གཅན་འོད་འབར།
༡
སྔོན་ཆད་ཕ་ཡུལ་ནི་རང་ཉིད་ཁོ་ནའི་སྐྱེས་ས་དང་འཚར་སའི་ས་ཆ་ཙམ་མ་ཡིན་པར། རང་ཉིད་ཀྱི་ཕ་མེས་ཡང་མེས་ཚོའི་འཚོ་བའི་དབུ་ཁྱུད་འབྲི་ས་དང། ཕ་ལོ་མ་ལོ་ཚོའི་མི་ཚེའི་སྐྱིད་སྡུག་མྱོང་ས། ལྷ་ཀླུ་གཉེན་གསུམ་གྱི་བསྟན་པའི་མངའ་ཐང་དར་ས་དང་། ཚ་བོ་ཚ་མོ་ཚོའི་རེ་བའི་རྨི་ལམ་རྨི་ས་ཡང་ཡིན། འོན་ཀྱང། ད་ལྟ་ཕ་ཡུལ་ནི་བདག་གི་ཐག་རིང་ནས་དྲན་པའི་རྒྱང་བལྟ་བྱེད་ས་ཡིན་ལ། ཕ་མེས་ཚོའི་ཕྱི་མ་ནས་འཁྲེང་བའི་རྣམ་ཤེས་འཁོར་ས་ཡིན། ད་དུང། ཕ་མ་ཚོས་རང་ཁྱིམ་ནས་སྐྱོ་བའི་མིག་ཆུ་བཞུར་ས་ཡིན་ལ། ལྷ་ཀླུ་གཉེན་གསུམ་ཚོ་སྐྲག་ནས་གཉིད་དུ་ཡུར་ས་དང་། ཚ་བོ་ཚ་མོ་ཚོའི་ལུས་སེམས་དང་ཁ་ཐག་ཇེ་རིང་ཡིན་ས་ཡང་མ་ཡིན་ནམ། འོན་ཀྱང་འདི་ནི་ངས་རྒྱུན་དུ་འཆད་ཀྱིན་པའི་ཐག་རིང་གི་ཕ་ཡུལ་དེ་ཡིན།
༢
སྔོན་ཆད་ཕ་ཡུལ་ན་དབྱར་དགུན་སྟོན་དཔྱིད་ཀྱི་མཛེས་པའི་དུས་ཚིགས་ཡོད་ལ། རི་ལུང་ཆུ་ཀླུང་གི་རང་བྱུང་བཀོད་པ་ཡོད། རྟ་ནོར་ལུག་གསུམ་གྱི་གཡང་གི་སྒོ་ཟོག་ཡོད་ལ། གསེར་དངུལ་ཟངས་ལྕགས་ཀྱི་རིན་ཆེན་གཏེར་ཁ་ཡང་ཡོད། འོན་ཀྱང་ད་ལྟ་ཕ་ཡུལ་ན་ཁ་ཆར་དུས་སུ་འབབ་པའི་བཏང་སྙོམས་ཀྱི་དུས་ཚིགས་མེད་ལ། མེ་ཏོག་རྣམ་པར་བཞད་པའི་རི་བོ་མཐོན་པོ་དང་། ཉ་མོ་ལྷོད་ཀྱིས་འཁོར་བའི་ཆུ་བོ་དྭངས་མོ་མེད། སྐར་ཚོགས་ས་ལ་བབས་འདྲའི་གཡང་གི་སྒོ་ཕྱུགས་ཉུང་ལ། རིན་ཆེན་གཏེར་ཀྱིས་ཁེངས་བའི་ས་གཙང་ཆུ་གཙང་མེད། འོན་ཀྱང་འདི་ནི་ངས་གཏན་དུ་འཚོལ་བཞིན་པའི་རྒྱང་རིང་གི་ཕ་ཡུལ་དེ་ཡིན།
༣
