ཀླུ་སྨྱོན་ཧེ་རུ་ཀ
—ཁེ་ན་སྒྲ་ནས་བོད་ཀྱི་འབྲོག་ཁྱི་ཞིག་མཐོང་རྗེས།
ཚུར་ལ་ཉོན་དང་འབྲོག་པ་བླུན་རྒན་ཚོ།
ཁྱོད་ཚོར་སྒོར་མོ་དགོས་པ་ང་ཡིས་ཤེས།
ཁྱོད་ཚོར་སྒོར་སྨྱོ་བྱུང་བ་ང་ཡིས་རྟོགས།
ཁྱོད་ཚོས་རང་གཤིས་བརླགས་པ་ཁོ་བོར་གསལ།
ཁྱོད་ཚོའི་ཧམ་སེམས་འབར་བ་བདག་གིས་མཐོང་།
ང་ནི་ཁྱོད་ཚོའི་ཕ་མེས་ཡང་མེས་ནས།
མེད་ཐབས་མེད་པའི་སྒོ་ཟོག་ཉག་གཅིག་སྟེ།
ཉིན་མོར་འགྲུལ་བ་ཆ་མེད་ངས་བཀག་ཡོད་།
མཚན་གྱི་རྐུན་མ་སེམས་མེད་ངས་བདའ་ཡོད།
བར་གྱི་གཅན་གཟན་གྲངས་མེད་ངས་དཀྲོགས་ཡོད།
ལུ་གུ་ཆུང་ཆུང་ཚེ་སྲོག་ངས་བསྐྱབས་ཡོད།
བྱིས་པ་ཆུང་ཆུང་རྩེད་རོགས་ངས་བྱས་ཡོད།
ང་ནི་རྒན་རྒོན་ཀུན་གྱི་འདུག་རོགས་ཡིན།
ང་ནི་གཡུ་སྦྲ་སྨུག་པོའི་བླ་གཡུ་ཡིན།
ང་ནི་ཚེ་སྲོག་ཡོད་པའི་དར་ལྕོག་ཡིན།
ང་ནི་ཁྱེད་ཀྱི་མར་ལོ་ནག་རིལ་ཡིན།
ང་ནི་ཁྱེད་ཀྱི་སྲུང་མའི་མགོན་ཁྱི་ཡིན།
ང་ཡི་ཕ་མེས་ཡང་མེས་ཚང་མ་ཡིས།
ཁྱོད་ཚོའི་ཕ་མེས་གྲངས་ཀ་མེད་པ་ཞིག
ང་ཡིས་ཁྱོད་ཚོ་བཞིན་དུ་དྲིན་གྱིས་བསྐྱངས།
ཕར་ལ་འགྲོ་དུས་སྐྱེལ་མ་ངས་བྱས་ཡོད།
ཚུར་ལ་ཡོང་དུས་བསུ་མ་ངས་བྱས་ཡོད།
བཟའ་བཏུང་ངན་ངོན་ཙམ་གྱིས་ང་ཆོག་ཡོད།
ཉལ་ས་ཐེབས་ཆག་ཅིག་ཏུ་ང་བསྡད་ཡོད།
ཉིན་གང་ཕྱི་ནང་གཉིས་ཀར་ངས་བལྟས་ཡོད།
ཉིན་རིང་ལས་ཀྱིས་དུབ་པའི་ཁྱེད་ཅག་གིས།།
མཚན་རིང་སྔུར་བ་འཐེན་པའི་ནམ་གུང་ཡང་།
ངས་ནི་རྣམ་ཤེས་ལྕགས་སྐུད་ལྟར་བསྒྲིམས་ནས།
རང་སྲོག་དམར་པོ་འབེན་ལ་བཙུགས་བྱས་ཏེ།
དགྲ་ཇག་གཅན་གཟན་འཇིགས་པ་མ་ལུས་བསད།
ཁྱེད་ཀྱི་ནང་མིའི་བདེ་སྡུག་ཁོ་ནའི་ཆེད།
ང་ནི་དགུན་གསུམ་ཁ་བའི་ཁྲོད་དུ་ཉལ།
ཁྱེད་ཀྱི་རྟ་ནོར་ལུག་གསུམ་སྲུང་བའི་ཕྱིར།
ཁོ་བོ་དབྱར་གསུམ་ཆར་བའི་ནང་དུ་བརྒྱུགས།
ངེད་ཅག་བར་གྱི་བརྩེ་དུང་ཟབ་མོའི་མདུན།
སྐེ་ལ་ལྕགས་ཐག་བསྐོན་ཡང་བཟོད་པར་བྱས།
ཕ་མེས་དུས་ཀྱི་བླ་དང་སྲོག་གི་ཕྱིར།
སྒོ་ལ་ཕུད་ཀྱང་དགའ་བཞིན་དང་དུ་བླངས།
ང་ནི་དུད་འགྲོ་ཡིན་ཡང་མི་སེམས་ལྡན།
ང་ཡིས་དགའ་སྡུག་རྣམ་འགྱུར་མ་ལུས་ཤེས།
ཁྱེད་ཅག་རང་གི་ནང་མིར་བརྩེ་བ་བཞིན།
ང་ཡང་ཁྱེད་ཀྱི་ནང་མིར་བརྩེ་དུང་ཡོད།
ཇི་སྲིད་ཁྱེད་ཀྱི་གཡུ་སྦྲ་སྨུག་པོའི་འདབས།
རྟ་ནོར་ལུག་གི་རྨིག་རྗེས་མ་རྫོགས་བར།
ང་ཡི་ལུས་པོ་ཁྱེད་ལ་བཅར་ནས་ཡོད།
ང་ཡི་རྣམ་ཤེས་ཁྱེད་ལ་དཀྲིས་ནས་ཡོད།
ཇི་སྲིད་ཁྱེད་ཀྱི་རྡོ་ཁང་སྨུག་པོའི་ནང་།
དབྱངས་གསལ་སོ་བཞིའི་གླུ་དབྱངས་མ་ཡལ་བར།
ང་ཡི་མིག་གིས་ཁྱེད་ཅག་འཚོས་ནས་ཡོད།
ང་ཡི་བརྩེ་བས་ཁྱེད་ཅག་བསྡམས་ནས་ཡོད།
ནམ་ཞིག་མགོ་ནག་བོད་པའི་ཉི་ནག་སྟེ།
རྩྭ་ཐང་རྟ་ནོར་ལུག་གིས་སྟོངས་པའི་དུས།
འབྲོག་པ་གྲོང་ཁྱེར་ཆེན་པོར་གཤར་བའི་དུས།
རོང་བ་བོད་ཀྱི་གྲས་ནས་འབུད་པའི་དུས།
རྒན་རྒོན་ལག་ན་མ་ཎི་མེད་པའི་དུས།
དར་མའི་སེམས་ན་ཞི་བདེ་མེད་པའི་དུས།
གཞོན་པའི་ཁ་ན་ཀ་ཁ་མེད་པའི་དུས།
བོད་མིར་སྒོར་ལས་བསམ་རྒྱུ་མེད་པའི་དུས།
ཁོ་བོའི་སྐེ་ཡི་ལྕགས་ཐག་སྦོམ་པོ་འདིས།
མི་འདོད་བཞིན་དུ་ཤེད་ཀྱིས་འཐེན་བཞིན་དུ།
རྒྱ་ཧེའི་ལག་ཏུ་མ་འཇོག་ཞུ་བ་འཐེན།
ལྕགས་དྲའི་ནང་དུ་མ་འཇུག་ཞུ་བ་འཐེན།
གྲོང་ཁྱེར་ཆེན་པོར་མ་འཁྲིད་ཞུ་བ་འཐེན།
མ་ཉེས་བཙོན་དུ་མ་འཇུག་ཞུ་བ་འཐེན།
ཁྱོད་ཚོར་ང་མི་མཁོ་བའི་དུས་ཚོད་དེར།
ང་ཡི་ཕ་མེས་ཡང་མེས་ལས་ཅན་ཚོ།
ལོ་སྟོང་སྔོན་དུ་བག་ཡངས་རྒྱུ་བའི་གནས།
རི་ཀླུང་རི་སྐྱེས་སྣ་ཚོགས་རང་དབང་གིས།
འཚོ་བའི་གནས་དེར་ང་རང་སྐྱེལ་བར་ཞུ།
ང་ནི་ཁྱེད་བཞིན་ཁྱེད་ནི་ང་བཞིན་དུ།
རང་གི་ཕ་མེས་རིག་གཞུང་སྣུམ་པོ་དེ།
ཕ་ས་གསེར་གྱི་བྲང་མགོ་འདྲ་བའི་སྟེང་།
མིག་རིལ་ཆུ་ཤེལ་རིལ་བུ་འདྲ་བོའི་མདུན།
རྨེག་མེད་འཇོམ་པའི་ངང་ཚུལ་འཇིགས་པོ་འདི།
མཐོང་བ་ལྟ་ཅི་གོ་ཡང་མི་འདོད་པས།
ང་ནི་ཕ་སའི་རི་ཆུར་འཐིམ་ན་འདོད།
ང་ནི་ཕ་མའི་པང་དུ་ལོག་ན་འོས།
ང་ནི་ས་སྟོང་ལུང་སྟོང་ཉུལ་ན་འདོད།
ང་ནི་གངས་འདབས་༷ཤིག་ནས་འཆི་ན་འདོད།
དེ་སྐད་འབྲོག་ཁྱི་ཡོངས་ཀྱི་ཚབ་བྱས་ཏེ།
སྙན་པའི་གླུ་ཆུང་བདེན་པའི་རོ་མངར་ཅན།
ཀླུ་སྨྱོན་རྒད་པོའི་མགྲིན་པ་གཡར་བྱས་ནས།
འབྲོག་པ་བླུན་རྒན་ཚོ་ལ་བླངས་པ་རྫོགས།
གླུ་སྨྱོན་གླུ་ལ་རྫོགས་པའི་མཐའ་དང་བྲལ་།
སྟོན་པ་སངས་རྒྱས་བྱོན་ཚུལ་གླུ་རུ་བླངས་།
སྐྱོབས་པ་དམ་ཆོས་དར་ཚུལ་གླུ་རུ་བླངས་།
