག་སྒེར་བ་སོ་སོའི་འདོད་མོས་དང་དགའ་སྣང་དང་མཐུན་མིན་གྱིས་འཇོག་པའི་མི་སྒེར་ལ་འབྲེལ་བ་ཡོད་པ་ཞིག་རེད་ཟེར་སྲིད། དཔེར་ན། མཛེས་མི་མཛེས་དང་དགའ་མི་དགའ་ལ་བསམ་ཚུལ་ཡེ་ནས་མི་མཐུན་པ་རེད། དེ་ལྟར་ན། མི་སུམ་ཅུ་ལ་བསམ་པ་སུམ་ཅུ་ཡོད་པ་ལྟར་བདེན་པའང་སུམ་ཅུ་ཡོད་པ་རེད། ཡང་། རྟ་ཞིག་བསྟན་ནས་འདི་རྟ་ཨེ་རེད་ཟེར་ན། དེ་རྟ་ཡིན་པར་མི་ཚང་མ་ཁ་མཐུན་པ་དང་དེ་རྟ་ཡིན་པ་བདེན་པར་འཛིན་པའོ། གོང་གསལ་གྱི་དྲི་བ་དང་ལན་མི་འདྲ་བ་འདི་དག་ལས་ང་ཚོས་ཤེས་པ་ནི། ང་ཚོས་བདེན་པའི་སྐོར་ལ་དྲི་བ་འདྲི་གི་ཡིན་ན་ཆོས་དང་དོན་དག་བྱེ་བྲག་པ་ཞིག་གི་ཐོག་ཏུ་བབས་ནས་དེ་བདེན་པ་ཡིན་མིན་དྲི་བ་མ་དྲིས་ན་འབབ་ས་ཅི་ཡང་མེད་པ་རེད།
དངོས་ཡོད་ཡིན་ན་བདེན་པ་མ་རེད་དམ།
སྤྱིར་བཏང་། ང་ཚོའི་མིའི་སྤྱི་ཚོགས་འདིའི་ངོས་འཛིན་སྟངས་ལྟར་བྱས་ན། དབང་པོ་ལྔའི་སྤྱོད་ཡུལ་དུ་གྱུར་པའི་རིག་རྒྱུ། མཐོང་རྒྱུ། རེག་རྒྱུ་ཡོད་པའི་རི་རྭ་བ་ཁང་ཁྱིམ་རྟ་དང་བ་གླང་ལ་སོགས་པའི་སེམས་ལྡན་སེམས་མེད་ཀྱི་དངོས་པོ་འདི་དག་ཐམས་ཅད་ལ་དངོས་ཡོད་དང་བདེན་པར་བརྩི་བ་རེད། ང་ཚོའི་མཐོང་སྣང་དུ་དངོས་སུ་གྲུབ་པའི་མངོན་སུམ་དང་དངོས་ཡོད་བདེན་པའི་ཆོས་འདི་དག་ནི་འཁྲུལ་བའི་རང་བཞིན་དང་བདེན་པར་མ་གྲུབ་པར་འགྲེལ་བརྗོད་གནང་མཁན་ཡང་ཡོད་པ་ཀུན་ཤེས་རེད། དཔེ་བཞག་ན། ཕི་ལ་ཋོ། སྤྱི་ལོ་སྔོན ༤༢༨-༣༤༧དང་ནང་ཆོས་ལྟ་བུ་རེད། ཕི་ལ་ཋོ་ཡིས་དབང་ཤེས་ལྔ་དེ་འཁྲུལ་བའི་རང་བཞིན་ཅན་དང་ཆ་མ་ཚང་བ་ཞིག་ཡིན་པར་ངོས་འཛིན་གྱིས་དབང་ཤེས་ཀྱིས་ཁྱེར་ཡོང་བའི་ང་ཚོའི་མཐོང་སྣང་གི་དངོས་པོ་འདི་དག་ཀྱང་བདེན་པ་མིན་པར་སྒྲུབ་ཡོད་པ་རེད། ནང་ཆོས་སུའང། ་ང་ཚོའི་བདེན་པ་ཡིན་མིན་ངོས་འཛིན་མཁན་གྱི་བློ་འདི་ལ། ཀུན་རྫོབ་ཀྱི་བློ་ཟེར་ནས་ཡང་དག་པ་མིན་པར་བརྗོད་ཡོད་པ་མ་ཟད་མཐོང་སྣང་གི་དངོས་པོ་དེ་དག་ཀྱང་བདེན་པར་མ་གྲུབ་པར་བརྗོད་ཡོད་པ་མ་རེད་དམ།
