ཀླུ་སྨྱོན་ཧེ་རུ་ཀ
ལོ་ངོ་ཉིས་སྟོང་ལྔ་བརྒྱའི་སྔོན། །
ཉི་འོད་དེ་རིང་བཞིན་དུ་འཚེར། །
སྤྲིན་པའང་དེ་རིང་ལྟ་བུར་ལྡིང་། །
བྱ་བྱེའུ་དེ་རིང་ཅི་བཞིན་འཕུར། །
རླུང་བུ་དེ་རིང་འདྲ་བར་ལྡང་། །
ལོ་དྲུག་དཀའ་བ་སྤྱད་པ་ཡི། །
དྲང་སྲོང་སྐུ་ཤ་སྐེམ་ན་ཡང་།
གཟི་བརྗིད་འབར་བ་གང་ཞིག་གིས། །
བྱང་ཆུབ་ཤིང་ལ་སྐུ་རྒྱབ་བསྟན། །
བྱམས་བརྩེའི་སྤྱན་གྱིས་ཕྱོགས་བཅུར་གཟིགས། །
སྐྱེ་རྒ་ན་འཆིའི་ཆུ་བོ་བཞིས། །
འགྲོ་བ་དག་ནི་ཕྱི་ཕྱིར་འཁྱེར། །
མུན་པར་བཅས་པའི་བདུད་སྡེའི་སྙིང་། །
སྙིགས་མའི་རྡུལ་དང་ལྷན་ཅིག་རྩེན། །
ད་ནི་མཁའ་ཁྱབ་འགྲོ་བའི་ཕྱིར། །
རྡོ་རྗེ་ལྟ་བུའི་ཏིང་འཛིན་ཞིག །
རྒྱ་མཚོ་འདྲ་བའི་སྙིང་རྗེ་ཞིག །
མ་སྐྱེས་བར་དུ་སྒོམ་མི་གློད། །
འཆི་བ་མེད་པའི་གོ་འཕང་ཞིག །
འགྲོ་ལ་ཕན་པའི་ལམ་བུ་ཞིག །
འོད་ཀྱིས་སྒེག་པའི་སྣང་བ་ཞིག །
མ་རྙེད་བར་དུ་སྒོམ་མི་གློད། །
དེ་སྐད་ཐུགས་དམ་བཅས་པའི་མོད། །
ས་ནི་རྣམ་པ་དྲུག་ཏུ་གཡོས། །
ཆུ་བོས་ཡ་མཚན་རྦ་རླབས་འགྱེད། །
ཉི་འོད་ཆར་དུ་བབས་ཤིང་འཚེར། །
ལྷ་རྣམས་ཅ་ཅོས་མྱོས་ཤིང་འཁྱོར། །
དྲང་སྲོང་ཆེན་པོའི་ཏིང་འཛིན་གྱིས། །
སྲིད་པ་གསུམ་གྱི་ཁོང་ཉུལ་བས། །
བདུད་སྡེ་དག་ཀྱང་རབ་དངངས་ཤིང་། །
བར་དུ་གཅོད་པའི་སྟ་གོན་བརྩམས། །
རི་བོ་རལ་ཞིང་ཆུ་གཏེར་འཁྲིགས། །
དུག་སྦྲུལ་ཉུལ་ཞིང་མཛེས་མ་འཛུམ། །
ཅེ་སྤྱང་ངུ་ཞིང་སྲིན་བྱ་དགོད། །
གློག་དམར་འཁྱུགས་ཤིང་ཐོག་ཆར་འབེབ། །
ད་ཀོ་འཇིག་རྟེན་ཟླུམ་པོ་འདི། །
ཐལ་བར་འགྱུར་བའི་ཟློས་གར་གྱིས། །
དྲང་སྲོང་ཆེན་པོའི་བ་སྤུ་ཡང་། །
གཡོ་བར་མ་གྱུར་འདི་ཅི་ཞིག །