སྲིད་པ་ཆགས་པའི་ཁུག་སོ་གླུ་རུ་བླངས་།
ཡ་ཆུང་སྙིང་གི་ཐིག་ལེ་གླུ་རུ་བླངས་།
མ་ཆུང་རྒྱུ་མའི་ཁུག་མགོ་གླུ་རུ་བླངས་།
མགོ་སྐྱེས་སྐྲ་ཡི་རྩེ་མོ་གླུ་རུ་བླངས་།
སྐང་སྐྱེས་སེན་མོའི་རྩ་བ་གླུ་རུ་བླངས་།
ཕོ་ཡི་ལངྒ་ཁྲག་ཚུས་གླུ་རུ་བླངས་།
མོ་ཡི་བུ་ག་དོག་ཚུས་གླུ་རུ་བླངས་།
རྟ་གླུ་ལུག་གླུ་ད་དུང་ཐོས་མ་ཐ་།
ཁྱི་གླུ་སྙན་མོ་དེ་རིང་བླངས་ཞག་ཐ་།
ཀླུ་སྨྱོན་གི་ད་དུང་ཁྱི་ཁྱོ་གའི་ཚབ་བྱེད་བཞིན་པའི་དགའ་སྐྱིད་ཀྱི་གླུ་ཞིག་བླངས་ན་ཉན་འདོད་ཧ་ཅིང་ཆེ།
མཛེས་མ་ཚེ་རིང་སྐྱིད་དང་ཀླུ་སྨྱོན་གཉིས།
ནུབ་ཕྱོགས་ཨ་རིའི་ཞིང་དུ་འཛོམས་པ་དེ།
བཀྲ་ཤིས་གནམ་ས་ཟུང་དུ་འབྲེལ་ལོ་ཞེས།
འབྲོག་ཁྱི་གཟི་བརྗིད་ཅན་དེས་དབྱངས་སུ་ལེན།
ཀླུ་སྨྱོན་སྨྱོས་ནས་སྨྱོ་ལབ་ལུང་པ་གང་། །
མགོ་སེར་རྐུབ་གཡོག་རྒྱུག་གིན་བྲིས་པ་མཐོང་། །
ཁ་རྐུབ་གཉིས་ཀ་གད་མོ་དབང་མེད་ཤོར། །
ད་དུང་སྨྱོ་གཏམ་སྤེལ་ཅིག་དགུང་གཟར་ལགས། །
ཀླུ་སྨྱོན་ཧེ་རུ་ཀས་དེ་རིང་དངོས་ཡོད་གནས་ཚུལ་གྱི་བོད་ནང་གི་བོད་ཀྱི་འདམ་ཁྱི་བདག་པོ་ཚོ་ལ་སློབ་གསོ་ཡག་པོ་རྒྱབ་འདུག་ཐུགས་རྗེ་ཆེ།།
ཀླུ་སྨྱོན་རྙིང་མར་ཆགས་ནས་བཟུང་། མགྲིན་པའི་རྩ་མདུད་རང་གྲོལསོང་།། བྱམས་དང་སྙིང་རྗེ་ཆེ་རུ་སོང་།། རྙིང་ཆོས་མང་བོ་ཤེས་མདོག་ཟེར།། འགའ་རས་ཀླུ་སྨྱོན་རྐུན་མ་ཟེར།། རྙིང་རྩོམ་མང་པོ་བརྐུས་སོང་ཟེར།།
དེང་རབས་རྩོམ་པ་པོ་གྲགས་ཅན་ཨ་ཁུ་ཀླུ་སྨྱོན་ལ་བཀྲིས་བདེ་ལེགས་ཡོད་དོ།
དངོས་ནས་ཚབ་མཚོན་རང་བཞིན་གྱི་སྙན་ངག་ལེགས་པོ་བྲིས་འདུག
དེ་རིང་ཀླུ་སྨྱོན་འབྲོག་ཁྱིའི་ཚབ་བྱས་དེ།།
དེ་རིང་སང་གི་འབྲོག་པ་སྒོར་རྔམ་ཚོས།།
དེང་གི་བར་དུ་ཤིན་ཏུ་དྲིན་ཆེ་ཞིང་།།
ཁ་ཆར་བུ་ཡུག་དཀའ་སྡུག་ཇི་ཡོད་ལ།།
ཇི་མི་སྙམ་སྟེ་གནའ་བོའི་དུས་ནས་ནི།།
འབྲོག་པ་རྣམས་ལ་མེད་དུ་མི་རུང་བའི།།
རྫིག་ཅིང་ངར་ལ་འགྱིང་ཉམས་རབ་ལྡན་པའི།།
རིན་ཆེན་གསེར་གཡུ་བས་ཀྱང་ལྷག་པ་ཡི།།
འབྲོག་ཁྱི་དེ་དག་ད་ཆ་འབྲོག་སྨྱོན་ཚོས།།
ད་ལ་ཐུག་པའི་དྲིན་བཟོ་མི་དྲན་པར།།
སྒོར་རྡོག་རེ་ཟུང་རགས་དུས་ཚོས་རྫས་སུ།།
སྤྱོད་པའི་ཡིད་སྐྱོ་བྱ་ངན་དེ་དག་ལ།།
སྐྱོན་བརྗོད་ཐེར་འདོད་གནད་ཐིབས་བྱས་འདུག་པས།།
ངོ་མ་གནས་དོན་དེ་ལ་རྒྱབ་སྐྱོར་ཡོད།།
འདི་བོད་ཀྱི་འབྲོག་ཁྱི་ཡིན་པའི་རྒྱུ་མཚན། ལྷ་ཡིད་ཆེས་ཤིང་འདྲེ་ཁོ་ཐག་ཆོད་པ་ཞིག་སྐྱབས་འཇུག་ཞུ། གཞན་ཡག་ཚད་བཟང་ཚད་བོད་པའི་རེད་ཟེར་ན་དེ་ཙམ་དེ་ཙམ་རེད།
རྙིང་རྩོམ་བརྐུས་པའི་སྡིག་པ་ནི། །
ཤིག་མཇེ་ཙམ་ཞིག་ང་ལ་མེད། །
དགེ་རྩོམ་བརྐུས་པའི་ཉེས་པ་ནི། །
བོང་སྟུའི་ཚད་ཙམ་ཡོད་ན་ཐང་། །
འབྲོག་པ་སྡུག་དུས་འབྲོག་ཁྱི་སྐྱབས་སུ་བསྟེན།།
འབྲོག་པ་སྐྱིད་དུས་འབྲོག་ཁྱིའི་དྲིན་མི་དྲན།།
འབྲོག་ཁྱི་སྒོར་དང་བརྗེ་བའི་སྡུག་ལས་འདི།།
འབྲོག་པའི་མི་གཞི་ཉམས་པའི་རྟགས་ལོས་ཡིན།།
ལེགས་སོ། ལེགས་སོ། ཀླུ་སྨྱོན་ཁྱོད་ལེགས་སོ།
ཇི་སྐད་དུ་འཔགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ། ལེའུ་ ༩། ཚིགས་བཅད་ ༢༣
མིག་དང་རྣ་བ་སྣ་ཡང་ཚད་མ་མིན།
ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན།
གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན།
འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ།།
རྗེ་ཙོང་ཁ་པས་ལམ་རིམ་ཆེན་མོ། དེབ་ཤོག་༥༨༡ ན་ལུང་དུ་དྲངས་སོ།
འབྲོག་ཁྱི་དེ་ཚོར་ཐུན་མིན་ཁྱད་ཆོས་ཀྱིས།
སྒོར་མོ་ཁྲི་ཕྲག་མང་པོའི་རིན་ཐང་ཐོག
མེས་པོའི་ཞིང་སར་མི་གནས་ནུབ་ཕྱོགས་སུ།
གདན་ཞུ་བྱས་པར་ཁྱོད་གླུ་ལེན་དོན་ཅི།
ཀླུ་སྨྱོན་ཁྱོད་ནི་ད་ལྟ་གང་དུ་ཡོད།
ཕ་ཡུལ་དོར་ནས་བཙན་བྱོལ་རྒྱ་བལ་ཡོང།
དགོན་བཞུགས་ཚོགས་པ་མི་སྡེ་ཡོངས་དཀྲུག་ནས།
རང་གཞན་མི་ཕན་གནས་བཟོད་མི་བདེ་བར།
དཀར་པོའི་ཤོག་སྟེང་ནག་པོའི་རྫུན་འགྲིག་ནས།
སྒོར་མོ་སྤྲད་ནས་ནུབ་ཕྱོགས་ཨ་རིར་བསྐྱོད།
ད་ཆ་རང་ལུས་རང་ངོ་ཤེས་པ་གྱིས།
ཧ་ཧ་ཧ་ཧ་ ཤིག་མཇེ་དང་བོང་སྟུ་ང་དོག་ཙི་མིན་ན་ཤི་སོང་ད་དུང་ཧ་ཧ་ཧ་ཧ་ཧ་ཧ
ཁྱི་རྒན་ཞིག་གིས་ཁྱི་ཁ་མ་བཙུམ་པར།།
འབྲོག་རྒན་ཞིག་ལ་ངན་པ་བཤད་བཤད་བཞག།
ལས་དང་སྐལ་བ་རྩི་བའི་ས་ཞིག་ན།།
འདི་དག་ཚང་མ་སྔོན་བསགས་བསོད་ནམས་རེད།།