སྔོན་ཆད་ཕ་ཡུལ་ནས་སུམ་གཉིས་ས་ཆ་དབང་དུ་བསྒྱུར་བའི་རྒྱལ་བློན་གྲངས་མེད་བྱུང་མྱོང་ལ། རྒྱལ་ཁམས་ཞབས་ཀྱིས་བཅགས་པའི་མཁས་པ་དམ་པ་ཡང་འཁྲུངས་མྱོང། ད་དུང། ཕྱི་ནང་གཞུང་ལ་མཁས་པའི་ལོ་ཙཱ་མཁན་པོ་བྱུང་མྱོང་ལ། འབངས་མི་བྱམས་ཀྱིས་སྐྱོང་བའི་བླ་སྤྲུལ་དཔོན་པོ་ཡང་འཁྲུངས་མྱོང། འོན་ཀྱང་ད་ལྟ། ཕ་ཡུལ་ནས་རྒྱལ་བློན་བཙན་པོའི་དུས་ཀྱི་ལོ་རྒྱུས་གླེང་མི་ཆོག་ལ། མཁས་པ་དམ་པས་མཛད་པའི་རྟོགས་བརྗོད་ཀྱང་ཀློག་མི་ཆོག ད་དུང་། ལོ་ཙཱ་མཁན་པོས་བསྒྱུར་བའི་རིག་གཞུང་སྦྱངས་མི་ཆོག་ལ། བླ་སྤྲུལ་དཔོན་པོའི་ཞབས་ལ་མཇལ་དར་ཡང་འཐེན་མི་ཆོག འོན་ཀྱང་འདི་ནི་ངས་རྟག་ཏུ་གླེང་བཞིན་པའི་ཐག་རིང་གི་ཕ་ཡུལ་དེ་ཡིན།
༤
སྔོན་མ་ཞིག་ལ་ཕ་ཡུལ་དུ་ཚན་རྩལ་གྱི་རིག་གནས་དར་མ་མྱོང་བའི་གནམ་གྲུ་མེད་ཟེར། ཕྱི་ནང་གི་རིག་གནས་མ་ཤེས་པའི་ཕྱི་ཕྱོགས་ལ་འབྲེལ་བ་མེད་ཟེར། ཁྲིམས་ལུགས་ལ་སྦྱོང་བ་མ་བྱས་པས་ཡང་དག་གི་འཛིན་སྐྱོང་མེད་ཟེར། ཚོང་དོན་གྱི་ཤེས་བྱ་དབེན་པས་ཡར་ཐོན་གྱི་དཔལ་ཡོན་མེད་ཟེར། བཅོས་བསྒྱུར་གྱི་བསམ་བློ་རྨོངས་པས་གསར་གཏོད་ཀྱི་རིག་ཤེས་མེད་ཟེར། འོན་ཀྱང་ད་ལྟ་གནས་གྲུ་དང་ས་གྲུ་ཡོད་ཀྱང་རྗེས་ལུས་ཀྱི་རྣམ་པ་ཇེ་ཆེ་རེད་ལ། དེང་རབས་ཀྱི་རིག་གནས་ཡོད་ཀྱང་ཕྱི་འབྲེལ་གྱི་ལམ་ཁ་ཇེ་དོག་རེད། ཁྲིམས་ལུགས་ཀྱི་འཛིན་སྐྱོང་ཡོད་ཀྱང་དྲང་བདེན་གྱི་ཁྲིམས་ཐག་ཇེ་དཀོན་རེད་ལ། ཚོང་ལས་ཀྱི་རླུང་རྟ་དར་ཡང་དབུལ་ཕུྱུག་གི་བར་སྟོང་ཇེ་ཆེ་རེད། ད་དུང། བཅོས་བསྒྱུར་གྱི་བསམ་བློ་ཡོད་ཀྱང་རང་དབང་གི་ཁོར་ཡུག་ཇེ་ཆུང་རེད། འོན་ཀྱང་འདི་ནི་ངས་ནམ་ཡང་སེམས་ཀྱིན་པའི་རྒྱང་རིང་གི་ཕ་ཡུལ་དེ་ཡིན།
༥