བདུད་སྡེས་འཕངས་པའི་མཚོན་ཆ་དག །
མཛེས་སྡུག་མེ་ཏོག་ཕྲེང་བར་གྱུར། །
བསླུ་བྱེད་མཛེས་མའི་མྱོས་བུམ་ཡང་། །
རྒས་གཉེར་བབས་ཤིང་མི་སྡུག་གྱུར། །
སྲོད་ལ་མཉམ་པར་བཞག་གྱུར་ཅིང་། །
ནམ་གུང་བདུད་སྡེ་བཅོམ་པ་དང་། །
ཐོ་རེངས་མངོན་པར་སངས་རྒྱས་ཏེ། །
སྐྱེ་བོ་དག་གི་འདྲེན་པར་གྱུར། །
ལྔ་སྡེ་ཚངས་པ་ཆེན་པོ་སོགས། །
མི་དང་ལྷ་ཡི་གདུལ་བྱ་ལ། །
བདེན་བཞིའི་ཆོས་ཀྱི་འཁོར་ལོ་ཡི། །
བདུད་རྩིའི་བགོ་བཤའ་ལན་མང་བཀྱེས། །
གྲོང་དང་གྲོང་ཁྱེར་རབ་རྒྱུ་ཞིང་། །
ནགས་དང་རི་བོའི་ཁོང་ཉུལ་ཏེ། །
ནང་དུ་ཡང་དག་འཇོག་པ་དང་། །
ཐེག་གསུམ་གདུལ་བྱ་སྨིན་པར་མཛད། །
ལྷས་བྱིན་ཁྲོས་ནས་སྒྱོགས་རྡོ་འཕངས། །
མཛེས་དགས་གཞི་མེད་སྐུར་བ་བཏབ། །
དཔལ་སྐྱེས་དུག་གི་ཟས་དྲངས་ཀྱང་། །
ཁྱོད་ལ་ཅི་ཡང་གནོད་མ་གྱུར། །
ཚངས་པའི་གོ་འཕང་འཚོལ་བ་ཡི། །
རལ་བ་སེར་སྐྱའི་དྲང་སྲོང་དག །
ཁྱོད་ཞབས་སྤྱི་བོས་རབ་བླངས་པས། །
མཆོག་སྲུང་ལ་སོགས་སྟོན་ཆེན་མང་། །
ཁྱིམ་ན་གནས་ཀྱང་ཤེས་རབ་མེས། །
རྨོངས་མུན་ནགས་ཀྱི་ཚལ་ཟ་བའི། །
དྲི་མེད་གྲགས་པ་ལ་སོགས་པའི། །
གོས་དཀར་ཅན་ཡང་ཁྱོད་ལ་མང་། །
དྲང་སྲོང་ཆེན་པོ་ཁྱོད་ཉིད་ནི། །
ནུ་ཞོའི་བཅུད་ཀྱིས་བསྐྱངས་པ་ཡི། །
སྐྱེ་རྒུའི་བདག་མོ་ལ་སོགས་པའི། །
སྒྲུབ་པ་མོ་ཡང་ཁྱོད་རྗེས་འབྲངས། །
ཐེག་པ་གསུམ་གྱི་བདུད་རྩི་ཡིས། །
འགྲོ་མང་ཐར་པའི་སར་བཀོད་པས། །
ད་ཀོ་ཁྱོད་ཀྱི་ཉི་མ་ཡང་། །
དུས་ཀྱི་ནུབ་རིར་གཤེགས་ལ་རིངས། །
མཚན་དཔེ་འབར་བའི་གཟུགས་སྐུ་ནི། །
མཆོད་པའི་རྟེན་དུ་བཞག་མཛད་ཅིང་། །
སྤྲོས་བྲལ་ཐུགས་ཀྱི་ཐིག་ལེ་ནི། །
ཆོས་ཀྱི་དབྱིངས་ན་གར་དུ་རྩེན། །