ཁྱི་དོམ་པའི་སྨཻང་གླུ་གསར་བ་འདི་སྙན་པོ་ཞེ་དྲག་བྱུང་སོང་།
དཀོན་བརྩེགས་འོད་སྲུངས་ཀྱི་ལེའུ་ལས།
དུས་ཡ་ང་བ་འདི་ལྟ་བུ་ལ་གནས་ན་ཡང་ཀུན་དགའ་བོ་ངས་སྙིང་རྗེ་ཆེན་པོ་མདུན་དུ་བྱས་ཏེ། སྙིང་རྗེ་ཆེན་པོ་དང་ལྡན་པས་ད་ལྟ་གྲོང་དང་གྲོང་ཁྱེར་དང་། གྲོང་བརྡལ་དང་ལྗོངས་དང་ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་གི་འཁོར་རྣམས་སུ་ཞུགས་ཏེ་ཆོས་སྟོན་པ་ན། ང་ལ་ཁ་ངན་ཟེར་ཞིང་གཤེ་སྟེ་ཚོགས་པར་དབྱུང་དུ་མི་རུང་བའི་ཚིག་རྩུབ་པ་བརླང་པོར་སྨྲ་བར་བྱེད་དོ།། ཀུན་དགའ་བོ། ང་ལ་ཆད་པར་སྨྲ་བ་ཡིན་ནོ་ཞེས་ཀྱང་ཟེར་རོ།། རྟག་པར་སྨྲ་བ་ཡིན་ནོ་ཞེས་ཀྱང་ཟེར་རོ།། འཁོར་འདོད་པ་མང་ངོ་ཞེས་ཀྱང་གླེང་ངོ་། ། ཁྱིམ་གྱི་ནང་དུ་ཞུགས་ན་ཡང་ང་ལ་སས་ཀྱང་འཐོར་རོ།། དུག་དང་འདྲེས་པའི་ཟས་ཀྱང་བྱིན་ནོ།། མེའི་ཕུང་པོ་ཡང་ཉེ་བར་བསྒྲུབས་སོ།། འདི་ལྟ་སྟེ་སངས་རྒྱས་སུ་གྱུར་ཀྱང་མཛེས་ལྡན་མ་ལྟ་བུ་འཁྲིག་པའི་ཆོས་དང་ལྡན་པས་ང་ལ་སྐུར་བ་ཡང་བཏབ་བོ།། ཀུན་དགའ་བོ་ངས་སྙིང་རྗེ་ཆེན་པོ་མདུན་དུ་བྱས་ཏེ། སྙིང་རྗེ་ཆེན་པོ་དང་ལྡན་པས་ད་ལྟ་སེམས་ཅན་དེ་ལྟ་བུ་དེ་དག་ལ་ཆོས་སྟོན་ཏོ།།
སྣང་བ་གླུ་རུ་ཤར་བའི་རྣལ་འབྱོར་བ། །
ཀླུ་སྨྱོན་བླ་མའི་གླུ་ལ་ཚར་རྒྱུ་མེད། །
ཁྱི་རྒན་སེམས་ཀྱི་སྡུག་གཏམ་གླུ་རུ་ལེན། །
མཛེས་མའི་སེམས་ཀྱི་གསང་བ་གླུ་རུ་ལེན། །
འཇིག་རྟེན་གསང་བའི་སྒོ་མོ་ཕྱེ་ནས་ལེན། །
འདོད་པའི་བདེ་བའི་ཕྱི་ཤུན་བཀོག་ནས་ལེན། །
ངོ་ཚའི་གོས་ཀྱི་སེང་རས་བཤུས་ནས་ལེན། །
མཚན་མའི་བྱེད་ལས་ནུས་པ་བསྟན་ནས་ལེན། །
སྲིད་པའི་གསང་བ་ཚར་བར་མ་གྱུར་ན། །
རྣལ་འབྱོར་སྨྱོན་པའི་གླུ་ཡང་གང་ནས་ཚར། །
ད་རེས་ཀླུ་སྨྱུན་གྱིས་གླུ་ལེགས་པོ་ཞིག་བྲིས་འདུག ཡིད་རངས་ཡོད།
རོང་པས་ཕ་མ་བཙོང་བར་མི་འཕྱ་བར།
འབྲོག་པས་འབྲོག་ཁྱི་བཙོང་བར་བརྡིག་པ་འདིས།
ཀླུ་སྨྱོན་ཙ་སྨྱོན་ཡིན་པ་ཙམ་མིན་པར།
རོང་འབྲོག་འཐེན་ཁྱེར་བར་ནསའང་སྨྱོས་བར་རྟོགས།
རྙིང་མས་བུད་མེད་ཁྲིད་པར་མི་འཕྱ་བར།
གྲྭ་སའི་གྲྭ་བ་བབས་པར་བརྡིག་པ་འདིས།
ཀླུ་སྨྱོན་ཙ་སྨྱོན་ཡིན་པ་ཙམ་མིན་པར།
ཆོས་ལུགས་འཐེན་ཁྱེར་བར་ནསའང་སྨྱོས་བར་རྟོགས།
ཨ་མདོས་སྨྱོ་གཏམ་བཤད་པར་མི་འཕྱ་བར།
ཁམས་པའི་དྲང་གཏམ་བཤད་པར་བརྡིག་པ་འདིས།
ཀླུ་སྨྱོན་ཙ་སྨྱོན་ཡིན་པ་ཙམ་མིན་པར།
ཆོས་ལུགས་འཐེན་ཁྱེར་བར་ནསའང་སྨྱོས་བར་རྟོགས།
ལྷ་སའི་མིག་དམར་མིག་སྒྲུབ་མ་ཚོར་བར།
གླིང་ཚང་མ་བུ་གླིང་དུ་སྒྲགས་པ་འདིས།
ཀླུ་སྨོན་ཙ་སྨྱོན་ཡིན་པ་ཙམ་མིན་པར།
ཆགས་སྡིང་འཐེན་ཁྱེར་བར་ནསའང་སྨྱོས་བར་རྟོགས།
དེང་སྐབས་ཀླུ་སྨྱོན་སེམས་གཤིས་ལྟིང་པར་མཇལ།།
འཆལ་གཏམ་ཉུང་ལ་སྤྱི་ཚོགས་འགན་འཁྲི་ལྗིད།།
ཧ་ཅང་མཛེས་པའི་སེམས་འགྱུ་རྣལ་མ་འདིས།།
མཇེ་སྟུ་ཉུང་ན་སྨྱུ་གུའི་རྩེ་མོར་བསྔགས།།
བུད་མེད་ཁྲིད་མཁན་རྙིང་མར་བརྗོད་ལུགས་ལ།། ལྷ་མོ་སྒྲོལ་མར་འཐེན་འཁྱེར་མི་འདུག་ལགས།། ཨ་མདོས་སྨྱོ་གཏམ་བཤད་པ་ཟེར་ལུགས་ལ།། ལྷ་མོ་སྒྲོལ་མར་ཕྱོགས་རིས་མེད་ངེས་རེད།།
རྙིང་པ་ཞུས་ཚེས་ཚང་དུ་ཕོག་ལུགས་ལ།
ཨ་མདོ་གླེང་དུས་ཁོང་ནས་ཁྲོ་ལུགས་ལ།
ཕྱོགས་ལ་ཞེན་ནས་སྨྱོ་ལ་བྱེད་ལུགས་ལ།
བོད་ལ་ཞེན་ནས་ཟེར་བ་ཨེ་བདེན་ན།
ཀླུ་སྨྱོན་ལས་ཀྱི་དེད་ནས་ཨ་མདོར་སྐྱེས།
ཀླུ་སྨྱོན་གྲྭ་སའི་བྲོས་ནས་རྙིང་མར་ཞུགས།
ཀླུ་སྨྱོན་འདོད་པས་མྱོས་དེ་བླ་སྨྱོན་བྱས།
ཀླུ་སྨྱོན་ཆགས་པའི་མྱོས་སྟེ་ཙ་སྨྱོན་གྱུར།
ཀླུ་སྨྱོན་ཙ་ཡིས་མྱོས་སྟེ་གང་བྱུང་གི
ཆོས་དང་བསྟན་པ་དངོས་སུ་བཤིག་པ་འདི།
ལྷ་མོ་སྒྲོལ་མས་དྲང་མོ་བདེན་པ་ཡིས།
དངོས་སུ་བྲིས་པ་འདི་ལ་སྐྱོན་ཅི་ཡོད།།
དེ་རིང་བོད་མདོ་སྨད་བླ་བྲང་གི་ཨ་ཁུ་འཇམ་དབྱངས་རྒྱ་མཚོས་ཁོ་ཚེ་ས་ཁུལ་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྟ་གོན་རེད་འདུག
ཨ་ཁུ་ཀླུ་སྨྨྱོན་ཚང་གིས། སྙན་རྩོམ་འདི་འབྲོག་པ་དེ་ཚོ་གིས་ཤིག་མཐོང་བ་ཡིན་ན། ད་བཟོད་ཚོར་བ་ཆེན་པོ་ཞིག་ལངས་ཁོ་ཐག་རེད།
ལྷ་མོའི་ཁ་སྐོང་།
རྙིང་མས་བུད་མེད་ཁྲིད་པར་མི་འཕྱ་བར།།
དགེ་ལུགས་རྐུབ་ལ་རྒྱོ་བར་བརྡིག་པ་འདིས།།
ཀླུ་སྨྱོན་ཙ་སྨྱོན་ཡིན་པ་ཙམ་མིན་པར།།
ཆོས་ལུགས་འཐེན་ཁྱེར་བར་ནསའང་སྨྱོས་བར་རྟོགས།།