སྔོན་ཆད་དབུས་ན་ལྷུན་གྱིས་ཆགས་པའི་ཕོ་བྲང་པོ་ཏ་ལ་འདི་མེས་པོ་ཚོའི་དངུལ་ཁྲག་གིས་བསྐྲུན་པའི་བླ་མཁར་ཡིན་ཟེར་ཡང། ད་ལྟ་དེ་ནི་གསེར་སྡོང་འཛམ་གླིང་རྒྱན་གཅིག་གི་གཟི་འོད་ཉམས་པའི་བདག་མེད་ཀྱི་མཁར་རྙིང་ཞིག སྔོན་ཆད་སྟོད་ན་རྔམ་བརྗིད་ཀྱིས་འགྱིང་བའི་གངས་དཀར་ཏི་སེ་འདི་མི་རབས་མང་པོས་སྐྱབས་སུ་བཀུར་སའི་བླ་རི་ཡིན་བརྗོད་མོད། ད་ལྟ་དེ་ནི་ཡུལ་ལྷ་གཞི་བདག་ཚོའི་བྱིན་རླབས་བོར་སའི་གངས་རི་སྐམ་པོ་ཞིག སྔོན་ཆད་བར་ན་དྭངས་གཙང་གིས་འཁྱིལ་བའི་ལྷ་མོ་བླ་མཚོ་འདི་སྐྱེས་ཆེན་ཚོའི་འཁྲུངས་རབས་སྟོན་པའི་ལྷ་མཚོ་ཡིན་ཟེར་མོད། ད་ལྟ་དེ་ནི་ས་རྡུལ་གྱིས་བཀབ་པའི་འདམ་བག་གི་མེ་ལོང་ཆག་རོ་ཞིག སྔོན་ཆད་སྨད་ན་མཛེས་སྡུག་གིས་འཁྱིལ་བའི་ཁྲི་ཤོར་རྒྱལ་མོ་འདི་ཡུལ་མི་ཚོས་ཆོས་དད་ཀྱིས་གླིང་སྐོར་བྱེད་སའི་བླ་མཚོ་ཡིན་ཟེར་མོད། ད་ལྟ་དེ་ནི་སྐམ་ཞིང་སྦགས་པའི་གད་སྙིགས་ཀྱི་ཆུ་མཛོད་ཆེན་པོ་ཞིག འོན་ཀྱང་འདི་ནི་ངས་ནམ་ཡང་དྲན་བཞིན་པའི་ཐག་རིང་གི་ཕ་ཡུལ་དེ་ཡིན།
༦
སྔོན་ཆད་ལྷ་ས་འདི་ལྷ་ཀླུ་གཉེན་གསུམ་གྱིས་ཁམས་གསུམ་འཁོར་བའི་གདུལ་བྱ་མང་པོར་ཆོས་ཀྱི་འཁོར་ལོ་བསྐོར་སའི་ལྷ་ཡི་དག་ཞིང་ཡིན། སྔོན་ཆད་མདོ་སྟོད་འདི་དཔའ་དང་སྤོབས་པས་ཕྱུགས་པའི་དཔའ་རྒོད་ཚོས་དཔའ་སྤོབས་ཀྱི་རལ་གྲི་དགུང་ལ་འཕྱར་སའི་གནས་མཆོག་ཡིན། སྔོན་ཆད་མདོ་སྨད་འདི་བློ་དང་རིག་པས་བརྒྱན་པའི་མཁས་པ་གྲངས་མེད་ཀྱིས་ཤེས་རིག་གི་འོད་སྣང་ཕྱོགས་བཞིར་སྤྲོ་སའི་ཞིང་ཁམས་ཡིན། འོན་ཀྱང་ད་ལྟ། ལྷ་ས་ནི་ལྷ་མེད་རྐུན་ཇག་གི་བསྟན་པ་དར་སའི་འདྲེ་ས་ཡིན། མདོ་སྟོད་ནི་ཕུ་ནུ་མིང་སྲིང་ཚོ་ནང་དམེ་བྱེད་སའི་གཡུལ་ས་ཡིན། མདོ་སྨད་ནི་རྐྱལ་སྟོང་མགོ་སྟོང་ཚོས་མི་ཚེ་འཕྲོ་བརླག་གཏོང་སའི་ས་ཆ་ཡིན། འོན་ཀྱང་འདི་ནི་ངས་དུས་ནམ་ཡང་བརྗེད་མི་ཐུབ་པའི་རྒྱང་རིང་གི་ཕ་ཡུལ་དེ་ཡིན།