འདི་ནས་མར་ཡོངས་གྲགས་སུ་དངོས་ཡོད་དང་བདེན་པར་འཛིན་པའི་བློ་དང་མཐོང་སྣང་གི་དངོས་པོ་འདི་དག་དངོས་སུ་ན་ཡང་དག་ཡིན་དང་འཁྲུལ་བ་ཡིན་མུ་མཐུད་དཔྱད་ཞིབ་བྱེད་ན་འདོད། ང་ཚོའི་དབང་ཤེས་ལྔ་དེར་འཁྲུལ་བའི་ཆ་ཡོད་ནའང་རྦད་དེ་འཁྲུལ་བ་ཡིན་པར་བརྗོད་ན་དེ་ནི་ནོར་འཁྲུལ་ཅན་གྱི་ལྟ་ཚུལ་ཞིག་རེད། རྒྱུ་མཚན་ནི། ང་ཚོ་འགྲོ་བ་མི་ཟེར་བའི་ཤེས་པ་དང་ལྡན་པ་འདིས་ནོར་འཁྲུལ་ཡང་ཡང་བཟོ་གི་ཡོད་ནའང་། བཟོས་པའི་ནོར་འཁྲུལ་དེ་བཅོས་བྱེད་ཀྱི་ཤེས་རབ། རྣམ་དཔྱོད། རྒྱུ་མཚན། རིགས་པ། གཏན་ཚིགས། ད་དུང་ལོ་རྒྱུས་ཀྱི་ཉམས་མྱོང་སོགས་ཀྱིས་འཁྲུལ་བ་དེ་བཅོས་ནས་ཡང་དག་པ་དང་བདེན་པར་བཟོ་ཐུབ་པ་རེད། ང་ཚོས་ལོ་རྒྱུས་ཀྱི་དུས་རིམ་རིང་པོ་བརྒྱུད་ད་ལྟ་ལ་ཐུག་གི་བར་མཐོང་སྣང་གི་དངོས་པོ་འདི་དག་བདེན་པར་བཟུང་བ་མ་ཟད་བདེན་པའི་བྱ་དངོས་འདི་དག་ཐམས་ཅད་ཀྱི་ངོ་བོ། རྣམ་པ། བྱེད་ལས། དབྱེ་བ་སོགས་ལ་རྣམ་དཔྱོད་དང་ལྡན་པའི་ངང་ཞིབ་འཇུག་དང་བརྟག་དཔྱད་བྱས་ཏེ་བདེན་པའི་གནས་ལུགས་མང་པོ་ཞིག་ཤེས་ཏེ་ཚན་རིག་དང་མཐུན་པའི་གྲུབ་དོན་རྙེད་ཡོད་པ་རེད། བདེན་པ་ངོ་མ་འཁྲུལ་བར་ལྟ་མཁན་དག་གི་བསམ་པའི་ཡིད་ལས་འདས་པའི་ཚན་རིག་གི་གསར་བཏོད་ཏེ་གནམ་གྲུ། བརྙན་འཕྲིན། རླུང་འཕྲིན། འཕུར་མདའ། ཆུ་གློག སྐམ་གློག རླུང་གློག ཉི་གློག་སོགས་གྲངས་ལས་འདས་པ་ཞིག་ང་ཚོའི་མིག་ངོར་སྤྱོད་དུ་ཡོད་པ་འདི་བདེན་པ་བདེན་པར་ཤེས་པའི་གྲུབ་འབྲས་ཅི་ལ་མིན། འདི་ནི་བདེན་པ་བདེན་ཐོག་འཁྱོལ་བའི་དཔང་པོ་ཞིག་ཀྱང་རེད། ཨ་རེ་སི་ཋོ་ཋལ་གྱིས་སྤྱི་ལོ་སྔོན་ནས། དབང་ཤེས་ལྔ་བརྒྱུད་ནས་ཡོང་བའི་ཤེས་པ་དེ་དངོས་བདེན་མཇལ་བྱེད་ཀྱི་ཚད་ཐིག་མཐོ་ཤོས་དེ་ཡིན་པར་ངོས་བཟུང་བ་དེར་ད་ལྟ་བལྟས་ནའང་ངོ་མ་བདེན་པར་མཐོང་། ནང་ཆོས་སུ། ང་ཚོའི་བློ་འདི་འཁྲུལ་བའི་རང་བཞིན་ཅན་དང་། མཐོང་སྣང་གི་དངོས་པོ་འདི་ཚོ་བདེན་པར་མ་གྲུབ་པར་གསུང་གི་འདུག་ཀྱང་། ཕྱོགས་གཅིག་ནས་ང་ཚོའི་མཐོང་རེག་ཏུ་དངོས་སུ་གྱུར་པ་འདི་དག་ལ་མངོན་སུམ་ཚད་མ་ཟེར་ནས་གལ་ཆེན་དུ་བརྩི་གི་འདུག