སེར་ཤུལ་རིན་ཆེན་དོན་གྲུབ།
གང་གིས་ཐུགས་བརྩེས་ཉེར་བཟུང་ནས།། ལྟ་བ་ཐམས་ཅད་སྤང་བའི་ཕྱིར།།
དམ་པའི་ཆོས་ནི་སྟོན་མཛད་པའི།། གཽ་ཏམ་དེ་ལ་ཕྱག་འཚལ་ལོ།།
དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ།། མདོ་འདིས་འཇིག་རྟེན་གྱི་བྱ་བ་ཙག་ཙིག་ནས་མཐར་སངས་རྒྱས་ཀྱི་གོ་འཕང་བར་གྱི་བྱ་བ་དང་ལས་ཀ་གང་ཡིན་ཡང་དོ་སྣང་དང་བསམ་བློ་དེ་ལ་རྩེ་གཅིག་ཏུ་གནས་དགོས་པར་བསྟན་ཡོད། འདི་ནི་སློབ་སྦྱོང་དང་བསམ་གཞིགས་བྱེད་མཁན་ཞིག་ལ་མཚོན་ན་ཆེས་གལ་དུ་ཆེའོ།། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། རིགས་ཀྱི་བུ་དག དེ་བཞིན་གཤེགས་པས་ཀྱང་སངས་རྒྱས་ཀྱི་མིག་གིས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོར་མཐོང་ནས་སེམས་ཅན་དེ་དག་གི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། སྲིད་པ་དང་། མ་རིག་པའི་ཉོན་མོངས་པའི་སྦུབས་དབྱེ་བའི་ཕྱིར་ཆོས་སྟོན་ཏེ། དེ་སྒྲུབ་པའི་དེ་བཞིན་གཤེགས་པ་རྣམས་ནི་ཡང་དག་པ་ཉིད་དུ་གནས་སོ།། རིགས་ཀྱི་བུ་དག འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ན། རིགས་ཀྱི་བུ་དག སྨད་པར་འོས་པའི་ཉོན་མོངས་པའི་སྦུབས་རྣམས་ཀྱིས་གཡོགས་པས་དེ་དག་གི་ཉོན་མོངས་པའི་སྦུབས་གཞིག་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱང་ཡོངས་སུ་སྦྱང་བའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་པ་རྣམས་ལ་ཆོས་སྟོན་ཏེ་བྱ་བ་འདི་ལའང་མོས་པར་བྱེད་དོ།། མདོ་འདིས་སེམས་ཅན་ཡོད་དོ་ཅོག་གི་རྒྱུད་ལ་དེ་བཞིན་གཤེགས་པའི་སྙིང་པོའམ་རང་ཉིད་ཀྱིས་འབད་བརྩོན་བྱས་ན་རང་ཉིད་སངས་རྒྱས་པ་དང་སློབ་སྦྱོང་གི་གྲུབ་འབྲས་བླ་ན་མེད་པ་འཐོབ་རྒྱུ་ཡོད་པར་བསྟན་ཡོད། འདིས་བཅོམ་ལྡན་འདས་ལ་དབྱེ་འབྱེད་ཀྱི་བསམ་བློ་མེད་པ་དང་ཁོང་ཉིད་དོན་དངོས་སྨྲ་བའི་བསམ་བློ་བ་ཞིག་ཏུ་འགྲེལ་ཡོད། མདོ་ལས། ཁྱེད་ཅག་བརྩོན་འགྲུས་བརྩམ་པ་བརྟན་གྱིས་དང་།། རང་ལུས་རང་བོར་མི་ཐོགས་རྒྱལ་བར་འགྱུར།། དུས་ཤིག་བྱང་ཆུབ་སྙིང་པོ་ཐོབ་གྱུར་ནས།། སྲོག་ཆགས་སྟོང་ཕྲག་བྱེ་བ་གྲོལ་བྱེད་འགྱུར།། གང་དག་ངའི་བསྟན་པ་ལ་མོས་གྱུར་ལ།། སེམས་ཅན་དེ་དག་ཀུན་ལ་གཏེར་ཡོད་དོ།། གང་དག་མོས་ནས་བདག་ཉིད་རྩོལ་བྱེད་པ།། དེ་དག་མྱུར་དུ་བྱང་ཆུབ་མཆོག་ཐོབ་འགྱུར།།