༧
ངའི་ཕ་ཡུལ་ལ་གཞན་དོན་སྤྱི་དོན་སྒྲུབ་པའི་བླ་སྤྲུལ་དཔོན་པོ་ཉུང་ལ། རང་དོན་སྒེར་དོན་བསམ་པའི་བླ་སྤུལ་དཔོན་ཆེན་མང་། ངའི་ཕ་ཡུལ་ལ་ཁེ་སྤོགས་སྒོར་མོ་འདོད་པའི་ཚོང་པ་ཚོང་ཕྲུག་མང་ལ། གཏོང་ཕོད་སྦྱིན་བསམ་ཆེ་བའི་ཚོང་པ་ཚོང་ཕྲུག་ཉུང། ངའི་ཕ་ཡུལ་ལ་མཁས་བཙུན་བཟང་གསུམ་འཛོམས་པའི་དགེ་འདུན་གྲྭ་པ་ཉུང་ལ། ཉོན་མོངས་དུག་གསུམ་ཆེ་བའི་སྐྱ་མིན་སེར་མིན་མང། ངའི་ཕ་ཡུལ་ལ་རང་སྐད་རང་ཡིག་སྦྱོང་བའི་ཕོ་གཞོན་མོ་གཞོན་ཉུང་ལ། གཞན་སྐད་གཞན་ཡིག་སྦྱོང་བའི་ཕོ་གཞོན་མོ་གཞོན་མང། ངའི་ཕ་ཡུལ་ལ་རང་གི་རིག་གནས་བསམ་པའི་མི་སྣ་ཇེ་ཉུང་ཡིན་ལ། གཞན་ཀྱི་རིག་གནས་བཀུར་བའི་མི་སྣ་ཇེ་མང་ཡིན། ངའི་ཕ་ཡུལ་ལ་རང་གི་ཡུལ་སྲོལ་གོམས་གཤིས་ལྡན་པའི་མི་མང་ཤིན་ཏུ་ཉུང་ལ། གཞན་གྱི་ཡུལ་སྲོལ་ཆ་ལུགས་བརྩི་བའི་མི་མང་ཧ་ཅང་མང། ངའི་ཕ་ཡུལ་ལ་ནང་ཆོས་ཟེར་བའི་རིག་གནས་རྩ་ཆེན་ཞིག་ཡོད་ཀྱང་སྦྱོང་མཁན་ཕལ་ཆེར་ཕྱི་མི་ཡིན། ངའི་ཕ་ཡུལ་ལ་བོད་ཡིག་ཟེར་བའི་སྐད་ཡིག་ཕྱུགས་པོ་ཞིག་ཡོད་ཀྱང་སློབ་མཁན་ཕལ་ཆེར་གཞན་མི་ཡིན། འོན་ཀྱང་འདི་ནི་ནམ་ཡང་བདག་གི་སེམས་ཁོངས་སུ་བཞུགས་པའི་ཕ་ཡུལ་དེ་ཡིན།
༨
ད་ལྟ་ངའི་ཕ་ཡུལ་ཀྱི་རི་ལུང་སྐམ་ནས་བྱེ་ཐང་དུ་འགྱུར་གྱིན་འདུག་ལ། ངའི་ཕ་ཡུལ་གྱི་མཁའ་རླུང་བཟོ་གྲྭའི་དུ་སྤྲིན་གྱིས་རྫོབ་བཞིན་འདུག ད་ལྟ་ངའི་ཕ་ཡུལ་གྱི་གཙང་བོ་ཚོ་སྙིགས་རྫས་ཀྱིས་རྙོག་གིན་འདུག་ལ། ངའི་ཕ་ཡུལ་གྱི་བུ་མོ་ཚོ་རྒྱུ་ཆེན་དཔོན་ཆེན་ཚོས་བསླུ་བཞིན་འདུག ངའི་ཕ་ཡུལ་གྱི་ཡུལ་མི་ཚོ་རང་ཡུལ་ནས་ས་མཐར་ཕུད་ཀྱིན་འདུག་ལ། ངའི་ཕ་ཡུལ་གྱི་གྲྭ་བ་ཚོ་དགོན་པ་ནས་ཚོང་རར་འདྲུད་ཀྱིན་འདུག