ད་དུང་སྟོང་ཉིད་ཟེར་བའི་རྟོགས་དཀའ་བའི་གནས་ལུགས་དེའང་ཀུན་རྫོབ་ཟེར་ནས་མཐོང་ཆུང་བྱེད་ཡུལ་དུ་གྱུར་པའི་བློ་འདིས་རྟོགས་དགོས་པ་ཞིག་མ་ཡིན་ནམ། ང་ཚོའི་འཁྲུལ་བའི་བློ་འདིས་འཁྲུལ་གྱིན་འཁྲུལ་གྱིན། བཅོས་གྱིན་བཅོས་གྱིན། ཤེས་རབ་དང་རྣམ་དཔྱོད་ཀྱིས་ཡང་ཡང་བརྟག་ཤིང་དཔྱད་དེ་རྟོགས་དགོས་པ་ཞིག་མ་ཡིན་ནམ།
ནང་ཆོས་ཀྱི་བདེན་པ་དེ་བདེན་པ་བྱེ་བྲག་པ་ཞིག་མ་ཡིན་ནམ།
འགྲིག་མིན་མི་ཤེས་ཀྱང་ངའི་ལྟ་ཚུལ་ལྟར་བྱས་ན། ནང་ཆོས་ནི་ནང་སེམས་ཀྱི་བདེ་སྐྱིད་འཚོལ་ཐབས་ཀྱི་ཆོས་ལུགས་གྲུབ་མཐའ་ཞིག་ཏུ་མཐོང་། བདེ་སྐྱིད་དགོས་ན་སྡུག་བསྔལ་མེད་པ་བཟོ་དགོས་པ་རེད། སྡུག་བསྔལ་མེད་པ་བཟོ་དགོས་ན་སྡུག་བསྔལ་གྱི་འབྱུང་ཁུངས་སུ་གྱུར་པའི་ཉོན་མོངས་དང་། སྡུག་བསྔལ་དང་ཉོན་མོངས་ཀྱི་གཞི་རྩར་གྱུར་པའི་སེམས་ཀྱི་འཛིན་པའམ་བདེན་འཛིན་དེ་མེད་པ་བཟོ་དགོས་པ་གསལ་བོ་རེད། དམིགས་ཡུལ་དེ་འདྲ་ཞིག་བཅངས་ནས། བློ་འཁྲུལ་བ་ཡིན་པ། མཐོང་སྣང་གི་ཆོས་འདི་དག་བདེན་པར་མ་གྲུབ་པ། གཟུགས་སྟོང་བ་ཡིན་པ། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་བ་ཡིན་པ་སོགས་གསུངས་པ་མ་ཡིན་ནམ། དངོས་པོ་རྣམས་རང་བཞིན་གྱིས་གྲུབ་མ་གྲུབ་དང་། དངོས་པོ་དེ་ཕར་འཚོལ་བ་ཡིན་ན་བཙལ་དུ་མེད་པ། དངོས་པོ་ཟེར་ན་དེ་ནི་ཐ་སྙད་ཀྱི་བཏགས་དོན་ཙམ་ལས་མ་འདས་པ་སོགས་ཕྱོགས་གཅིག་ནས་བལྟས་ན་སངས་རྒྱས་ཀྱི་བདེན་པ་དེའང་བདེན་པ་ལྟར་སྣང་ཡང་། མཐར་དེད་ན་བདེན་པ་དེ་ནི་དངོས་པོ་གང་ཞིག་ལ་བྱེ་བྲག་ཏུ་ལྟ་བའི་བདེན་པ་ཞིག་ལས་མ་འདས།
ད་ནངས་ཅི་བྱས་ད་ལྟ་མི་དྲན་པའི།།
ཀླད་འཐོམས་འདི་ལ་བསམ་ན་ཡི་ཆད་ཀྱང་།།
བདེན་པ་བརྗོད་ལ་དགའ་བའི་ཁ་ལྕེ་འདི།།
བདེན་པའི་ཆེད་དུ་ནམ་ཡང་སྡོད་མ་ཚུགས།།
བདེན་པ་ཟེར་ན་མི་བསླུ་བ་ལ་ཟེར་གི་ཡོད་པ་རེད། དེ་བཞིན་རྫུན་པ་ཟེར་ན་བསླུ་བ་ལ་ཟེར་གི་ཡོད་པ་རེད། འདིའི་བསླུ་མི་བསླུ་ནི་སྣང་ཚུལ་དང་གནས་ཚུལ་མཐུན་མི་མཐུན་ལ་བཤད་གི་ཡོད་པ་རེད།
མི་ཤེས་ཤེས་མདོག་བླ་རྫུན་གྱི།