རྙིང་མར་བརྗོད་ཚེ་ཕོགས་ལུགས་དེ།། ང་རང་རྙིང་མ་ཡིན་པས་རེད།། ཨ་མདོར་བརྗོད་ཚེ་ཕོགས་ལུགས་དེ།། ང་རང་བོད་རིགས་ཡིན་པས་རེད།།
མཆན་བུ་འདེབས་མཁན་ཚོས་བརྗོད་གཞི་དང་འབྲེལ་བའི་འབྲོག་ཁྱིའི་སྐོར་ལ་མང་ཙམ་འབྲི་ཐུབ་ན་ལྟ་འདོད་ཡོད། དེ་མིན་རྙིང་མ་བ་ཚང་གི་ཁ་དཔེ་ལ་ཁྱིས་རྡོ་བསྙེགས་ཞེས་བ་དེ་འབྲོག་ཁྱི་ལ་ཟེར་བ་འདྲ། བོད་པའི་གཤིས་ཀ་དང་འབྲོག་ཁྱི་གཉིས་འདྲ་བ་འདུག །ཁར་ཐུག་མ་གཏོགས་མི་མཐོང་བ་བོད་པའི་གཤིས་ཀ་རེད།
ཨ་ཁུ་ཀླུ་སྨྱོན་གཤེགས་པའི་རྗེས་ཤུལ་ན།།
དྲ་འབུ་འཁོར་ས་མེད་པའི་སྡུག་ཞིག་ཡོད།།
ཁ་ནས་ཆགས་བཤད་སྨྱོ་བཤད་བརྒྱ་བྱས་རུང་།།
ཨ་ཁུ་འལ་སྡུག་གི་མ་འདུག་དྲིན་ཆེན་ཆོ།།
ངའི་དྲིན་ཅན་འབྲོག་མོ་མ་རྒན་་གྱིས། མི་རྟ་ཁྱི་གསུམ་རྣམ་ཤེ་གཅིག་རེད་ཅེས་ཡང་ཡང་ཟེར་མྱོང་བ་དྲན་དུ་བཅུགས་སོང་།
གཞན་གྱི་སྐྱོན་ནི། མིག་དང་རྣ་བ་དང་སེམས་པ་གསུམ་ཀས་ཕྱར་གྲུ་མཉམ་འདེགས་ཀྱིས་འཚོལ་ཆོག་པས་ལས་སླ་བོ་ཡིན་མོད་ཀྱང་། རང་སྐྱོན་འཚོལ་ན་སེམས་ཁོ་ན་རྣལ་དུ་ཕབ་དགོས་པས་དེ་བྱ་ཐུབ་མཁན་དཀོན་པོ་འདུག
འབྲོག་པས་འབྲོག་ཁྱི་བཙོང་བར་སྨད་དོན་ཅི།།
ཁྲི་སྟེང་བླ་མས་ཆོས་ཀྱང་བཙོང་ནས་ཐལ།།
ཁྲི་འོག་གྲྭ་པས་སྡོམ་པ་བཙོང་ནས་ཐལ།།
དབང་ཆེན་དཔོན་པོས་ཁྲིམས་ལུགས་བཙོང་ནས་ཐལ།།
སྐྱ་སེར་གཉིས་ཀས་རིག་གཞུང་བཙོང་ནས་ཐལ།།
སྟག་ཤར་གཞོན་ནུས་མཇེ་ཡང་བཙོང་ནས་ཐལ།།
སྨན་ཆུང་བུ་མོས་སྟུ་ཡང་བཙོང་ནས་ཐལ།།
བཙན་བྱོལ་བོད་པས་བོད་ཡིག་བཙོང་ནས་ཐལ།།
བོད་པ་ཕལ་ཆེས་བོད་གོས་བཙོང་ནས་ཐལ།།
བོད་པའི་ཚོང་པས་ལྷ་ཡང་བཙོང་ནས་ཐལ།།
གངས་ཅན་པ་ཡིས་བཟང་སྤྱོད་བཙོང་ནས་ཐལ།།
མདོར་ན་ཡོད་ཚད་དངུལ་དང་བརྗེས་ནས་ཐལ།།
མདོར་ན་ཡོད་ཚད་ནོར་གྱིས་བསླུས་ནས་ཐལ།།
མདོར་ན་རྒྱུ་འབྲས་རྒྱབ་ལ་གཡུག་ནས་ཐལ།།
རང་སྐྱོན་རྡུལ་ཕྲན་བཞིན་དུ་རྟོགས་པར་དཀའ།
གཞན་སྐྱོན་རི་བོ་བཞིན་དུ་མངོན་པར་གསལ།
ཚིག་འདི་ངས་བོད་གཙང་དུ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་ན་མཇལ། རང་རྒྱུད་ཕན་པ་ཞིག་བསམས་སམ་གང་ཡིན། ལེའུ་ག་ན་ཡོད།
འབྲོག་པས་འབྲོག་ཁྱི་འཚོང་དོན་ཅི་ཞིག་རེད།།
འབྲོག་པས་འབྲོག་ཁྱི་འཚོང་དོན་སྒོར་མོ་རེད།།
སྒོར་དང་འབྲོག་ཁྱི་བརྗེས་དོན་ཅི་ཞིག་རེད།།
སྒོར་དང་འབྲོག་ཁྱི་བརྗེས་དོན་སྨྱོ་ལྟས་རེད།།
འབྲོག་ཁྱི་འབྲོག་པར་མཁོ་བ་མ་ཡིན་ནམ།།
འབྲོག་ཁྱི་འབྲོག་པར་མཁོ་དང་ལོས་མཁོ་སྟེ།།
འབྲོག་པ་སྒོར་ལ་རྔམ་པ་ཆེ་དྲགས་པས།།
འབྲོག་ཁྱིའི་དྲིན་བཟོ་ཡོད་དོ་བརྗོད་མིན་འགྲོ།
སྔར་གཡག་གི་སྐྱོ་གླུ་ཞེས་པའི་སྒྲ་ཐག་ཅིག་ལ་ཉན་མྱོང་བ་བཞིན་དེ་རིང་འདིར་ཡང་ཀླུ་སྨྱོན་ལགས་ཀྱིས་ཁ་གྲག་མི་ཤེས་པའི་སྒོ་ཁྱིའི་མགྲིན་ཚབ་པ་བྱས་ཏེ་སྨྲེ་ངག་དབྱངས་སུ་གྱེར་བ་འདིས་སེམས་པ་སྐྱོ་ལྷང་ངེར་བྱས་སོང་།སྙིང་རྗེ་ཅན་གྱི་ངག་ལ་རང་བཞིན་གྱིས་བྱིན་རླབས་ཤིག་ཡོད་པར་ཚོར་སོང་།
སྔ་མོ་སྔ་མོ་ཞིག་ན་རྗེ་བཙུན་མི་ལ་རས་པ་།
བར་མ་བར་ཁུག་ཞིག་ན་ཞབས་དཀར་ཚོགས་དྲུག་རང་གྲོལ་།
ད་ལྟའི་དུས་ཚོད་འདི་ལ་གླུ་སྨྱོན་ཧེ་རུ་ཀ་དཔལ་།
མགྲིན་པ་ལོང་སྤྱོད་འཁོར་ལོ་།
གདམ་ངག་རྡོ་རྗེའི་མདུད་པ་།
བདག་པོ་ཨ་རིར་བཞུད་སོང།
སྦྲ་ཁང་སྟོང་པར་ལུས་སོང།
སྒོ་ཁྱི་ང་ནི་མི་སྡོད།
ནུབ་བྱང་ཕྱོགས་ལ་ཆས་འགྲོ།
མི་ཡུལ་སྐྱིད་ནས་མ་ཡིན།
རང་ཡུལ་སྡུག་ནས་མ་ཡིན།
བདག་པོ་མེད་པའི་སྒོ་ཁྱི།
བསྡད་དང་མ་བསྡད་མི་འདུག
མི་ཡུལ་འགྲིམས་པའི་སྒོ་ཁྱི།
དྲུག་སུམ་བསམ་བློ་གཏོང་དུས།
ང་ཡི་བདག་པོ་བདག་མོ།
ཅིས་ཕྱིར་གཞན་ཡུལ་བཞུད་དམ།
རང་ཡུལ་གངས་ཅན་ཞིང་དུ།
མི་དང་སྒོ་ཁྱིའི་དབར་ལ།
གནས་མལ་ཟས་ཙམ་མ་ཡིན།
རིགས་ཀྱི་དམན་སར་བཞག་ཡོད།
ནུབ་ཕྱོགས་དག་པའི་ཞིང་དུ།
བདག་པོ་སྒོ་ཁྱིའི་དབར་ལ།
དབྱེར་མེད་ལྷན་ཅིག་བདན་གྲལ།
བཞུགས་པའི་སྐལ་བཟང་ཤར་སོང།
མར་གྱུར་འགྲོ་རྣམས་བཤད་ཀྱང།
སྒོ་ཁྱི་དམན་སར་འཇོག་སྟངས།
འདི་ལ་བསམ་གཞིག་བྱེད་དུས།
སྐྲ་སེར་ནང་པ་དག་མ།
གཞིས་སྡོད་སྒོ་ཁྱི་ཁྱེད་ཚོ།
མ་འདུག་འདི་རུ་ཕྱོགས་དང།
ཤ་ཀྲིན་རུས་ཀྲིན་གསར་པར།
རོལ་བཞིན་སྐྱིད་ཉལ་བྱེད་ཆོག
ཕྱི་རུ་གྲང་ངར་ལྷགས་པ།
ནང་དུ་བདག་པོས་སྡིག་སྨོད།
བར་ན་གཅན་གཟན་འཇིགས་དངས།
མེད་པར་སྐྱིད་ཉལ་རྒྱབ་ཆོག