མདོ་འདིས་གང་ཟག་སུ་ཡིན་ཡང་རང་ཉིད་ལ་བྱ་བ་གང་ཡང་བྱེད་ཐུབ་པའི་ནུས་པ་ཡོད་པ་དང་གྲུབ་འབྲས་ཐོབ་མིན་ནི་རང་ཉིད་ཀྱི་འབད་བརྩོན་དང་སྙིང་སྟོབས་ལ་རག་ལས་པར་བསྟན་ཡོད། དེ་ནི་ང་ལ་དད་པ་བྱོས་དང་ངས་ཁྱོད་ལ་དངོས་གྲུབ་སྦྱིན་ཟེར་བ་ལྟ་བུ་མ་ཡིན་པར་ཡོད་ཚད་རང་གི་བྱེད་སྟངས་ལ་བལྟོས་པར་གསུང་བའི་ཆེས་མཆོག་གྱུར་གྱི་ལམ་སྟོན་ཞིག་དང་སྟོན་པ་གཞན་གྱིས་མ་གསུང་བའི་དོན་དངོས་ཀྱི་ལེགས་བཤད་ཅིག་གོ།། འཕགས་པ་དགོངས་པ་ངེས་པར་འགྲེལ་བའི་མདོ་ལས། བཅོམ་ལྡན་འདས། ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གི་གོ་རིམ་དེ་ལྟར་བསྟན་པར་རིག་པར་བགྱི་ལགས། སྤྱན་རས་གཟིགས་དབང་ཕྱུག དེ་དག་གོང་ནས་གོང་དུ་འགྲུབ་པའི་རྟེན་ཉིད་ཡིན་པའི་ཕྱིར་ཏེ། བྱང་ཆུབ་སེམས་པ་ལུས་དང་ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ཡང་དག་པར་ལེན་པར་བྱེད་དོ།། ཚུལ་ཁྲིམས་རྗེས་སུ་སྲུང་ན་བཟོད་པ་དང་ལྡན་པར་འགྱུར་རོ།། བཟོད་པ་དང་ལྡན་ན་བརྩོན་འགྲུས་རྩོམ་པར་འགྱུར་རོ།། བརྩོན་འགྲུས་བརྩམས་ན་བསམ་གཏན་སྒྲུབ་པར་འགྱུར་རོ།། བསམ་གཏན་གྲུབ་ན་འཇིག་རྟེན་ལས་འདས་པའི་ཤེས་རབ་འཐོབ་བོ།། མདོ་འདིས་ནི་ཚུལ་ཁྲིམས་དང་། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་བཅས་ལ་བརྟེན་ནས་སངས་རྒྱས་པའམ་ལེགས་ཚོགས་ཐམས་ཅད་ཐོབ་པར་བསྟན། འདི་ནི་དེང་གི་བཤད་སྟངས་ལྟར་སྤྱི་ཚོགས་ལ་སྦྱར་ནས་བཤད་ན་ལྐོག་ཟ་རུལ་བསུངས་བྱེད་མི་རུང་བ་དང་། བྱ་བ་གང་ཞིག་ལ་བརྩོན་པ་དྲག་པོ་བྱ་དགོས་པ། དཀའ་ངལ་གང་ཞིག་འཕྲད་ཀྱང་གདོང་ལེན་དང་ཁྱད་བསད་བྱ་དགོས་པའི་དོན་ཡིན། དེ་ལྟར་བྱས་ན་ད་གཟོད་གང་ལས་ཀྱང་རྣམ་པར་རྒྱལ་ཐུབ། མདོ་ལས། བཅོམ་ལྡན་འདས། ཐབས་མ་ལགས་པ་གང་ལགས། སྤྱན་རས་གཟིགས་དབང་ཕྱུག བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དེ་དག་གིས་སེམས་ཅན་རྣམས་ལ་ཕན་འདོགས་པ་ན། གལ་ཏེ་ཟང་ཟིང་གིས་ཕན་འདོགས་པ་ཉེ་བར་སྒྲུབ་པ་ཙམ་གྱིས་ཆོག་པར་འཛིན་ཅིང་མི་དགེ་བའི་གནས་ལས་བསླངས་སྟེ་དགེ་བའི་གནས་སུ་འཇོག་པར་མི་བྱེད་ན། དེ་ནི་ཐབས་མ་ཡིན་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། སྤྱན་རས་གཟིགས་དབང་ཕྱུག