སྡར་མའི་རང་མདངས་ཕྱིར་མངོན་ནས།།
རྒྱལ་གཅེས་དཔའ་བོ་ཚེ་བརྟན་གྱིས།།
གསང་ཚིག་སྤྲད་སོང་འུར་སྒྲོགས་བྱས།།
ཕུངས་བྱེད་ཅིག་འདུག་དེ་ཕྱི་ལ་མི་འདུག་ནང་ལ་འདུག། དེ་ཡང་ལས་དང་ཉོན་མོངས་གཉིས་ལ་ཐུག་འདུག། ལས་ཉོན་གཉིས་ཀྱི་ནས་ཀྱང་ཉོན་མོངས་ལ་ཐུག་འདུག། ཉོན་མོངས་ཉོན་མོངས་ཟེར་ནའང་བདེན་པར་འཛིན་པའི་བདེན་འཛིན་དེ་རེད་འདུག། བདེན་འཛིན་བདེན་འཛིན་ཟེར་ནའང་་་་ང་དང་ང་ཡི་བར་འཛིན་པ་་་་དེ་རེད་འདུག། ། འདི་འདྲ་ཞིག་དགེ་རྒན་གྱི་ཞལ་ནས་ཐོས་མྱོང་། །
དོན་དམ་ཟེར་བ་ཡི་བདེན་པ་སྙིང་རྗེ་བོ།།
རྟེན་དང་འབྲེལ་འབྱུང་གིས་ཡོད་ཡོད་འདྲ་བ་འདི།།
རིགས་པས་མདའ་འདེད་ཀྱིས་མེད་མེད་ཟེར་བ་འདི།།
བདེན་པ་རྣལ་མ་ཞིག་ཡིན་པ་དཀའ་དཀར་སྣང་།།
ཡོད་པ་འདི་རེད་ཅེས་བསྟན་ན་བདེན་འཛིན་ཟེར།།
མེད་ཚུལ་སྟོང་ཚུལ་དེ་བཤད་ན་ཆད་ལྟ་ཟེར།།
ཡོད་མེད་མཐའ་གཉིས་སུ་མ་ལྷུང་ཡ་མཚན་འདི།།
ཕུང་གསུམ་པ་ཞིག་ཡིན་ནམ་སྒྱུ་མ་ཡིན།།
ཡོད་པ་མེད་པར་བརྗོད་པ་འདི་བསླུ་བ་རེད།།
ཡོད་མེད་འཛིན་རྒྱུ་མེད་པ་འདི་བསླུ་བ་རེད།།
སྒྱུ་མ་ལྟ་བུའི་བཤད་པ་འདི་བསླུ་བ་རེད།།
བདེན་པ་ལྟར་སྣང་གིས་བསླུ་བ་འདི་བསླུ་བ་རེད།།
སྔུག་བསྔལ་གཅོད་ཐབས་ལ་གསུངས་པས་ཐུགས་རྗེ་ཆེ།།
སྣང་བ་སྐྱིད་ཐབས་དེ་སྒྲུབ་པས་ཐབས་ལ་མཁས།།
ཐབས་མཁས་ཐུགས་རྗེ་དང་ལྡན་པ་བདེན་མོད་ཀྱང་།།
བདེན་པ་མཐར་ཐུག་དེ་ཡིན་ཚུལ་ཇི་འདྲ་རེད།།
དོན་དམ་ཟེར་བ་ཡི་སྤྲུལ་བའི་ལྷ་བུ་འདི།།
མིག་གིས་ཅེར་བ་ན་མཐོང་རྒྱུ་མེད་པ་འདི།།
ལག་པས་བསྙབ་པ་ན་རེག་རྒྱུ་མེད་པ་འདི།།
གནས་ཚུལ་སྣང་ཚུལ་དུ་བདེན་པ་མིན་པ་འདྲ།།
ཀུན་རྫོབ་ཟེར་བ་ཡི་བུ་ཆུང་རྫོབ་རོ་འདི།།
འཁྲུལ་བའི་སྣང་བ་རེད་ཟེར་ནས་སྨོད་མོད་ཀྱང་།།
ཡང་ལྕི་རྒྱ་མ་ལ་མཇལ་རྒྱུ་ཡོད་གི་མོད།།
རིང་ཐུང་འདོམ་པ་ལ་ཚད་རྒྱུ་ཡོད་གི་མོད།།
མངོན་སུམ་ཚད་མ་ལ་ཚད་ལྡན་རེད་འདུག་མོད།།
ཀུན་ལ་གཅིག་མཐུན་དུ་དངོས་སུ་སྣང་གི་མོད།།
རིག་རྒྱུ་རེག་རྒྱུ་དང་མྱོང་རྒྱུ་ཡོད་གི་མོད།།