འབྱོར་ལྡན་ཨ་རི་བ་ཞིག་གིས་སྦྱིན་བདག་བྱས་ཏེ་ཁྱེར་བའི་ནུབ་ཕྱོགས་སུ་འགྲིམས་པའི་བོད་ཀྱི་འབྲོག་པའི་ཁྱི་སྨྱོན་སེང་གདོང་པས་གཞིས་བཞུགས་ཀྱི་གྲོགས་པོ་ཁྱི་ཁྱམས་རྣམས་ལ་འཕྲིན་འདི་ཕུལ།
ཚིག་གི་སྡེབ་སྦྱོར་ཡག་དང་གཅིག །
དོན་གྱི་བསྟན་དོན་བརླིང་དང་གཉིས། །
མཛེས་དཔྱོད་ཚོར་བས་བཀླུབས་དང་གསུམ། །
ཨ་ལགས་ཀླུ་ཡི་རྩོམ་རྩལ་རེད། །
ཕྲག་དོག་གདོན་གྱིས་བསྐུལ་དང་གཅིག །
ཕྱོགས་ཞེན་དུག་གིས་མྱོས་དང་གཉིས། །
རང་ལྟ་མཆོག་འཛིན་ཆེ་དང་གསུམ། །
དྲ་འབུ་རྣམས་ཀྱི་སྨྱུག་ཁ་རེད། །
ཁྱེད་རྣམ་པས་དྲང་ལྡོག་ཅི་རིགས་ནས་དགོངས་ཚུལ་སྤེལ་བར་དགའ་བསུ་ཡོད། མི་འགྱངས་པར་ཁོ་བོའི་སྙན་ངག་རིང་མོ་”རྒྱ་མཚོའི་གཏིང་ནས་བླངས་པའི་གླུ་”ཞེས་པ་ཞིག་ཀྱང་ཁྱེད་ཅག་གི་སྤྱན་སྔར་འགྲེམ་ཐུབ་པའི་རེ་བ་ལྕི།
འབྲོག་ཁྱི་ཚོང་སྒྱུར་བྱེད་པའི་བྱ་བ་འདི་གནད་དོན་མང་པོ་ཞིག་ལ་ཐུག་ཡོད་སྟབས། བརྒྱ་ཁ་གཅིག་གཅོད་བྱས་ནས་འབྲོག་པ་ཚོར་སྡང་ཟུག་བྱས་པས་མི་ཕན། ང་རང་ཚོ་ནང་ཆོས་ཁས་ལེན་བྱེད་མཁན་ཚོས་བྱ་དངོས་ཐམས་བཅད་རྒྱུ་དང་རྐྱེན་ལ་ལྟོས་པ་ངོས་འཛིན་བྱས་ནས། དངོས་པོ་ཐམས་བཅད་རང་བཞིན་དུ་མ་གྲུབ་པ་ཡིན་ཟེར། དེ་བཞིན་དུ། འབྲོས་པས་ཁྱི་ཚོང་དགོས་པ་འདི། རྒྱུ་མང་པོ་ཞིག་དང་རྐྱེན་མང་པོ་ཞིག་ལ་ཐུག་ཡོད་སྟབས། འདི་དག་ལ་དོ་སྣང་ཏོག་ཙམ་བྱས་ན། ད་གཟོད་འབྲོག་པ་རྣམས་ཀྱིས་སྐྱིད་མིག་གིས་མི་ཚོར་ལྟ་བུས་ལངས་ཤོར་ཏུ་སོང་བ་མིན་པར་ཤེས་ཐུབ།
གཅིག། རྒྱ་གུང་ཁྲན་ཡོང་ནས་འབྲོག་པའི་ཐོན་སྐྱེད་ལ་གཏོར་གཤིག་ཆེན་པོ་བཏང་ནས། འབྲོག་པའི་ཡོང་བབ་ཉིན་རེ་བཞིན་ཇེ་ཉུང་དུ་འགྲོ་གི་ཡོད་པ་རེད། ཕྱོགས་མཚུང་འགྲོ་སོང་ཉིན་རེ་བཞིན་ཇེ་ཆེར་སོང་ནས། འཚོ་ཐབས་ལ་ཐབས་ཤེས་ཇེ་དཀའ་ཇེ་དཀའ་རེད། དཔེར་ན། ཁོར་ཡུག་ཁ་ལ་ཁྱེར་ནས། ཕྱུགས་ཟོག་གྲངས་ཀ་ཇེ་ཉུང་དུ་གཏོང་དགོས་ཀྱི་ཡོད། ད་ཐབས་ཤེས་ཅི་ཡོད་འདོན་ནས་ཡོང་བབ་བཟོ་དགོས་ཀྱི་ཡོད་སྟབས། ཁྱི་ལ་གོང་ཆེན་པོ་སྤྲོད་ཀྱི་ཡིན་ཟེར་དུས། བསམ་བློ་གཏོང་དགོས་ཀྱི་ཡོད།
གཉིས། འབྲོག་པའི་ཁྱིའི་སྐོར་ལ་ཁྱབ་བསྒྲགས་མང་པོ་བྱུང་ནས། འགའ་ཤས་ཁྱོག་བཤད་ཆེ་ལ་རྨོངས་དད་ལྟ་བུ་དང་། འགའ་ཤས་ཁྱི་སྒེར་རེ་གཉིས་ཀྱི་ཁྱད་ཆོས་སྤྱི་ལ་སྦྱར་ནས། གང་ལྟར་རྒྱའི་སྤྱི་ཚོགས་ནང་ལ་འབྲོག་ཁྱི་ནི་ཁོང་ཚོར་ཤིན་དུ་མཁོ་བའི་ནོར་བུ་ཞིག་ཏུ་གྱུར་སྟབས། ཁྲོམ་རྭའི་རིན་གོང་ཡང་ཤིན་དུ་མཐོན་པོ་ཡིན།
ད་ལྟ་ཁྱི་གཅིག་ལ་ནོར་སུམ་བརྒྱ་ལྷག་གི་རིན་གོང་ཐོབ་ཀྱི་ཡོད་སྟབས། དཔལ་འབྱོར་དཀའ་ངལ་ཤིན་དུ་ཆེ་བའི་བོད་པའི་འབྲོག་པར་ཚོས་ཅིའི་ཕྱིར་ཁྱི་ཚོང་མི་ལས་སམ།
དཔེར་ན། ལོ་སྔོན་མ་རྒྱ་ནག་ཀོང་ཀྲའུ་ཞིང་ཆེན་གྱི་ཚོང་པ་ཞིག་གིས་འབྲོག་ཁྱི་གཅིག་ལ་ཨ་སྒོར་འབུམ་གཉིས་ལྷག་ཙམ་སྤྲད་པ་རེད་ཟེར་ནས་གསར་འགྱུར་ཐོན་སོང་།
གསུམ་པ། འབྲོག་ཁྱི་འདི་ལྟར་བྲིན་པོ་ཡོང་བའི་རྒྱུ་མཚན་ནི། འབྲོག་ཁྱིའི་གཤིས་ཀ་དང་ཁྱད་ཆོས་དེ་ད་ལྟ་ང་ཚོའི་སྤྱི་ཚོགས་ནང་ལ་ཤིན་དུ་དཀོན་སྟབས། ཁྱི་ལྷ་ལ་རྩི་བའི་འདུ་ཤེས་ཤིག་སྐྱར་བཞེངས་བྱས་ཡོད་ཅེས་རྒྱའི་སྤྱི་ཚོགས་རིག་པ་ཚོས་བཤད། དཔེར་ན། སྔོན་མ་བོད་ཀྱི་ལྷོ་ཁ་ས་ཁུལ་ལ། འབྲོག་ཁྱི་གཅིག་སྦྱིན་བདག་གིས་གཞན་ལ་བཙོང་། ཁྱི་དེ་དང་འབྲོག་པའི་ཕྲུ་གུ་དེ་གཉིས་དབར་ལ་སྔར་ནས་བརྩེ་བ་ཆེན་པོ་ཡོད་པ་དང་། ཁོང་གཉིས་བྲལ་མི་ཕོད་པའི་སྡུག་བསྔལ་ཆེན་པོ་བྱུང་། ཁྱི་དེས་ཐེངས་འགའ་ཤས་ལ་ལུང་མང་པོ་བརྒྱབ་ནས་བྲོས་ཡོང་ནས་ཕྲུ་གུ་དེའི་དྲུང་དུ་ལོག་ཕྱིན་། ཡང་ཨ་ཕས་སྦྱིན་བདག་གསར་པར་ཕར་རྩིས་སྤྲོད་བྱས་སྟབས། ཐེངས་རྗེས་མ་ཁྱི་རྩིས་ལེན་མཁན་ཡོང་སྐབས། ཕྲུ་གུ་དེས་ངུས་ནས་ཁྱི་ལ་འཐམས། ཁྱི་དེས་ཕྲུ་གུ་དེ་འཇོག་མི་ཕོད་པར། ཚང་མའི་མདུན་ལ་གཡང་ལ་མཆོངས་ནས་རང་ཤི་བརྒྱབ་པའི་གནས་ཚུལ་བྱུང་འདུག དེ་དང་འདྲ་བའི་སྒྲུང་མང་པོ་ཐོས་རྒྱུ་འདུག
གང་ལྟར་འབྲོག་ཁྱི་ནི་ལ་རྒྱ་དང་ལྷད་མེད་ཀྱི་བརྩེ་དུང་མཚོན་གྱི་ཡོད་པ་དང་། དེ་ཡང་དེང་སང་སྤྱི་ཚོགས་ནང་ལ་མགོ་བདེ་པོ་མང་པ་ལས་ལ་རྒྱ་ཅན་གྱི་གྲོགས་པོ་ཤིན་དུ་ཉུང་བར་བརྟེན། རྒྱ་མི་རྨོངས་དད་ཅན་མང་པོས་འབྲོག་ཁྱི་ཉར་ན་ཁྱིམ་ལ་ལྷད་མེད་ཀྱི་བརྩེ་བ་དང་ལ་རྒྱ་ཁྱེར་ཡོང་ཟེར་ནས། ཁྱིའི་རིན་ཐང་འཇལ་དཀའ་བར་བཏང་བ་ལྟ་བུ་རེད།
