ནམ་མཁའ།
སྟོབས་ཆེན་ཉོན་མོངས་བཅོམ་ལ་མཚོན་ཆ་མ་ཐོག་པར།།
ཤེས་རབ་རལ་གྲི་ཀུན་གཞི་སེམས་ལ་བརྡར་བའི་མཐུས།།
བདག་འཛིན་དགྲ་དཔུང་རང་གིས་བཅོམ་པའི་འབྲས་བུ་ལ།།
མཚན་དཔེ་ཕྱག་ཞབས་འཁོར་ལོའི་རི་མོ་ལྷུན་གྱིས་ཤར།།
འདོད་པའི་ཁམས་ཀྱི་བདེ་ལ་ཆགས་པའི་འཇིག་རྟེན་འདིར།།
སྐྱེ་རྒ་ན་འཆི་མཐོང་བའི་ཡིད་ཀྱི་ཆོད་སེམས་ལ།།
བུ་དང་ཆུང་མ་ལ་སོགས་བསྐྱུར་ཏེ་དབེན་པའི་གནས།།
གཅིག་བུ་བསྐྱོད་པའི་རྒྱལ་སྲས་གཞོན་ནུ་དེ་ལ་འདུད།།
སེམས་ཀྱི་རྒྱལ་ཁམས་ཉུལ་བའི་ནགས་ཚལ་དུ།།
འཇིགས་རུང་ཉོན་མོངས་གཅན་གཟན་རྒོལ་བ་ལ།།
ཆུ་ལ་ཆུ་བཞག་མཉམ་བཞག་གཡོ་མེད་ཀྱིས།།
ལོ་དྲུག་དཀའ་སྤྱད་གནང་བ་དེ་ལ་འདུད།།
ལུས་རྟེན་གཅིག་ལ་སེམས་ཀྱི་འདུ་འཛི་བཅོམ་པའི་ཚེ།།
བདེན་གཉིས་མངོན་སུམ་རྟོགས་པའི་འོད་སྣང་གིས།།
ཁམས་གསུམ་སྐྱེ་རྒུའི་སྡུག་གི་སྨག་རུམ་སེལ་བའི་ལམ།།
བདེན་བཞིའི་གནས་ལུགས་སྒྲོན་མེ་ཡོངས་སུ་སྦར་དེར་འདུད།།
ལོ་ངོ་སྟོང་ཕྲག་གཉིས་ཀྱི་སྔ་རོལ་ནས།།
འཕྲུལ་ཆས་རིག་པས་རྡུལ་ཕྲན་མ་གཟིགས་ཀྱང་།།
ཤེས་རབ་རིག་པས་རྡུལ་ཕྲན་མཐོང་བའི་ཚེ།།
འཇིག་རྟེན་གང་ཞིག་ཕྲ་རྡུལ་ལས་གྲུབ་བསྟན།།
འཕྲུལ་ཆས་རིག་པས་མཁའ་ལ་བགྲོད་པའི་དུས།།
འཇིག་རྟེན་བྱེ་བ་ཕྲག་བརྒྱ་བརྗོད་པའི་གསུངས།།
ད་ལྟའི་དུས་སུ་མངོན་སུམ་མཐོང་བའི་ཚེ།།
སྐྱེས་ལྡན་སུ་ཡིས་མགོན་ཁྱོད་ཅིས་མི་བཀུར།།
ས་ག་ཟླ་བའི་ཚེས༡༥ལ
ནམ་མཁས་ཡོ་རུབ་ནས་བྲིས།
ཨོ་ཡག་པོ་ཞིག་བྲིས་འདུག་ཚོགས་བསག་འདུག་མི་བརྟན་པོ་ཞིག་ཡིན་པ་ཤེས་སོང་་་་་་་་་
ངོ་མ་ཤོ་ལོ་ཀ་དང་པོ་དང་གསུམ་པ་གཉིས་ཀྱི་ཚིག་རྩལ་འདིའི་ཡིད་དབང་འཕྲོག་སོང་།
དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་། །