དེ་སྐད་སྟོན་མཆོག་ཟས་གཙང་སྲས། །
མངོན་སངས་རྒྱས་དང་ཆོས་འཁོར་བསྐོར། །
མྱ་ངན་འདས་པའི་དུས་ཆེན་གསུམ། །
འཛོམས་པའི་ཚེས་ལ་གླུ་འདི་བླངས། །
འཛམ་གླིང་ཞི་བདེ་བྱེད་པོ།།
སྟོན་མཆོག་སྨྲ་བའི་ཉི་མ།།
ཤཱཀྱའི་སྲས་པོ་དེ་ལ།།
བསྟོད་ཚིག་ཧ་ཅང་སྙན་ནོ།།
ཨ་ཁུ་ཀླུ་སྨྱོན་ལགས་ཀྱི་རྩོམ་ཡིག་འདི་སྙན་པོ་འདུག མུ་མཐུད་དུ་སྤེལ་རོགས། དྲ་གྲོགས་དག་གིས་རེ་སྒུག་བྱས་ཡོད།།།།།
སྨག་རུམ་འཐིབ་པའི་གླིང་འདི།།
འོད་ཀྱིས་གང་བའི་ཉིན་མོ།།
འཁྲིགས་ཆ་ཆེ་བའི་གླིང་འདི།།
ཞི་བདེར་བསྒྱར་བའི་ཉིན་མོ།།
ཐེག་པ་ཆེན་པོའི་དབང་དུ་ནི།།
ལྷའི་བུ་དམ་པ་ཏོག་དཀར་མཆོག །
འོག་མིན་མངོན་སངས་རྒྱས་ནས་སླར།།
ཞིང་འདིར་མཛད་པ་བཅིུས་བསྟན།།
ཆོས་འཁོར་དུས་ཆེན་དྲུག་པ་ཡི།།
ཚེས་བཞིར་འདོད་པ་ཡོངས་གྲགས་ཀྱང་།།
འདི་རུ་དུས་ཆེན་གསུམ་འཛོམས་གྱི།།
ཆ་ཤས་བགྲངས་པའི་ཆོས་འཁོར་དེ།།
བར་མཐའི་ཆོས་འཁོར་གཉིས་ཀ་འམ།།
ཡང་ན་དེ་གཉིས་གང་རུང་ངམ།།
གསུམ་ཀ་ཅིག་ཅར་བསྐོར་རམ་ཅི།།
དུས་ཆེན་གསུམ་འཛོམས་མཚོན་པའི་དོན།།
ཡང་སྙིང་བདེན་པ་གང་ཡིན་གྱི།།
ཁ་གསལ་གོ་བདེའི་ལན་ཞིག་མཛོད།།
པད་དཀར་ལྟ་བུ་རྒྱལ་བ་གཞན་ལས་མཆོག།
སྙིགས་དུས་འགྲོ་བ་སྒྲོལ་བའི་ཐབས་ལ་མཁས།
སྒྲིབ་ཉིས་དགྲ་ལས་རྒྱལ་བའི་རྟུལ་ཕོད་པ།
ཁྱེད་ལས་གཞན་པ་བསྔགས་འོས་མ་མཆིས་སོ།།
ཁྱེད་ཚོས་ཟིན་སྤེལ་ས་ཡོད་དུས་ལེགས་པོར་སྤེལ་རོགས་གནང་། གུས་ནི་འདིར་མཆན་འགོད་རྒྱུ་ཁོ་ནས་ལས་ཟིན་བྲིས་གཏོང་ས་ཡོད་ནི་མ་རེད། དེ་སྔོན་ཐེངས་འགའ་བཏང་ཁ་བརྡ་ཚང་གིས་ངོས་ལེན་བྱས་མ་བྱུང་བས་ཅི་བྱ་བྲལ།
དགེ་སྦྱོང་གོའུ་ཏ་མའི་མཁྲུངས་སྐར་ལ་རྟེན་འབྲེལ་ཞུ།