དེ་ལྟ་བུའི་ཁྱི་སྒེར་གྱི་ཁྱད་ཆོས་སྤྱི་ལ་སྦྱར་ནས། འབྲོག་ཁྱིའི་རིན་ཐང་ཤིན་དུ་མཐོན་པོར་གྱུར་ནས། ད་ལྟ་འབྲོག་ཁྱི་ནི་བོད་པའི་འབྲོག་པས་ཉོ་མི་ཐུབ་པའི་དངོས་པོ་ཞིག་ཏུ་གྱུར་བ་རེད།
བཞི། ང་ཚོ་ནང་པ་ཞིག་ཡིན་པའི་དབང་གིས། སེམས་ཅན་སྲོག་གཅོད་བྱེད་པ་དང་། ཤ་ཁྲག་ལ་བརྟེན་པའི་འཚོ་བ་ནི་ང་ཚོའི་རིན་ཐང་ཆེ་བའི་ཆོས་ཀྱི་རིག་གཞུང་དང་འགལ་བ་རེད་ཟེར་མཁན་འདུག འདིས་ནོར་གསོད་པ་ལས་ཁྱི་བཙོང་ན་ལེགས་པ་ཡིན་པའི་འདུ་ཤེས་བསླེབས་ཀྱི་ཡོད། གོ་ཐོས་ལ། རྒྱལ་བ་རིན་པོ་ཆེའི་རྡོ་རྗེ་གདན་གྱི་བཀའ་སློབ་གོ་ནོར་ཐེབས་ནས། འབྲོག་པ་མང་པོས་ནོར་ལུག་ཁ་ཆེར་ཚོང་སྒྱུར་བྱེད་པའི་ལས་འགུལ་སྤེལ་གྱི་འདུག་ཟེར། འགལ་འདུ་འདི་ལྟ་བུའི་ཁོར་ཡུག་ནང་ལ། ཁྱི་གསོ་སྤེལ་བྱས་ནས་ཚོང་ལས་སྤེལ་ན་ལུས་སེམས་ལ་དཀའ་ངལ་ཆུང་སྟབས། འབྲོག་ཁྱི་ཁྲོམ་རྭར་བཤམ་པའི་སྐུལ་སློང་གཙོ་བོ་གཅིག་འདི་དང་འབྲེལ་བ་ཡོད།
སྔར་གྱི་འཕྲོ་ནས་ཚིག་ལྷུགས་སུ་བྲིས་པའི་འཕྲིན་འདི་སླར་ཡང་ང་ཡི་གྲོགས་པོ་ཁྱི་རྒན་ཚོར་ཕུལ་བ་ཡིན།
འབྲོག་ཁྱི་ཡུལ་ཁྱི་རྣམས་ང་ལན་ཅིག་གསོན་པར་མཛོད་དང། ང་ཡིས་ཇི་ལྟར་མཐོང་ཞིང་མྱོངས་པ་རྣམས་ཁྱེད་རྣམས་ལ་བསམ་ཚུལ་ཞིག་འདོན་ན་བསམ་བྱུང། རང་ཡུལ་གངས་ཅན་ལྗོངས་སུ་སྒོ་ཁྱི་ངེད་ཅག་རྣམས་ལ་ཕྱི་རུ་སྡོད་ཁང་མེད་ཅིང་ཚ་གྲངས་ལས་སྐྱོབས་པའི་གྱོན་པའི་གོས་ཀྱང་མེད། གངས་ཆར་གྱི་ནང་ལ་འདུག་དུས་དེ་དག་ལས་སྐྱོབས་པའི་འཕྱར་གོས་ཀྱང་མེད། ཟལ་སུ་མི་ཡི་ཟས་ལྷག་འཐུང་ལྷག་རུས་པ་མུར་པའི་རུས་ལྷག་ཅིག་ལྟོ་ཕོར་ཁ་རལ་ཞབས་རྡོལ་ཞིག་ལས་མེད་པར་བཟའ་དགོས། ཉིན་ལ་འགྲུལ་པ་མང་པོས་ཉལ་རྒྱུའི་གོ་སྐབས་མེད། མཚན་ལ་སྒོ་ཕྱུག་ལ་གནོད་ཅིང་འཚེ་བའི་གཅན་གཟན་སྟག་གཟིག་དོམ་དང་གསའ་རྒོད་དྲེ་རྒོད་སྤྱང་རྒོད་ལས་སོགས་ལས་སྐྱོབས་པའི་མེལ་ཚེའི་བྱ་རས་ཉལ་ལོང་མེད། དབྱར་གྱི་དུས་སུ་ཆར་ཁྲོད་དུ་ཉལ། དགུན་གྱི་དུས་སུ་གངས་ཁྲོད་དུ་ཉལ། དཔྱིད་ཀྱི་དུས་སུ་གངས་ཆར་སྤེལ་མའི་གསེབ་ཀྱི་ཁྲོད་དུ་ཉལ། སྟོན་གྱི་དུས་སུ་གངས་སེར་ལྷགས་རླུང་གི་ཁྲོད་དུ་ཉལ་དགོས། དེར་མ་ཟད་སྒོ་ཁྱི་ཞེས་འཇིག་རྟེན་པས་དམན་པའི་གྲལ་དུ་འཇོག་བཞིན་ཡོད། ནུབ་ཕྱོགས་དག་པའི་ཞིང་དུ་བདག་པོ་དང་སྒོ་ཁྱི་མཉམ་དུ་འབོལ་གདན་གྲུ་བཞིའི་སྟེང་དུ་མཉམ་ཉལ་བྱེད། ཕྱི་རུ་གངས་ཁྲོད་དང་ཆར་ཁྲོད་ལྷགས་རླུང་གི་ཁྲོད་དུ་སྒོ་ཕྱུག་ལ་མེལ་ཚེ་མི་དགོས། སྒོ་རུ་ཁ་རལ་ཞབས་རྡོལ་གྱི་ནང་དུ་ཟས་ལྷག་འཐུང་ལྷག་རུས་ལྷག་གི་ལྟོ་བཟའ་དགོས་མེད། སྔ་དགོང་གི་དུས་སུ་ཕྱི་རུ་བལྟ་ན་སྡུག་པའི་མེ་ཏོག་པདྨའི་ཚལ་དང། མཛེས་ཤིང་ཡིད་དུ་འོང་པའི་ནགས་ཚལ་སྟུག་པོའི་གླིང་དུ་བདག་པོ་དང་ལྷན་དུ་སྤྲོ་ཁྱམས་བྱེད་ལ་ཁྲིད། སོམ་དང་རང་ཡུལ་གངས་ཅན་གྱི་ལྗོངས་སུ་རྐང་གཉིས་མི་ལ་ཤེས་ཡོན་སློབ་སྦྱོང་གི་སློབ་གྲྭར་འགྲོ་བའི་གོ་སྐབས་མེད། འདི་ན་ངེད་ཅག་ཁྱི་རྒན་རྣམས་ཀྱང་སློབ་གྲྭར་འགྲིམས་པའི་གོ་སྐབས་བཟང་པོ་ཐོབ་བཞིན་ཡོད་པ་མ་ཟད། ང་ནི་མི་རིང་བར་མཐོ་སློབ་ཀྱི་སློབ་མཐར་སོན་ལ་ཉེ་བ་ཡོད། མི་རིང་བར་ང་འཛམ་གླིང་ཨོ་ལིམ་པིག་རྩེད་འགྲན་གྱི་ནང་དུ་འགྲོ་རྒྱུའི་གྲབས་ཀྱང་བྱེད་བཞིན་ཡོད། ཟས་སུ་ཤ་ཀྲིན་རུས་ཀྲིན་གསར་པ་དང་འདུག་ས་མནན་ན་ནེམ་ཞིང་སྟེག་ན་འཕར་པའི་ཕྱིང་བལ་གྱི་གདན་དང། ཉལ་གོས་ཀྱང་ཤིན་ཏུ་འཇམ་ཞིང་འབོལ་བའི་བྱ་བྱིའུ་བྱ་སྤུ་ཡི་གོས་ཀྱིས་གཡོགས་བཞིན་ཡོད། མ་ཟད་སྔ་དགོང་གི་དུས་སུ་ཁ་ནང་གི་སོ་ཡང་དག་པར་དཀྲུ་བཞིན་ཡོད། མདོར་ན་ང་ལ་རིག་གནས་གསར་བརྗེ་ཤར་བ་བཞིན། སྔར་གྱི་གནས་ཚུལ་ལས་རྦད་དེ་འགྱུར་བ་ཕྱིན་ཡོད། ཁྱེད་ཅག་རྣམས་ཀྱང་འདིར་ཕྱོགས་སུ་ཕེབས་ཐུབ་པའི་ང་ཡི་རེ་སྨོན་དང་ཡིད་ཆེས་ཞུ་བཞིན་ཡོད། བོད་ཀྱི་འབྲོག་ཁྱི་སེང་གདོང་ནས་ཟླ་ཚེས་བཟང་པོར་ཕུལ།
འབྲོག་ཁྱི་འབྲོག་པའི་མཚོ་ཁྲོད།།
འབྲལ་མེད་སྙིང་གི་ཉེ་བོ་དེ།།
ཁྱོད་ཀྱིས་ཕྱི་ཡི་རྐུན་མ་དང་།།
ནང་གི་རྒྱུ་ནོར་སྲུང་ཞིང་གཅེས།།
ཨ་ཕ་འབྲོོག་པའི་སྙིང་ཉེ་བོ།།
ཨ་ཁ་ཨ་ནེའི་གཅེས་རྒྱུ་བོ།།
འབྲོག་ཁྱི་འབྲོག་པའི་མཚོ་ཁྲོད།།
འབྲལ་མེད་སྙིང་གི་ཉེ་བོ་དེ།།
ཁྱོད་ཀྱིས་ཕྱི་ཡི་རྐུན་མ་དང་།།
ནང་གི་རྒྱུ་ནོར་སྲུང་ཞིང་གཅེས།།
ཨ་ཕ་འབྲོོག་པའི་སྙིང་ཉེ་བོ།།
ཨ་ཁ་ཨ་ནེའི་གཅེས་རྒྱུ་བོ།།
ཁྱི་ལ་ཟོག་ཟེར་ན་ཧ་ཧ་ཧ
རྙིང་མས་བུད་མེད་ཁྲིད་ལུགས་ཟེར་བ་འདིས། །