བར་དུ་གྲངས་མེད་གསུམ་དུ་ཚོགས་བསགས་ནས། །
ཐ་མ་མངོན་པར་རྫོགས་པ་སངས་རྒྱས་མཐར། །
དམ་ཆོས་བདུ་རྩི་སྟོན་ལ་ཕྱག་འཚལ་ལོ། །
སངས་རྒྱས་གྲངས་མེད་བྱོན་གྱུརད་ཀྱང་། །
སྙིགས་དུས་རྩོད་ལྡན་སྐྱོབ་མཛད་ཅིང་། །
རྒྱལ་སྲས་གཞོན་ནུ་དོན་གྲུབ་པ། །
ཐུབ་པའི་མཚན་ཅན་ཁྱོད་ཕྱག་འཚལ། །
སྙིགས་མའི་རྒུད་ཚོགས་ཇེ་རྒྱས་དུས། །
དམ་ཆོས་གཞན་ཕན་ནུས་ལྡན་ཆོས། །
ཚན་རིག་རྒྱང་འཕེན་དར་རྒྱས་ཀྱང་། །
མགྲན་བཟོད་སྨྲ་མཁས་ཁྱོད་ཕྱག་འཚལ། །
འབྱུང་འགྱུར་མ་འོངས་སྐྱེ་ལྡན་ཚོའི། །
སྣོད་དང་བཅོད་ལུས་ནུས་ལྡན་དང་། །
ནང་སེམས་བདེ་སྐྱིད་སྐྲུན་མཛད་ཆོས། །
སྟོན་མཁན་སྟོན་མཆོག་ཁྱོད་ཕྱག་འཚལ། །
ཨོམ མུནི་ མུནི་ མཧཱ མུནི་ཡེ སྭཧྰ
སྟོན་པ་བཀའ་དྲིན་ཅན་དང་པོ་ཤིང་ནག་ལ་འཛུལ་ནས་མཐའ་སྔ་ནག་འདབས་དུ་བུད་ནས་ཆོས་འཁོར་མང་པོ་བསྐོར་རེད།
ང་ཚོའི་གྲྭ་བ་ཚོ་དང་པོ་དགོན་པ་ལ་སོང་ནས་མཐར་ཕྱི་ལ་དོན་ནས་ཕྱོགས་སོ་སོ་ནས་གསུང་ཆོས་འདྲ་སྤེལ་ན་མི་ལེགས་སམ།
སངས་རྒྱས་བསྟན་པ་དར་བར་ཤོག་ཞེས་ཚེ་གང་པོ་དགོན་པ་ནས་རྫོགས་ན་འགན་ཁུར་གྱི་མེད་པ་འདྲ་པོ་མཐོང་གི་འདུག
དེང་སང་ཆུང་ཆུང་ཆ་བོ་ཚང་མ་ཆོས་ལ་བག་ཆགས་དེ་ཙམ་འཛིན་མ་ཐུབ་པར་ཆོས་ལ་གང་དྲན་དུ་འགྲེལ་བའི་ལས་ཉེས་ནི་དགོན་པ་གྲྭ་ཚང་ལ་ཡོད་པར་འདོད། སྐུ་རླུང་མི་བཞེང་པར་མཁྱེན།
དཔེ་ཡག་པོ་བྲིས་འདུག།
དཔེ་ཡག་པོ་བྲིས་འདུག། དངོས་བྲེལ་ཡོན་ཏན་ཡོད་པའི་བཟོ་ལྟ་འདུག།
གོ་དོན་ཟབ་མོ་འདུག སྐྱོར་བདེ་བོ་རེད། དགེ་བའི་ཆ་མང་བོ་ཞིག་འདུག་སྟེ་རེ་རེ་བཞིན་ལབ་ན་དྲ་འབུ་ཚོ་གཟེར་ལངས་ནི་རེད། གང་ཉིད་གང་་ལ་དད་པ།། དེར་ལ་བདག་གིས་ཕྱག་འཚལ་ལོ།།
ཁ་བརྡ་ཚང་གིས་ནམ་མཁའི་རྩོམ་ལ་འགྲན་ལྟ་བུ་ཞིག་ཕུད་འདུག