ལོག་སྨྲ་ཚར་གཅོད་ ལགས། ཁྱོད་རང་གི་མིང་ནོར་ཚར་ནི་རེད། ཨ་མདོ་རེབ་ཀོང་ལོག་སྨྲ་ཚར་གཅོད་བྲིས་དང་ཀ་ཐུག་སླེབས་ཀྱི་རེད། གོ་ཨེ་ཐལ། ལྐུགས་པ།
ཡུལ་གྱར་བ་ལགས། ཁྱེད་སྟོན་པ་གང་གི་རྗེས་འཇུག་ཡིན་ཚེ་དགེ་སྦྱོང་གོའུ་ཏ་མ་ཞེས་མ་གུས་པའི་ཚིག་བརྗོད་མི་རུང་། ཁྱེད་ཀྱི་བརྗོད་སྟངས་དེ་ནི་སྤྱིར་བཏང་གི་དགེ་སྦྱོང་ཞིག་ལ་འབོད་སྟངས་རེད། དཔེར་ན། དགེ་སྦྱོང་བཀྲིས་ཟེར་བ་དང་གཅིག་པ་རེད།
གང་གི་ཚེ་གཞོན་ནུ་དོན་གྲུབ་ལོ་དྲུག་དཀའ་བ་སྤྱད་པའི་ཚེ་རགས་པའི་ཟས་ལ་བསྟེན་པ་ན་ལྔ་སྡེ་ཡི་མ་རངས་ཏེ་ཕྱག་དང་ཞེ་ས་མི་བྱེད་རྒྱུའི་དམ་བཅས་ནས་ལོག་གོ
གཞོན་ནུ་དཀའ་ཐུབ་ལས་ལངས་ནས་མ་གྷ་དར་མངོན་པར་བྱང་ཆུབ། ཝ་ར་ན་སིར་གཤེགས་པ་ན་ལྔ་སྡེས་རིག་སྟེ་ན་རེ། ཚེ་དང་ལྡན་པ་གཽའུ་ཏ་མ། སོགས་འདྲི་བ་ན། སྟོན་པས། ཚེ་དང་ལྡན་པ་དག སྤྱོད་ཡུལ་མཉམ་པར་མ་ལྟ་ཞིག ཁོ་བོས་ནི་བདུད་རྩི་བརྙེས་སོ། ། བདུད་བཅོམ་མོ་སོགས་བཀའ་སྩལ་ཏོ།
བོད་ལ་ཞེན་གྱི་ཁ་སྐོང་དུ།
སྟོན་པའི་ནང་ན་བདག་ཅག་སྟོན་པ་དེ།།
ལྟ་བའི་ནང་ནང་ན་རྟེན་འབྱུང་ལྟ་བ་དང་།།
སྤྱོད་པའི་ནང་ན་འཚེ་བ་མེད་པ་ཡིས།།
གདུལ་བྱ་ཐར་པ་འདྲེན་མཛད་དེ་ལ་འདུད།།
དཔལ་ལྡན་ལགས་བཀྲིས་བདེ་ལེགས།།
མིང་སྲང་ལྷན་སྦྱོར་བྱས་ནས་དམེ་རྒྱུད་སྤེལ།།
ཤྰཀྱའི་རྒྱལ་སྲིད་མ་མནོན་རབ་ཏུ་བྱུང་།།
བདེན་བཞིའི་ཆོས་འཁོར་སྐོར་ནས་དམབས་སེམས་བཀུག།
ལོ་དྲུག་དཀའ་བ་སྤྱད་ནད་མཚན་སྙན་སྐྲུན།།
དྲ་གྲོགས་ཚོ། ཁ་སང་རྒྱ་ནག་གི་ཧོང་གོང་གྲོང་ཁྱེར་ནས་པེ་ཅིན་གྱི་དྲུག་བཞིའི་དོན་རྐྱེན་ལ་དུས་དྲན་གྱི་མར་མེ་ཁྲོམ་སྐོར་བྱས་པའི་གནས་ཚུལ་གོ་རྒྱུ་འདུག རྣམ་པ་ཚོར་གསར་འགྱུར་རེ་གསུང་རྒྱུ་ཡོད་ན་འདིར་བཀོད་རོགས་ཞུ།