ཁྱོད་ཀྱང་ཆོས་ལུགས་ཕྱོགས་ཞེན་ཆེ་རྟགས་རེད། །
དེ་མིན་སྒྲ་སྒྱུར་མར་པས་བུད་མེད་ཁྲིད། །
ས་སྐྱ་གོང་མ་རིམ་པས་བུད་མེད་ཁྲིད། །
པཎ་ཆེན་སྐུ་ཕྲེང་བཅུ་པས་བུད་ཁྲིད། །
འདི་དག་རྙིང་མའི་ཁོངས་སུ་འཇོག་གམ་ཅི། །
རྙིང་མར་ཞུགས་ཀྱང་ཆོས་ལུགས་ནང་པ་རེད། །
ཨ་མདོར་སྐྱེས་ཀྱང་གདོང་དམར་བོད་རིགས་རེད། །
བུད་མེད་ཁྲིད་པ་འཇིག་རྟེན་ལུགས་མཐུན་རེད། །
རྐུབ་རྒྱོ་སྤྱོད་པ་ལུགས་དང་མཐུན་ལེགས་སམ། །
སྐབས་བབས་བརྗོད་བྱའི་དོན་ལ་མི་འཇུ་བར། །
མི་གཞིར་དམའ་འབེབས་ཁྱད་གསོད་བྱེད་ལུགས་འདིས། །
རང་གི་དེ་ཉིད་ཁྲོམ་བསྒྲགས་བྱས་ཙམ་ལས། །
ཨ་ལགས་ཀླུ་ལ་གནོད་པའི་སྐབས་མ་མཆིས། །
དྲ་འབུས་གནས་ལུགས་ཟེར་བ་མི་རྩི་ཞིང་། །
དྲ་འབུས་མི་གཞི་ཞེས་པ་མི་ཤེས་པས། །
དྲ་འབུ་དག་ལ་དྲ་འབུའི་གོ་སྐབས་ཤིག །
ང་ཚོ་ཚང་མས་སྙིང་རྗེའི་ཀློང་ནས་སྤྲོད། །
དངོས་གནས་ཡག་གི། སྤྲུལ་སྐུ་ཀླུ་སྨྱོན་ལགས། རྒྱ་མཚོའི་གཏིང་ནས་བླངས་པའི་གླུ་ཡིན་ན་ཕལ་ཆེར་འབུམ་རྒྱས་འབྲིང་བསྡུས་གསུམ་གསར་པ་ཞིག་ཡིན་ཁོ་ཐག་རེད། གང་མགྱོགས་གནང་རོགས།།
ཁྱེད་ཀྱི་མགུལ་གླུ་འདིས་ཅི་ཞིག་སྟོན་བཞིན་ཡོད་པའི་བརྗོད་དོན་རྟོགས་མཁན་གནས་འདི་ན་དཀོན་ཙམ་གདའ།
འོ་ན་ང་ལ་མགུལ་གླུ་འདིས་ཅི་ཞིག་བརྗོད་ཀྱིན་འདུག་གམ་ཟེར་ན། རྒྱ་གཞུང་ནས་འབྲོག་སྡེ་གྲོང་ཁྱེར་ཅན་དུ་བསྒྱུར་དགོས་ཟེར་བའི་སྲིད་བྱུས་དེ་དང་འབྲེལ་བ་ཤིན་ཏུ་ཆེ་བར་མཐོང་ངོ།།
དབྱར་གསུམ་དྲག་ཆར་དང་ཚ་བས་མནར་ཡང་གཡོལ་ས་མེད།།
དགུན་གསུམ་གངས་ཡུག་དང་ཙག་གིས་གདུང་ཡང་འཛུལ་ས་མེད།།
ལོ་གཅིག་འཁོར་མ་རུ་ལྕགས་ཐག་བཀྲོལ་བའི་གོ་སྐབས་མེད།།
མཚན་མོ་རེ་རེ་བཞིན་ལྷོད་ཀྱིས་ཉལ་བའི་དུས་ཚོད་མེད།།
མཚམས་རེར་འབྲི་གཡག་གིས་ར་རྩེད་བྱས་ན་གཟུར་ས་མེད།།
ལན་རེར་ཁྱིམ་མི་ཚོས་ཁ་བརྡུང་བཏང་ན་ཞུ་ས་མེད།།
ཐེངས་གཅིག་བྱམས་སྐྱོང་ཞིག་ཐོབ་པ་ཚེ་གང་བཤད་རྒྱུ་མེད།།
སྐྱོ་བས་ངུ་ཟུག་རེ་བྱས་ཀྱང་དོ་སྣང་བྱེད་མཁན་མེད།།
ལས་མཐའ་ཟད་རྒྱུ་ཞིག་ཡོད་པ་དགའ་བ་སྐྱེ་བའི་རྒྱུ།།
བྱང་ཕྱོགས་ཨ་རི་ལ་སླེབས་པ་སྐལ་བ་བཟང་བོ་བྱུང་།།
འབྲོག་ངན་ཁྱེད་ལའང་ཤོག་སྒོར་འགའ་རེ་ཐོབ་པས་འཚེང་།།
ཁྱི་ངན་ང་ལའང་རང་དབང་གུ་ཡངས་ཤར་བས་དགའ།།
ནངས་དགོང་ནམ་ཡིན་ལ་ཕྱི་རུ་འཆམ་འཆམ་རྟག་ཏུ་ཁྲིད།།
ཁྱི་རིགས་འདྲ་མིན་དང་རྩེད་མོའི་གོ་སྐབས་རྫོགས་མཐའ་བྲལ།།
བསོད་བདེ་ཆེ་དུས་སུ་ཁྱི་ཡི་ཟ་ཁང་ནང་དུ་འཁྲིད།།
བཟའ་བཏུང་སྣ་མང་ནི་གང་ལ་གང་དགོས་འདོད་དགུར་ཡོད།།
ནང་དུ་སྡོད་སྐབས་སུ་གཙང་སྦྲ་ཁྲུས་གསོལ་ཡང་ཡང་བྱེད།།
སོ་སེན་བཀྲུ་གཏུབ་དང་རྒྱབ་འཕྲུག་ཚུད་ཆད་ལྷོད་གཡེང་མེད།།
བཟའ་མི་ཀུན་གྱིས་ནི་རེས་མོས་བྱས་ནས་རྩེད་རོགས་བྱེད།།
དགའ་བོ་སྐྱིད་དོ་ང་ཁྱི་ལས་ཐོབ་ཀྱང་མི་བཞིན་སྐྱིད།།
བོད་མི་ཀུན་ལའང་རང་དབང་ཐོབ་པར་ཤོག།
བོད་ཀྱི་ཁྱི་ལའང་རང་དབང་ཐོབ་པར་ཤོག།
མི་ཁྱི་གཉིས་ཀ་ལ་འདྲ་མཉམ་ཐོབ་པར་ཤོག།
མར་གྱུར་སེམས་ཅན་ཀུན་ཀུན་སྙོམས་ཡོང་བར་ཤོག།
ཕྱི་ཡུལ་སྙེགས་པ་ཡི་གོ་སྐབས་བྱུང་བ་སྐལ་བ་བཟང་།།
མཁས་མཆོག་དམ་པ་མགོན་པོ་ཕྱག་གཉིས་ཕེབ་པ་དགའ་སོང་། ཞེ་བློ་བདེ་བའི་མགུར་དབྱང་སྙན་མོ་ཞིག་
སེང་གདོང་གིས་རྟོགས་པའི་གནས་ལུགས།
རུས་ཀོག་ཡོད་ན་རེ་བ་ཁེངས་པ་འདི། །
སེང་གདོང་ང་ལ་ཡོད་པའི་གཤིས་ཀ་ཡིན། །
སྒོར་མོ་རིག་ན་ཅི་ཡང་རུང་བ་འདི། །
ང་ཡི་བདག་པོའི་མི་གཤིས་ཡིན་པ་འདྲ། །
སྒོར་མོའི་དོན་དུ་ང་རང་ནུབ་ལ་སྐྱལ། །
སྒོར་མོའི་དོན་དུ་བདག་པོའང་ནུབ་ལ་ཐོན། །
སྒོར་མོའི་འཇིག་རྟེན་སྒོར་གྱིས་ཉོས་པ་འདིས། །
ང་དང་བདག་པོ་སླར་ཡང་ནུབ་ནས་ཐུག །
སྒོར་མོས་ང་རང་གནམ་གྲུའི་ནང་ནས་ཁྱེར། །
སྒོར་མོས་བདག་པོ་ནུབ་ཕྱོགས་ལུང་པར་ཁྱེར། །
གང་ཞིག་གང་ལ་ཁྱེར་ཡང་རུང་བ་འདི། །
སེམས་པ་སྒོར་མོས་ཁྱེར་བའི་འཁྱེར་ཚུལ་རེད། །
༼ཕྱི་རྒྱལ་དུ་ཡོད་པའི་འབྲོག་ཁྱི་སེམས་ཆུང་ཟེར་བ་ཞིག་གིས་འབྲོག་པ་ཚོར་ཆེས་མཐའ་མཇུག་གི་ཁ་ཆེམས་ཞེས་པའི་འཕྲིན་ཡིག༽
ང་འབྲོག་ཁྱི་སྐྱེས་ས་ཤར་ཕྱོགས་ཀྱི།།
རི་མཐོན་པོ་གནམ་ལ་ཟུག་འདྲ་ཞིང་།།
གངས་དཀར་པོས་བས་མཐའ་རྒྱན་པ་དང་།།
སྤང་སྔོན་མོ་ཡངས་ཤིང་དཀྱེལ་ཆེ་བ།།
ཆུ་དྭངས་མ་དལ་བུར་ཤག་ཤག་རྒྱུག།
ཚོན་རྣམ་པར་བཀྲ་བའི་མེ་ཏོག་གིས།།