ད་དུང། ངའི་ཕ་ཡུལ་གྱི་སློབ་མ་ཚོ་ལས་ཀ་མེད་པའི་གྲོང་ཁྱེར་ན་བརླག་གི་འདུག་ལ། ངའི་ཕ་ཡུལ་གྱི་ཡུལ་མི་སྤུན་ཟླ་ཚོ་རང་དབང་མེད་པའི་ཁོར་ཡུག་ན་འབར་བཞིན་འདུག འོན་ཀྱང་འདི་ནི་ངས་ནམ་ཀུན་གླེང་བཞིན་པའི་ཐག་རིང་གི་ཕ་ཡུལ་དེ་ཡིན།
༩
ད་ལྟ་ཕ་ཡུལ་ན་ཡུལ་མི་ལས་ཕྱི་མི་མང་ལ། སློབ་མ་ལས་བཙོན་མ་མང། གྲྭ་བ་ལས་ཚོང་པ་མང་ལ། དགེ་རྒན་ལས་ཆང་འཐུང་མང། བླ་མ་ལས་རྐུན་མ་མང་ལ། དགོན་པ་ལས་བཙོན་ཁང་མང་། སློབ་གྲྭ་ལས་གཞང་ཁང་མང་ཞིང་། སྦྲ་ནག་ལས་མགྲོན་ཁང་མང་། འབྲོག་པ་ལས་ཇག་པ་མང་ལ། མཛངས་མ་ལས་འཆལ་མ་མང། ད་དུང་་་་་།
༢༠༡༢།༥།༢༢
བཀྲ་ཤིས་ལགས། རྗེས་ཕྱོགས་ཡིག་སྐྱོན་ལ་གཟབ་པར་འཚལ། རྩོམ་ཡིག་གི་སྙན་ཆའི་ཐོག་ལ་དག་ཆ་གཙང་མ་ཞིག་ཡོད་ཚེ་གཞི་ནས་རིན་ཐང་ངོམ་ཐུབ། རྩོམ་ཡིག་མུ་མཐུད་དུ་འབྲི་བཞིན་པར་རྗེས་སུ་ཡི་རངས་དང་བཅས།
མཁན་པོ་ལགས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང། རྗེས་སུ་ཡིད་གཟབ་བྱེད་ངེས་ཡིན།
ཧ་ཀྱང་ཐལ་སོང་། དྲང་བདེན་ཞིག
བཀྲ་ཤིས་ཆུང་ཆུང་དེ་ཡིན་ན། ཧ་ཅང་དགའ་བྱུང་། བཀྲིས་བདེ་ལེགས་ཡོད།
ཡོད་ཚད་འཁྱག་རོམ་ལ་འབྱར་བའི་གྲོགས་པོ་ཞིག་ནས།
སེམས་སྐྱོ་སྤྱད་ཟིག་རེད། ད་ཆི་ཟིག་ཡས་ན་བཟང་གི ཁ་རྩོབ་བློ་རྩོབ་འདྲ་ཡེད་རྒྱུ་ཡོད་རྒྱུ་ན། ཚང་མ་འདི་མོ་ཏག་ཏག་ཟིག་ཡིན་རྒྱུ་མ་རེད། འདིའི་ནང་ན་ཨ་མའི་བུ་ཁེར་ཁེར་ཡོད་ན་ཐང་ཡ།
ཀླུ་སྨྱོན་ལྟར་རྟོག་བཟོ་དང་ཆགས་གཏམ་ཙམ་མ་ཡིན་པར་ངོ་བའི་གནས་ཚུལ་གྱི་རྩོམ་ཡིག་ཡག་པོ་ཅིག་སྤེལ་འདུག རྗེས་སུ་ཡི་རང་ཡོད
བདེན་པའི་མིག དྲང་བའི་གཏམ། ལེགས་པའི་རྩོམ།
ཐུགས་རྗེ་ཆེ།