དགོད་བཞིན་དུ་ནི་སྡིག་བསགས།།
ངུ་བཞིན་དམྱལ་བ་མྱོང་བར་འགྱུར།།
ལས་ངན་ཇ་མ་ལའོ།།
ལོ་ངོ་ཆིག་སྟོང་དགུ་བརྒྱའི་སྔོན་ལ་རེད།
ཀླུ་སྨོན་ཧེ་རུ་ཀའི་མགུར་གླུ་འདིས།།
གཙང་སྨྱོན་ཧེ་རུ་ཀ་འདི་དྲན་དུ་འོང་།།
བཞི་པའི་ས་ག་ཟླ་བར། །
བདུད་བཞི་རང་གིས་བཅོམ་ནས། །
བདེན་བཞི་གཞན་ལ་སྟོན་མཁན། །
སྐུ་བཞིའི་ས་ལ་བཞུགས་ནས། །
བསྡུ་བའི་དངོས་པོ་བཞི་ཡིས། །
སྐུ་བཞི་ཐོབ་ཕྱིར་གསུང་མཁན། །
རྣམ་འདྲེན་བཞི་པར་ཕྱག་འཚལ། །
སྐྱེ་རྒ་ན་འཆིའི་གྲིབ་སོ་ཕྱོགས་ཀུན་ནས་ཁུག་ཚེ།།
མ་ཤེས་བྱིས་པའི་འཁྲུལ་ངོར་སྐྲག་སྣང་ཞིག་སླེབས་ཅིང་།།
ཨ་ཕའི་མདུན་དུ་སླེབས་པར་བྲེལ་ཤ་ཞིག་ལངས་ཀྱང་།།
ཆོས་ཉིད་ཆོས་སུ་ཤེས་ན་བཅོས་མེད་ཀྱི་རང་མདངས།།
སྐྱེ་འཆིའི་འཕྲང་ལས་ཐར་འདོད་བྱིས་བློ་ཡི་རི་དྭགས།།
གཏོད་མེད་དབེན་གསུམ་གནས་སུ་ཕར་ཕར་ལ་འཕྱན་ཡང་།།
ཐ་མ་མགོ་གོག་སྐམ་པོ་ས་གཞི་ལ་གླན་ནས།།
འཆི་བ་མངོན་དུ་བྱས་པའི་མངོན་སུམ་ཞིག་མཐོང་སོང་།
ལོ་དྲུག་དཀའ་བ་སྤྱད་ནས་འཆི་བ་ལ་ཐུག་ཀྱང་།།
འོ་ཐིགས་ཞལ་ལ་རེག་པས་འཆི་དགོས་རང་མ་བྱུང་།།
འཆི་མེད་སྒོམ་ཡང་འཆི་བར་ལྡོག་ཐབས་ནི་ཅི་ཡོད།།
འཆི་བདག་ཞགས་པས་ཏིང་འཛིན་མལ་ས་ནས་དྲུད་སོང་།།
ན་རྒ་འཆི་བ་སྐྱེ་བས་ཐོབ་པ་ཡི་ཁུར་པོ།།
ལྕི་ན་ཡང་ན་གཟུར་དུ་མེད་པ་ཡི་ཁུར་པོ།།
ཆོས་ཉིད་ཁྲིམས་ཀྱིས་བསྐུར་བའི་རང་བྱུང་གི་ཁུར་པོ།།
ཕོག་འདོད་ངལ་ལས་ལས་ཁུར་ལྷག་མ་ལས་མ་མཆིས།།
ཉོན་མོངས་དགྲ་ལས་རྒྱལ་བའི་དགའ་སྟོན་ཞིག་ཐོབ་ཀྱང་།།
ན་རྒ་གཡུལ་ལས་མ་རྒྱལ་ཕམ་ཁ་རང་ཁུར་འདུག།
སྒྲིབ་གཉིས་མཐར་རུ་དེད་དེ་དཔའ་རྟགས་ཤིག་བཞག་ཀྱང་།།