ལ་ལུང་པ་སྤང་ལྗོངས་རྒྱན་པ་སོགས།།
ཡིད་འཕྲོག་པའི་མཛེས་སྡུག་དེ་དག་གིས།།་
སྟེང་དག་པའི་ལྷ་ཡི་ཡུལ་ལྗོངས་དང་།།
འགྲན་ནུས་པ་སུས་ཀྱང་བསྙོན་དུ་མེད།།
དེ་ལྟ་བུའི་ངོ་མཚར་རྒྱལ་ཁམས་དེར།།
གནའ་སྔ་མོ་སྔ་མོའི་དུས་ནས་ཤིག་ནས།།
བོད་ཆོས་ལྡན་ཞིང་ཞེས་མཚན་སྙན་གྱིས།།
ལྷོ་འཛམ་བུ་གླིང་གི་ཕྱོགས་བཞིར་གྲགས།།
དེའི་དུས་ཀྱི་བོད་མི་རྒན་གཞོན་ཀུན།།
མི་གཅིག་ལས་གཅིག་གིས་བཟང་བ་ཡོད།།
བློ་གཅིག་ལས་གཅིག་གིས་དྲང་བ་ཡོད།།
དེའི་དུས་ཀྱི་འབྲོག་པ་རྣམས་ཡིན་ཡང་།།
སེམས་གཅིག་ལས་གཅིག་གིས་བཟང་བ་དང་།།
བློ་གཅིག་ལས་གཅིག་གིས་བརྟན་ཞེས་པའི།།
གཏམ་སྙན་མོ་རྣ་བའི་བདུད་རྩི་དེ།།
ངའི་ཕ་མེས་འབྲོག་ཁྱི་དག་ལས་ཐོས།།
གང་ལྟར་ཀྱང་དེ་དག་འདས་ཟིན་པའི།།
ང་འབྲོག་ཁྱིས་གོ་བའི་ལོ་རྒྱུས་རེད།།
དུས་དེང་སང་བོད་ཀྱི་འབྲོག་པ་ཚོ།།
རྒྱུ་འབྱོར་བར་རྔམ་པ་ཆེ་དྲགས་པས།།
ཆེས་ཡ་ཐོག་དུས་ཀྱི་གནས་སྐབས་ནས།།
ཁོང་འབྲོག་པ་ཚོར་ཞབས་ཞུའི་ཆེད།།
ངའི་ཕ་མེས་འབྲོག་ཁྱི་གཞན་དག་དང་།།
ང་རྩིས་པའི་འབྲོག་ཁྱི་སྟོང་ཕྲག་གིས།།
ནམ་ཉིན་མཚན་ངལ་གསོའི་དུས་མེད་པར།།
ཆུ་ཆར་པ་གཉིས་ཀྱི་འཁྱག་རློན་དང་།།
གངས་གྲང་རླུང་གཉིས་ཀྱི་གྲང་གདུང་དེ།།
ཤ་རུས་པའི་གསེབ་ལ་ཟུགས་ནས་ནི།།
ལུས་ཟུག་གཟེར་སྡང་བར་མི་འཛེམ་པར།།
ནོར་འབྲི་གཡག་སྤྱང་ཀིས་ཟ་བར་བཀག།
ཕྱིའི་ཇག་རྐུན་སླེབས་ན་གསལ་བརྡ་གཏོང་།།
ནང་མགྲོན་པོ་ཕེབས་དུས་བསུ་ཞུ་སོགས།།
ལོ་མང་པོར་འབྲོག་པའི་བདེ་སྡུག་ཆེད།།
སྲོག་དམར་པོ་འབེན་ལ་བཙུགས་མོད་ཀྱང་།།
དུས་དེང་སང་འབྲོག་པ་དེ་རྣམས་ཀྱིས།།
དྲིན་དེ་ཚོར་དྲིན་ལན་ལོག་མཇལ་གྱིས།།
ངེད་འབྲོག་ཁྱི་འབྲོག་སར་མི་ཉར་བ།།
ཕྱི་གླིང་གི་མགོ་སེར་འགའ་ཤས་དང་།།
རྒྱ་གུང་ཁྲན་ཏང་ཡོན་ཁ་ཅིག་ལ།།
སྒོར་ཤག་ཤག་དོན་དུ་བཙོང་བ་འདི།།
ང་འབྲོག་ཁྱི་སེམས་པ་གཏིང་ནས་སྐྱོ།།
ཚུར་གསོན་དང་འབྲོག་པ་ཕོ་མོ་རྣམས།།
ཁྱོད་རྣམས་པ་རང་ས་རང་ཡུལ་ལ།།
ཟས་ཤ་མར་ལས་ཀྱང་མེད་ན་ཡང་།།
ལུས་སེམས་པ་གཏན་དུ་ཆགས་པ་དང་།།
སྐྱིད་སྡུག་ན་འབྲོག་སར་ཞེན་པ་ལྟར།།
ང་ཡིན་ཡང་རང་ས་རང་ཡུལ་དང་།།
ཁ་བྲལ་དུས་སྐྱོ་བ་ཅི་ཕྱིར་མེད།།
ང་འབྲོག་ཁྱི་ཕྱི་གླིང་ཡུལ་ལྗོས་འདིར།།
ལས་དཀའ་མེད་ལྷོད་ལྷོད་ཡོད་ན་ཡང་།།
ངའི་ཕ་མེས་ཡང་མེས་འཚོ་ས་དང་།།
ང་རང་ཉིད་ལྟེ་ཁྲག་འཕོས་ས་དེ།།
བོད་ཁ་བ་ཅན་དུ་ཡིན་པས་ན།།
ང་ནམ་ཡང་མི་ཡུལ་ས་མཐའ་འདིར།།
ཉིན་ཟས་ལ་བྲོ་བ་མེད་པ་དང་།་།
མཚན་གཉིད་ལ་བདེ་བ་མི་འདུག་པས།།
ཡུལ་འཐབ་འཁོབ་མགོ་སེར་ལུང་པ་འདིར།།
ངས་ཉི་མ་ལོ་ལས་རིང་བར་སྣང་།།
མདོར་བསྡུས་ན་ངེད་ཅག་འབྲོག་ཁྱི་ཚོ།།
ནམ་ཉིན་མཚན་རང་ཡུལ་དྲན་གདུང་གི།
སྡུག་ཁུར་ནས་སྡོད་བཟོད་མི་འདུག་པས།།
ད་མགྱོགས་མྱུར་རང་ཤི་རྒྱག་རྒྱུ་དེ།།
ཡུལ་ས་མཐར་བོར་པའི་འབྲོག་ཁྱི་ངས།།
ཆེས་ཐ་མར་བདམས་ཀ་བྱས་དགོས་བྱུང་།།
དེ་ལྟར་ན་སྒོར་དགའ་འབྲོག་པ་ཚོ།།
འདས་ཟིན་པའི་ལས་ཉེས་འགྱོད་གཤག་དང་།།
ད་མ་འོངས་འབྲོག་ཁྱི་གཞན་དག་ལ།།
འདི་ལྟ་བུར་སྒོར་དང་མ་བརྗེ་ཞེས།།
ང་འབྲོག་ཁྱི་སེམས་ཆུང་མིང་ཅན་ནས།།
བོད་ཕྱི་ནང་ཡོད་པའི་འབྲོག་ཁྱི་ཚོའི།།
ཚབ་བྱས་ཏེ་སྙིང་ནས་ཞུ་བ་འབུལ།། ཞེས་སྡུག་གླུར་བླངས་པའི་ཚིགས་སུ་བཅད་པ་འདི་ནི། དྲང་སྲོང་ལྷུང་བའི་རི་དྭགས་ཀྱི་ནགས་དང་ཉེ་བར་གནས་པའི། ཝྭཎའི་བོད་ཀྱི་གཙུག་ལག་ཁང་གི་སློབ་གཉེར་བ་རང་འཚོལ་ཕྱི་རྒྱལ་ཨ་རི་ལ་སྐྱོད་སྐབས། བོད་ནས་ཡིན་པའི་ཕ་ཡུལ་གཅིག་པའི་འབྲོག་ཁྱི་༼སེམས་ཆུང་༽ཞེས་པ་ཞིག་ཐུག་ནས། ཁོང་གིས་ཁ་ཆེམས་ཀྱི་འཕྲིན་ཡིག་འདི་ཡིན་གཅིག་བོད་པ་སྤྱི་དང་ལྷག་པར་དུ་འབྲོག་པ་ཚོར་གོ་ཐོས་ཀྱི་ཆེད། དྲ་རྒྱ་དང་ཚགས་ཤོག་སོགས་སུ་འགོད་རོགས་ཞེས་བསྐུར་བྱུང་བས་ན། ཁོ་བོ་ཡང་ཡིད་སྐྱོའི་གནས་ཚུལ་འདི་མཐོང་ཐོས་ཀྱི་མོད་ལ་སེམས་པ་ཆེས་སྐྱོ་བཞིན་རྒྱ་གར་ཕྱིར་ལོག་ཚར་བ་དང་། གང་མྱུར་ཁ་བརྡའི་དྲ་བ་སོགས་སུ་འགོད།།།།།
ཀླུ་སྨྱོན་གྱི་རྩོམ་རྕལ་འདི་རྒྱ་གར་གྱི་རྩོམ་རིག་སྨྲ་བ་ཨར་ཀེ་ན་ར་ཡིའི་སྟག་ཞེས་པའི་སྒྲུང་ཐུང་དེའི་རྩོམ་གཤིས་དང་འདྲ་བོ་འདུག
ཧ་ཅང་སྙན་པོ་བྱུང་སོང་།
དེ་རིང་ཡག་པོ་ཞིག་བྲིས་སོང་། ཀླུ་སྨྱོན་སྨྱོ་ནད་དྭང་པ་འདྲ།
བོད་ཁྱི་ཞིག་གི་རང་ལུས་མེར་སྲེག་མ་གཏོང་བའི་སྔོན་ལ་མཚམ་འཇོག་རྒྱུ་།