ཚན་རིག་གྲུབ་དོན་ཞིག་རྙེད་རྒྱུ་ཡོད་གི་མོད།།
དོན་དམ་དང་ཀུན་རྫོབ་ཟེར་བའི་བདེན་པ་གཉིས།།
མཉམ་གཤིབ་ཏུ་བཞག་ནས་གང་བདེན་བརྟག་པ་ན།།
ཆེ་ཆུང་རིང་ཐུང་དང་ལྕི་ཡང་གྲུབ་ཚུལ་སོགས།།
མཇལ་རྒྱུ་ཡོད་པ་དེ་ཀུན་རྫོབ་བདེན་པ་རེད།།
གྲྭ་ས་འགྲིམས་པ་ཡི་ཨ་ཁུ་དགེ་བཤེས་ཚོ།།
ཚེ་གང་ཐལ་མོ་རང་རྡབ་ནས་ཡོང་བ་ཚོ།།
སྟོང་པ་རྩོད་གླེང་གིས་མགོ་སྟོང་མ་བྱེད་ཨ།།
རྩོད་པ་བྱེད་འདོད་ན་ཡོད་པའི་དོན་དག་རྩོད།།
མེད་པ་རྐྱང་བརྗོད་ནས་མེད་མུག་མ་འདོན་ཨ།།
ཡོད་པར་བརྟག་དཔྱད་ཀྱིས་ཚན་རིག་གྲུབ་དོན་ཚོལ།།
དངོས་པོའི་གཤིས་ཀ་ལ་སྐུར་བ་མ་འདེབས་ཨ།།
དངོས་ཁམས་སྟོང་ཁམས་དང་སེམས་ཁམས་རིག་པ་སྦྱོངས།།
མེད་ཚུལ་སྟོང་ཚུལ་གྱིས་ཡོང་རྒྱུ་ཡོད་མ་རེད།།
སྡུག་བསྔལ་རྩ་བ་ནས་གཅོད་རྒྱུ་ཡོད་མ་རེད།།
བདེ་སྐྱིད་མཐར་ཐུག་ཅིག་བསྒྲུབ་རྒྱུ་ཡོད་མ་རེད།།
རུལ་མ་སེམས་སྐྱིད་ཀྱིས་དུས་ཚོད་མ་གཏོང་ཨ།།
དགོངས་དག
མཆན༤ ནང་། མདའ་འདེད་ནོར། བདའ་འདེད་དུ་བཅོ་བར་བྱ།
མི་རྟག་དུ་ཁ་སྟོང་བ་བདག་མེད་པ།།
དཔྱད་ན་བསམ་རྒྱ྄ུ་ཡོད་པའི་གནད་ཅན་ཆོས།
མྱང་ན་ཞི་བསིལ་བདུད་རྩི་ལྟ་བུའི་ཆོས།།
ཐབས་མཁས་ཐུགས་རྗེ་ཆེ་ལ་ཕྱག་ཅིག་འཚལ།།
མི་རྟག
མི་རྟག་མི་རྟག་ཟེར་བར་བདེན་ཅིག་འདུག།
ཐམས་ཅད་སྐད་ཅིག་མི་སྡོད་བཞུར་གྱི་འདུག།
རྦད་དེ་མི་རྟག་ཟེར་ན་སྐྱོན་ཅིག་འདུག།
དངོས་པོའི་འགྲུབ་བྱེད་ཕྲ་རྡུལ་རྟག་པ་ཡིན།།
དུ་ཁ།
འཁོར་བའི་སྡུག་བསྔལ་བགྲང་ན་བདེན་ཅིག་མཐོང་།།
བསམ་ཞིང་བསམ་ན་ངུ་རྒྱུ་ཡོང་གི་འདུག།
བདེ་སྐྱིད་མེད་པར་བརྗོད་ན་རྫུན་ཞིག་འདྲེས།།
བདེ་སྡུག་སྤེལ་མ་འཇིག་རྟེན་འཁོར་བའི་ཆོས།།
སྟོང་བ།
སྟོང་ཉིད་བཤད་ན་གོ་རྒྱུ་ཡོད་གི་མོད།།
མེད་ཚུལ་བཤད་ན་རྒྱུ་མཚན་མཐོང་གི་མོད།།
ཡོད་པའི་ཞལ་རས་སྒྲིབ་ན་ཐུ་གི་མོད།།
དངོས་ཡོད་བཀག་ན་ངོས་ལེན་དཀའ་གི་མོད།།
བདག
བདག་གི་མདུད་པ་བཅད་ན་བདག་མེད་རེད།།
བདག་ཅེས་གཅེས་འཛིན་ཅན་འདི་བདག་ཡོད་རེད།།
བདག་འདི་ཡོད་མེད་བདག་གི་རིགས་པར་ཐུག།