འཆི་བའི་བདག་པོའི་བཙན་འཛུལ་ཉལ་ས་ནང་སླེབས་འདུག།
རྒྱལ་དགོས་པ་ལས་རྒྱལ་ཁ་ཐོབ་འདུག།
རྗེས་འཇུག་མང་པོ་དགའ་བས་མྱོས་འདུག།
ཕམ་དགོས་པ་ལས་ཕམ་ཁ་ཁུར་འདུག།
མ་ཕམ་རང་ཕམ་ཆོས་ཉིད་བཙན་པོ།
བདུད་རྩི་ལྟ་བུ་ཡི་ཆོས་ཤིག་ཐོབ་པ་དེས།
མི་རྟག་འཆི་བ་འདི་ཟློག་པར་མ་ནུས་ལ།
ནམ་འཆི་རང་དབང་ཡང་མེད་པར་གྱུར་ལགས་ན།
ཤི་བའི་རྗེས་ཤིག་ལ་ཕན་སྐད་ཀྱེ་མ་ཧུད།
ཁྱེད་ཀྱི་སྐུ་ལ་སྐྱེ་འཆི་མི་མངའ་མོད་།
ཆོས་སྣམས་མི་རྟག་རྒྱུ་མར་སྟོན་ཆེད་དང་།
དེར་བསྟེན་གདུལ་བྱ་ཆོས་ལ་བསྐུལ་ཕྱིར་དུ་།
དགོངས་པ་མྱ་ངན་འདས་པའི་ཚུལ་འདི་བསྟན་།
ལོ་དགུ་ཟླ་དགུ་ཕྱིན་པའི་རྗེས།
ཀླུ་སྨྱོན་ཁ་ནས་ཆོས་སྐད་ཐོན།
བཀྲིས་བདེ་ལེགས་ཕུན་སུམ་ཚོགས།
སྐལ་པ་བཟང་བའི་རྟེན་འབྲེལ་རེད།
ད་རེས་ཀྱི་རྩོམ་དེ་དངོས་འབྲེལ་སྙན་པོ་འདུག ཡིད་སྨོན་ཤོར་སོང་།
སྟོན་པ་ཤཱཀྱ་མཉམ་མེད། །
ཚིག་འདི་བརྒྱ་སྟོང་འབོད་རུང་། །
ནང་དོན་རིག་པ་མ་ཤེས། །
མཉམ་མེད་ཟེར་ན་ཚིག་ཙམ། །
དེ་བས་ནང་དོན་རིག་པར་འབད་དོ། །
ཨ་ཁུ་ཀླུ་སྨྱོན་ལགས་ཀྱིས་སྙན་པོ་ཞིག་བྲི་འདུག་་ངོ་མ་རྗེས་སུ་ཡི་རང་ཡོད།་་་་
མཁྱེན་ཡངས་མགོན་པོ་ཕྱག་གཉིས་པ་དང་། ཨ་ར་དཀར་པོ་ལགས་རྣམ་གཉིས་དང་བཞེད་པ་མཐུན་པ་རྣམས་ལ་བཀའ་འདྲི་ཞུ་རྒྱུར། གལ་སྲིད་མི་ལོང་བ་ཞིག་གི་མིག་ལ་ཉི་ཟླ་སྐར་གསུམ་གྱི་འོད་ཟེར་རིམ་བཞིན་
འཕྲོས་ཚེ་མི་དེས་འོད་ཟེར་དེ་དག་གསུམ་པོའི་ནང་ནས། གང་ཞིག་གསལ་ཤོས་དང་གང་གི་འོད་ཟེར་མོག་ཤོས་སུ་འབྱེད་ཐུབ་བམ།
བློ་གཟུ་བོར་གནས་ནས་ལན་ཞིག་གནང་རོགས་གནང་དང་།
ད་མུར་གཞི་ནས་གནས་ལུགས་དེ་མཁྱེན་ངེས་ཡིན།
གཞན་ཡང་དཔལ་ཆོས་ཀྱི་གྲགས་པས།
འཕགས་པས་ན་དང་རྒ་བ་དང་།།