དེ་ཙམ་གྱིས་སེམས་ཅན་ལ་ཕན་གདགས་པ་མ་ཡིན་པའི་ཕྱིར། མདོ་འདིས་ཐུབ་པའི་གཞུང་ལུགས་ཀྱི་མཐར་ཐུག་གི་བསྒྲུབ་བྱ་ནི་སྐྱེ་འགྲོ་ཡོངས་ལ་ཕན་འདོགས་ཀྱི་བྱ་བ་བྱེད་པ་དེ་ཡིན་པར་བསྟན། མདོ་ལས། དེ་ལ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་རྣམ་པར་དག་པ་བསྡུས་པ་ནི་རྣམ་པ་བདུན་གྱིས་རིག་པར་བྱ་སྟེ། བདུན་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཆོས་དེ་དག་གིས་གཞན་ལས་ཤེས་ཀྱི་ཁེ་ཡོངས་སུ་མི་འཚོལ་བ་དང་། ཆོས་དེ་དག་ལ་ལྟ་བས་མངོན་པར་ཞེན་པར་མི་བྱེད་པ་དང་། ཆོས་འདི་དག་བྱང་ཆུབ་ཏུ་ངེས་པར་འབྱིན་པ་ཡིན་ནམ་མ་ཡིན་སྙམ་དུ་ཡིད་གཉིས་དང་ཏེ་ཚོམ་སྐྱེད་པར་མི་བྱེད་པ་དང་། བདག་བསྟོད་གཞན་ལ་མི་སྨོད་ཅིང་བརྙས་པར་མི་བྱེད་པ་དང་། དྲེགས་པར་མི་བྱེད་ཅིང་བག་མེད་པར་མི་བྱེད་པ་དང་། ཅུང་ཟད་ཙམ་དང་ངན་ངོན་ཙམ་གྱིས་ཆོག་པར་མི་འཛིན་པ་དང་། ཆོས་དེ་དག་གིས་སེར་སྣ་མི་བྱེད་ཅིང་གཞན་དག་ལ་ཕྲག་དོག་མི་བྱེད་པ་ཡིན་ནོ།། མདོ་འདིས་ནི་ཤེས་ཀྱི་ཁེ་འཚོལ་བ་སྟེ་ཐུབ་པའི་གཞུང་ལུགས་ཀྱི་ཐོས་བསམ་འདི་གཞན་གྱི་སར་ནས་ཁེ་བཟང་ལེན་པའི་ཆེད་དུ་དང་། གཞན་ལ་བརྙས་བཅོས་དང་། ཕྲག་དོག ཁེངས་དྲེགས་སོགས་ཀྱི་ཆེད་མིབཀོལ་བར་ཞི་དུལ་བག་ཡོད་དང་གཞན་ཕན་གྱི་ཆེད་དུ་བཀོལ་དགོས་པར་བསྟན། མདོ་ལས། ངས་ནི་ཁྱོད་ལ་ཐར་བའི་ལམ་བསྟན་གྱི།། ཐར་བ་རང་ལ་རག་ལས་ཤེས་པར་བྱོས།། ཞེས་དང་། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་དུ་སུ་ཞིག་མགོན་དུ་འགྱུར།། ཞེས་དང་། ཐུབ་རྣམ་སྡིག་པ་ཆུ་ཡིིས་མི་འཁྲུ་ཞིང་།། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།། ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མིན་ཏེ།། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར།། མདོ་འདི་དག་གིས་ནི་རང་གི་མགོན་དང་སྐྱབས་ཡོད་ཚད་སངས་རྒྱས་ལ་བཅོལ་ཏེ་རང་ཉིད་རང་དགར་བསྡད་ན་ལེགས་ཚོགས་ཐོབ་འོང་སྙམ་པའི་སྒྱིད་ལུག་གི་བསམ་བློ་དོར་བྱར་བསྟན་པ་དང་མཉམ་དུ་རང་ཉིད་གང་ཞིག་ཏུ་འགྲོ་མིན་དང་། རང་ཉིད་ལ་གང་ཞིག་ཐོབ་མིན་ནི་རང་ཉིད་ཀྱི་བསམ་ཕྱོགས་དང་འབད་བརྩོན་ཉིད་ལ་རག་ལས་པའི་དངོས་བདེན་ཆོས་ཉིད་ཀྱི་གནས་ལུགས་ཡང་དག་པར་འགྲེལ་ཡོད། མདོ་ལས། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། སྟོང་བ་ཞི་བ་སྐྱེ་བ་མེད་པའི་ཚུལ།། མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་པ།། དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང་།། རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད།། མདོ་འདིས་ནི་ཤེས་རབ་བབ་རྣམ་དཔྱོད་ཀྱི་བློ་གྲོས་ཉིད་ལ་བརྟེན་ནས་རང་ཉིད་ཡང་དག་པའི་སར་བགྲོད་དགོས་པར་གསུངས་ཡོད། དེ་ནི་དེང་གི་བཤད་སྟངས་ལྟར་ན་སློབ་སྦྱོང་གལ་ཆེ་ཚུལ་བཤད་པ་དང་གཅིག་མཚུངས་ཡིན། མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེག་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟགས་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། མདོ་འདིས་ནི་སྐྱེ་བོ་གང་ཞིག་ནང་བ་སངས་རྒྱས་པའི་ཆོས་ཀྱི་རྗེས་སུ་འབྲང་མིན་དང་སྟོན་མཆོག་ཁོང་ལ་དད་པ་བྱེད་མིན། ད་དུང་ཁོང་གི་གསུང་བའི་གཞུང་ལུགས་ཀྱི་གྲུབ་དོན་དེ་ཚོ་ཡང་དག་ཡིན་མིན་དང་། ཉམས་སུ་ལེན་འོས་མིན་ནི་རང་རང་གིས་བརྟགས་དཔྱད་ལེགས་པར་བྱས་ནས་ཐག་བཅད་དགོས་པ་ལས་རྒྱུ་མཚན་མ་ཤེས་པའི་དད་པ་དང་མོས་པའི་དབང་གིས་འཇུག་པ་ནི་ཡང་དག་པ་མིན་པར་བསྟན་ཡོད། མདོ་ལས། སྐྱེས་པ་ཙམ་ནས་རིགས་ངན་ག་ལ་འགྱུར།། དེ་བཞིན་བྲམ་ཟེའི་རིགས་ཀྱང་ཡོད་མ་ཡིན།། བྱ་བའི་ལས་ཀྱིས་རིགས་ངན་འགྲུབ་པས་ན།། བྲམ་ཟེའི་རིགས་ཀྱང་བྱ་བའི་ལས་ལ་ལྟོས།། མདོ་འདིས་ནི་གང་ཟག་གང་ཞིག་སྐྱེས་ཙམ་ཉིད་ནས་རིགས་བཟང་ངན་དང་། མི་ཡག་བཙོག་ཐག་ཆོད་པ་ཞིག་མིན་པར་གང་ཟག་དེའི་བྱ་བའམ་ལས་ཀ་ལེགས་ཉེས་ཀྱིས་ཡག་བཙོག་དང་བཟང་ངན་ཐག་གཅོད་བྱ་དགོས་པར་བསྟན་ཡོད། འདི་ནི་དེང་གི་བཤད་སྟངས་ལྟར་ཁྲིམས་ལུགས་ཀྱི་འདུས་ཤེས་དང་གཅིག་གྱུར་གྱི་འདུ་ཤེས་བླ་ན་མེད་པ་ཞིག་ཡིན། དེང་རིང་སྟེ་སྟོན་མཆོག་ཐུབ་པའི་དབང་པོ་ཁོང་གི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་འདིར་ཁོང་དང་ཁོང་གི་གསུང་གི་ཉིང་བཅུད་དག་ལ་ཕྱིར་དྲན་དང་། འདི་ཕྱི་ཀུན་ཏུ་དགེ་བའི་ཁོང་གི་གསུང་གི་བདུད་རྩི་དག་གོ་བདེའི་འགྲེལ་བཤད་ཐུང་ཙམ་དང་ལྷན་དུ་ནང་པའི་ཆོས་གྲོགས་དག་གི་སྤྱན་སྔར་འབུལ་རྒྱུ་ནི་ཁོང་གི་འཁྲུངས་སྐར་སྲུང་རྩིའི་ཆ་ཤས་གལ་ཆེན་ཞིག་ཏུ་མཐོང་ནས་འདི་ལྟར་སྤེལ་བའོ།།
༢༠༡༢/༦/༤ ལ་བྲིས།
སྟོན་པ་ཤཀྱཱ་ཐུབ་པའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།
དཔེ་དོན་མཚུངས་པ་ལེགས་པོ་ཞེ་དྲག་བྲིས་གནང་འདུག་དབྱིན་ཇི་དང་རྒྱ་ཡིག་སོགས་ལ་འགྱུར་གནང་ཚེ་ཕན་པ་ཤིན་ཏུ་ཆེ་བར་མངོན།