བདག་གི་བསམ་ཚུལ་བཤད་ན་འདི་འདྲ་རེད།།
བདེན་པ་བདེན་པར་བཟུང་ན་བདེན་ཅིག་ཡོད།།
གསར་བཏོད་མུ་མཐུད་བྱེད་པར་ཕན་ཞིག་ཡོད།།
བདེན་འཛིན་མེད་པར་སྒྲིབ་ན་སྐྱིད་ཅིག་ཡོད།།
སྡུག་བསྔལ་སྣང་བ་ཟློག་པའི་སྐྱིད་ཅིག་ཡོད།།
བདག་དེ་བདག་མེད་ཅེས་བཅོ།
སྒྲིབ་དེ་སྒྲུབ་ཅེས་བཅོ། དགོངས་དག
གང་ཞིག་གང་གིས་བདེན་པར་ལྟ་བའི་དོན།།
གང་ལ་བདེན་རུང་སྤྱིར་བཏང་བདེན་མིན་ན།།
གང་གིས་འབད་པས་འདི་ན་འགོད་པ་ཀུན།།
བདེན་ནམ་མི་བདེན་དེ་ཡང་འཕྱང་མོ་ཉུག།
༼ད་དུང་སྟོང་ཉིད་ཟེར་བའི་རྟོགས་དཀའ་བའི་གནས་ལུགས་དེའང་ཀུན་རྫོབ་ཟེར་ནས་མཐོང་ཆུང་བྱེད་ཡུལ་དུ་གྱུར་པའི་བློ་འདིས་རྟོགས་དགོས་པ་ཞིག་མ་ཡིན་ནམ།༽ བླ་མེད་རྫོགས་པ་ཆེན་པོའི་ལུགས་ཀྱི་གནས་ལུགས་རྟོགས་པ་ལ་་་བློ་་་ཞེས་པ་འདི་ལ་ལྟོས་མི་དགོས་པར་གསུངས་ཡོད། དེ་ཡང་་་བློ་འདས་་་་བླ་མེད་ཀྱི་བོན་ཞེས་གསུངས་པའི་ཕྱིར་རོ། འདི་འདྲ་ཡིན་དུས་རྫོགས་པ་ཆེན་གྱི་ཕྱག་དཔེ་ལ་གཟིགས་རྒྱུ་དེ་གལ་ཆེན་པོ་ཡིན་ས་རེད། །
རྒན་མདའ་ཚན་པའི་སྙན་ངག་གི་ཆུ་མིག་བརྡོལ་འདུག་པ་འདི་བདེན་པ་ཡིན་ས་རེད། ཡུམ་མི་བདེན་ན།
BONPO ལ།
བློ་འདས། བླ་མེད་ཀྱི་བོན། ཟེར་བ་འདིའི་བདག་ཉིད་ཅན་དེའང་ང་ཚོའི་མི་ཡིན་རྒྱུ་རེད་པ། ཤེས་པ་འདི་རིགས་ཀྱང་མིའི་སྣང་ངོ་ལས་མ་འདས་པ་ཞིག་ཡིན་རྒྱུ་རེད་པ། ་་བླ་མེད་རྫོགས་པ་ཆེན་པོའི་ལུགས་ཀྱི་གནས་ལུགས་རྟོགས་་ མཁན་ཡང་མི་ཡིན་རྒྱུ་རེད་པ། དེ་ཡིན་ན་ཀུན་རྫོབ་ཀྱི་བློ་ཅན་མིས་བཞག་པའི་བདེན་པ་ངོ་མ་དང་དགོས་པ་དང་བྱེ་བྲག་གི་དབང་དུ་གསུངས་པའི་སངས་རྒྱས་ཀྱིས་གསུངས་པའི་བདེན་པ་གཉིས་མགོ་རྟིང་སློག་ག་ལ་རིགས།
བློ། རྨོངས་པའི་བློ། བློ་མིག བློ་རིག བློ་གྲོས། རྣམ་དཔྱོད། ཤེས་རབ། བློ་འདས། བླ་མེད་ཀྱི་བོན་འདི་ཚོ་ཚང་མ་ང་ཚོ་མི་རེ་རེའི་སེམས་རྒྱུད་ན་གྲུབ་པའི་ནོར་བུ་རིན་པོ་ཆེ་རྐྱང་རེད། འདི་ཚོ་ལ་དབྱེ་ཞིབ་ཅིག་གྱིས་ལ་ཁྱད་པར་ཅིག་ཕྱེས་དང་།
ཡིན་མིན་བླང་དོར་འབྱེད་པའི་བློ་མིག་ང་ཚོར་ཡོད།།