འཆི་བའི་སྡུག་བསྔལ་རྩད་ནས་སྤངས།།
དེ་ལ་དེ་མེད་ཕྱིར་དེ་མེད།།
ཅེས་པའི་ཚིག་དོན་གཉིས་དང་དངོས་ཤུགས་ཀྱི་བསྟན་བྱ་གཙོ་བོ་གང་ཡིན་འབྲེལ་བཤད་
ཁ་གསལ་ཞིང་གོ་བདེ་ལ་དྲང་པོ་དྲང་རྐྱངའང་ཡིན་པ་ཞིག་གནང་ཐུབ་པ་འདུག་གམ།། གལ་སྲིད་མ་ཐུབ་ན་གནད་འགག་གཙོ་བོ་ནི། རང་གི་རྣམ་དཔྱོད་དང་དབང་པོའི་ནུས་པ་ལ་ཐུག་པ་དེ་དང་གཅིག་མཚུངས་རང་རེད།
འཇམ་མགོན་ས་པཎ་གྱིས།
མཁས་པ་ཡོན་ཏན་དཔག་མེད་པ།།
མཐར་ཕྱིན་གཅིག་གིས་འཇིག་རྟེན་གསལ།།
བློ་ངན་ཤེས་པ་མང་ན་ཡང་།།
རྒྱུ་སྐར་བཞིན་དུ་གསལ་མི་ནུས།།
ཞེས་དང་།
ཉི་མའི་འོད་ཟེར་ཤར་བ་ན།།
འབྱུང་པོའི་བྱ་རྣམས་ལོང་བར་གྱུར།།
ཞེས་དང་ཡང་པཎ་ཆེན་བསོད་ནམས་གྲགས་པའི་ཞལ་སྔ་ནས།
བླུན་པོ་མཁས་པའི་ངག་མི་ཉན།།
དེ་ལས་ཉེས་སྐྱོན་འོས་པ་ཐོབ།།
ངང་པའི་ངག་བཞིན་མ་ཉན་པས།།
རུས་སྦལ་མཁའ་ལས་ལྷུང་ཞེས་གྲགས།
ཞེས་པ་ལྟར་རོ།
བདག་ཅག་གི་སྟོན་པས། ལེགས་པར་བརྟག་ལ་ང་ཡི་བཀའ། གསུང་པ་ཞིན། སྟོན་པ་གང་གི་གསུང་ལ་བརྩི་བཀུར་གྱིས་བརྟག་པ་ཅུང་བགྱིད་ན། སྟོན་པའི་གསུང་ལ་ཡང་འགལ་བ་རེ་གཉིས་ཤར་བཞིན་འདུག་ན། མཁས་པ་རྣམས་ཀྱིས་བགྲོ་གླེང་ཡོད་པ་མཁྱེན།
དང་པོ། སྟོན་པའི་གསུང་ལ་སངས་རྒྱ་ཟེར་དུས། རྣམ་ཤེས་དང་བཅས་པ་མེད་པར་འགྱུར་བའི་དོན་རེད་དམ།
སངས་རྒྱ་དུས་ཇི་ལྟར་རྒྱ་དགོས་སམ། སྟོང་པ་ཉིད་སྒོམ་ནས། སེམས་ཀྱི་སྤྲོས་པ་ཐམས་བཅད་མེད་པར་འགྱུར་ནས། ཅི་བསམ་འདི་བསམ་མེད་པར་སྟོང་བར་འགྱུར་བའི་དོན་ཨེ་རེད། ས་རྡོ་ལ་འགྱུར་བའི་དོན་རེད་དམ།
འདི་ལ་འགྲེལ་བཤད་ཤིག་ཡོད་པ་ཞུ།
དེ་ནས་འདྲི་བ་གཉིས་པ་འདི་འབུལ་གྱི་ཡིན།
༡ མི་ཞ་ར་ཞིག་གིས་ཉི་ཟླ་སྐར་གསུམ་གྱི་འོད་གང་ཞིག་གསལ་པོ་ཡིན་པ་ག་འདྲ་བྱས་ནས་ཤེས་ཀྱི་རེད་དམ། ཤེས་ཀྱི་མ་རེད།
༢ འཕགས་པས་ན་དང་རྒ་བ་དང་།།
འཆི་བའི་སྡུག་བསྔལ་རྩད་ནས་སྤངས།། འདིར་ཁ་ཐུག་ཏུ་གོ་བ་བླངས་ན་ན་རྒ་འཆི་བའི་ ་་སྡུག་བསྔལ་་ རྩད་ནས་སྤངས་ཟེར་བ་མ་གཏོགས་ན་རྒ་འཆི་བ་རྩད་ནས་སྤངས་ཞེས་བྲིས་མི་འདུག སངས་རྒྱས་ཀྱིས་ཆོས་གསུང་ས་དེ་ང་ཚོ་མི་ཡིན་པ་དང་། སངས་རྒྱས་ཀྱི་ལོ་རྒྱུས་འབྲི་མཁན་དེའང་ང་ཚོ་མི་རེད། དེ་འདྲ་ཡིན་ན། མིའི་སྣང་ཚུལ་དང་མཐུན་པར་སྐད་ཆ་བཤད་པ་ལས་མི་ཞིག་གིས་མི་ལས་འདས་པའི་དོན་དག་ཅིག་བཤད་ཡོང་ན་མི་ཤེས། དེ་ནི་གསང་བ་རེད་ཟེར་ནས་ཕར་འཇོག་་པ་ལས་འོས་མ་མཆིས། དངོས་ཡོད་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད་པ་ལྟར་ན། སངས་རྒྱས་ན་རྒ་འཆི་བ་སྤངས་མེད་པ་གསལ་པོར་བྲིས་མི་འདུག་གམ། ན་བ་རྒ་བ་འཆི་བ་ཚང་མ་ཁོང་གི་མགོར་ཡང་ང་ཚོ་ལྟར་གཅིག་མཚུམས་སུ་སླེབས་འདུག་ག
ཆོས་ལུགས་གང་ཞིག་ཡིན་ནའང་རང་རང་གི་སྟོན་པ་དེ་མི་ལས་འདས་པའི་ཡ་མཚན་པ། མིའི་བློ་ཡིད་ལས་འདས་པ་ཞིག་ཏུ་བྲིས་ཡོད་པ་རེད། དེ་གཅིག་བྱས་ན་བདེན་པ་ཡིན་རྒྱུ་རེད། ང་འདྲ་བ་ཕལ་བའི་མི་ཞིག་གིས་ཕལ་བ་ལས་འདས་པའི་དོན་དག་ཅིག་ཅི་ལ་ཤེས། ཡིན་ནའང་། དེ་ན་མི་མཐུན་པའི་འགལ་བ་མང་པོ་ཞིག་འདུག ཡང་མི་ལས་འདས་པ་ཞིག་ཏུ་ངོས་བཟུང་ན། མི་ཞིག་གི་ལོ་རྒྱུས་ཆ་ཚང་ཞིག་ཡ་མཚན་པའི་གཏམ་རྒྱུད་དེ་ཚོའི་སྲ་ཀ་སྲིབ་ཀ་ནས་གང་སར་མཐོང་རྒྱུ་ཡོད་གི་མོད། ཁོང་གིས་ཀྱང་མི་རྣམས་ལ། ལེགས་པར་བརྟག་ལ་ང་ཡི་བཀའ་ཟེར་ནས་མི་ཡིས་བརྟག་ཐུབ་པ་དང་བརྟག་དགོས་པ་བཤད་འདུག དེའི་ཤུགས་སུ། ཁོང་མི་ཞིག་ཡིན་པ་བསྟན་ཡོད་པ་རེད།