ཕྲ་མོའི་གནས་ལ་དཔྱོད་པའི་རྣམ་དཔྱོད་ང་ཚོར་ཡོད།།
བདེན་རྫུན་གནས་ལུགས་རྟོགས་པའི་ཤེས་རབ་ང་ཚོར་ཡོད།།
བདེན་པར་བདེན་དཔང་བྱེད་པའི་ཚན་རིག་ང་ཚོར་ཡོད།།
དངོས་པོའི་འགྲུབ་བྱེད་ཕྲ་རྡུལ་རྟག་པ་ཡིན།། གསུངས་པ་དེའི་དོན་ཤེས་ཐུབ་མ་སོང་བས་་་
ཀརྡོ་གཉེར་ཕྱག་ལ།
རྡུལ་ཕུང་གིས་གྲུབ་པའི་ཁྱེད་རང་གི་རྟ་རྒན་དེ། རྡུལ་ཕུང་རྣམས་སིལ་བར་འཐོར་དུས་ཤི་སོང་བ་རེད། ཡིན་ནའང་། ཆེས་ཕྲ་མོའི་རྡུལ་ཕྲན་གྱི་གྲུབ་ཆའི་རིགས་དེ་ནས་ཕར་སིལ་བར་འཐོར་རྒྱུ་མེད་པར་རྟག་པ་ཡིན་པ་རེད། ནམ་ཡང་འཇིག་རྒྱུ་མེད་པའི་རྡུལ་ཕྲན་ཕྲ་མོའི་ཆ་ཤས་དག་སླར་ཡང་མི་ཞིག་གམ་ཡང་ན་ལུག་ཅིག་གི་ཕུང་པོ་གསར་དུ་འགྲུབ་པའི་ཆ་ཤས་སུ་འགྱུར་སྲིད་པ་རེད།
མགོན་ཕྱག་ལགས།
རིགས་རྒྱུན་མིན་པར་རྫས་རྒྱུན་ཐོག་མཐའ་མེད་པར་གནས་པ་ལ་རྟག་པའི་མིང་གིས་བསྙད་པར་གོ་བྱུང་ལགས།
རྡུལ་ཕྲན་མི་རྟག་པར་འདོད་པ་རང་སྡེ་བྱེ་སྨྲ། རྟག་པར་འདོད་པ་བྱེ་བྲག་པ།
མི་ཞིག་ཡིན་ཕྱིར་མི་དགའ་མཁན་ཡང་མང་།།
འབྱུང་ཁམས་བསྙུང་ནས་སྨན་ཡང་གསོལ་དགོས་བྱུང་།།
ལམ་ལ་ཕེབས་སྐབས་ཞབས་ལ་རྨ་ཡང་བཟོས།།
མི་ཡུལ་འདི་རུ་མི་ཡི་བརྟུལ་ཞུགས་བཟུང་།།
མ་བུ་གཡུག་ཏེ་ཁྲེལ་མེད་བྱས་ནའང་།།
དཀའ་ཐུབ་ཆེན་པོས་ཏིང་འཛིན་སྒོམ་ལ་བརྩོན།།
ཐ་མར་གྲོལ་བ་ཐོབ་སྟེ་གཞན་དོན་སྒྲུབ།།
སྡུག་བསྔལ་ཅན་ལ་བདེ་བའི་ལམ་ཞིག་བསྟན།།
མི་ཡུལ་འདི་ཡི་མི་ཞིག་ཡིན་ནའང་།།
མི་ལས་ལྷག་པའི་རྣམ་དཔྱོད་ཤེས་རབ་ལྡན།།
མི་ལོ་མང་པོར་མི་ཡིས་བཀུར་བ་ཡིས།།
ད་ལྟ་མི་མིན་ལྷ་ཡི་མཚན་སྙན་ཅན།།
དམག་གི་རྒྱལ་པོ་མ་གནང་ཞིང་།།
གཡུལ་གྱི་ལས་ལ་མ་ཞུགས་ཀྱང་།
ཉོན་མོངས་དགྲ་མགོ་གནོན་མཁས་པ།།
དཔའ་བོ་ཁྱེད་ལ་ཕྱག་གསུམ་འཚལ།།
རྟེན་འབྲེལ་ལྟོས་གྲུབ་ཉི་མའི་ཟེར་ཐག་འདྲ་བྱུང་།།
བྱམས་དང་སྙིང་རྗེ་སྦྲང་ཆར་ཟིལ་མ་འདྲ་བྱུང་།།
ཐབས་མཁས་ཐུགས་རྗེ་ཆེ་ལྡན་ཤྰཀྱ་ཐུབ་པ།།
འཛམ་གླིང་མི་བུའི་ནང་གི་ཧེ་རོ་གཅིག་ཡིན།།
ཕར་ལ་ཕྱག་གཅིག་འཚལ་ཡང་བྱིན་རླབས་མ་ཐོབ།།
གསུང་གི་དྲོད་ཅིག་མྱང་བས་སྣང་བ་སྐྱིད་སོང་།།
གཟུང་འཛིན་ཐག་པ་སྦོམ་པོ་ཕྲ་རུ་ཕྱིན་སོང་།།
ཁྱེད་དང་མཇལ་བའི་འཐོབ་བྱ་དེ་ག་ཡིན་འདུག
ལུས་ཀྱི་རྡུལ་ཕུང་འདི་ཉིད་སིལ་བར་འཐོར་དུས།།
རླུང་ཁྲག་ཤེས་པའི་རྒྱུ་བ་ཁད་ཀྱིས་འགག་དུས།།
དབྱིངས་དང་རིག་པ་རོ་གཅིག་འདྲེས་པ་ལོས་ཡིན།།
རིག་པའི་བུ་ཡིས་གནས་ཚང་གཞན་ཞིག་མ་མཐོང་།།
སྐྱེས་ནས་འཚོ་དང་ཐ་མ་ཤི་སྟངས་ཚུན་ཆད།།
རང་གི་མེ་ལོང་ནང་ན་ཁྲིགས་ཁྲིགས་རེད་འདུག།
ཕྱི་མ་ཕྱི་མའི་གཏམ་རྒྱུད་རིང་པོ་དེ་ཚོ།།
རྣམ་རྟོག་འདྲེ་མོར་ཤར་བའི་འཁྲུལ་སྣང་ཡིན་སྐད།།
ཐར་ཐབས་མེད་པ་སྐྱེ་རྒ་ན་འཆི།
སྐྱེ་རྒ་ན་འཆིའི་གྲིབ་སོ་ཕྱོགས་ཀུན་ནས་ཁུག་ཚེ།།
མ་བརྟག་བྱིས་པའི་འཁྲུལ་ངོར་སྐྲག་སྣང་ཞིག་སླེབས་ཅིང་།།
ཨ་ཕའི་མདུན་དུ་སླེབས་པར་བྲེལ་ཤ་ཞིག་ལངས་ཀྱང་།།
ཆོས་ཉིད་ཆོས་སུ་ཤེས་ན་སྐྲག་དགོས་རང་ཅི་ཡོད།།
སྐྱེ་འཆིའི་འཕྲང་ལས་ཐར་འདོད་བྱིས་བློ་ཡི་རི་དྭགས།།
གཏོད་མེད་དབེན་གསུམ་གནས་སུ་ཕར་ཕར་ལ་འཕྱན་ཡང་།།
ཐ་མ་མགོ་གོག་སྐམ་པོ་ས་གཞི་ལ་གླན་ནས།།
འཆི་བ་མངོན་དུ་བྱས་པའི་མངོན་སུམ་ཞིག་མཐོང་སོང་།
ལོ་དྲུག་དཀའ་བ་སྤྱད་ནས་འཆི་བ་ལ་ཐུག་ཀྱང་།།
འོ་ཐིགས་ཞལ་ལ་རེག་པས་འཆི་དགོས་རང་མ་བྱུང་།།
འཆི་མེད་སྒོམ་ཡང་འཆི་བར་ལྡོག་ཐབས་ནི་ཅི་ཡོད།།
འཆི་བདག་ཞགས་པས་ཏིང་འཛིན་མལ་ས་ནས་དྲུད་སོང་།།
ན་རྒ་འཆི་བ་སྐྱེ་བས་ཐོབ་པ་ཡི་ཁུར་པོ།།
ལྕི་ན་ཡང་ན་གཟུར་དུ་མེད་པ་ཡི་ཁུར་པོ།།
ཆོས་ཉིད་ཁྲིམས་ཀྱིས་བསྐུར་བའི་རང་བྱུང་གི་ཁུར་པོ།།
ཕོག་འདོད་ངལ་ལས་ལས་ཁུར་ལྷག་མ་ལས་མ་མཆིས།།
ཉོན་མོངས་དགྲ་ལས་རྒྱལ་བའི་དགའ་སྟོན་ཞིག་ཐོབ་ཀྱང་།།
ན་རྒ་གཡུལ་ལས་མ་རྒྱལ་ཕམ་ཁ་རང་ཁུར་འདུག།
སྒྲིབ་གཉིས་མཐར་རུ་དེད་དེ་དཔའ་རྟགས་ཤིག་བཞག་ཀྱང་།།
འཆི་བདག་གདོན་གྱི་བཙན་འཛུལ་ཉལ་ས་ནང་སླེབས་འདུག།
རྒྱལ་དགོས་པ་ལས་རྒྱལ་ཁ་ཐོབ་འདུག།
རྗེས་འཇུག་མང་པོ་དགའ་བས་མྱོས་འདུག།
ཕམ་དགོས་པ་ལས་ཕམ་ཁ་ཁུར་འདུག།
མ་ཕམ་རང་ཕམ་ཆོས་ཉིད་བཙན་པོ།