༄༅།། བོད་མི་མང་སྤྱི་འཐུས་ལྷན་ཁང་གི་དབུ་ལས་ལྷན་རྒྱས་ལ།
ཚུལ་མཐུན་གྱི་གུས་ལུགས་སྔོན་དུ་བཏང་ནས་ཞུ་གསོལ། འདས་པའི་ལོ་མང་པོ་ཞིག་གི་སྔོན་ནས་བོད་གཞིེས་བྱེས་གཉིས་སུ་ཡོད་པའི་ཇོ་ནང་པ་ཡོངས་རྫོགས་ཀྱིས། རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་ཆེན་པོ་འདི་ལ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་སྐྱོང་ཡོང་བ་ཞེས་ཡིག་ངག་གཉིས་ཐོག་ལན་གྲངས་དུ་མར་ཞུས་ཟིན་པར་མ་ཟད། ད་ལྟའི་ཆར་རེ་འབྲས་དོན་སྨིན་ཡོང་རེ་བྱས་ནས་སྡོད་བཞིན་པ་དེ་ལྟར་ཡང་། ཉེ་ཆར་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་ཟེར་བ་བོད་རྒྱལ་ལོ་ ༢༡༣༦ ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༣ ཚེས་ ༢༦ འཁོད་པའི་ཁྲིམས་ཡིག་ཞིག་གསར་དུ་བཟོས་ཏེ། བོད་ཀྱི་ཆོས་བརྒྱུད་ཡིན་ན་ཆོས་བརྒྱུད་ཆེན་པོ་བཞི་ཁོ་ན་ཡིན་དགོས་པ་དང་། རང་གཞུང་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་ཡིན་ན་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་རྣམས་མ་གཏོགས་མེད་ཚུལ་མངོན་གསལ་དོད་པོས་བྲིས་འདུག་པ་ནི་ཆེས་བློ་ཕམ་དགོས་པ་དང་། ཡི་ཆད་དགོས་པའི་གནས་སུ་འདུག་སྟབས་ང་ཚོ་ཇོ་ནང་པ་རྣམས་ཀྱིས་ངོས་ལེན་རྩ་བ་ནས་ཞུ་ཐབས་མེད།
འདས་པའི་དུས་སུ་བོད་ལ་བསྒྲུབ་བརྒྱུད་ཤིང་རྟ་བརྒྱད་དུ་གྲགས་པ་བྱུང་བ་ལས། འགའ་ཞིག་ལ་ད་ལྟའི་ཆར་གདམས་ངག་གི་རྒྱུན་མ་ཆད་ཙམ་རེ་ལས་ཆེར་མེད་མོད། ཇོ་ནང་པ་ལ་མཚོན་ལ་གངས་ལྗོངས་བོད་གཞིས་སུ་ཇོ་ནང་གི་རིང་ལུགས་གཙང་མར་འཛིན་པའི་དགོན་སྡེ་ཉིས་བརྒྱ་ལྷག་ཙམ་བཞུགས་ཤིང༌། བོད་གངས་ཅན་གྱི་ལྗོངས་ན་ས་དགེ་བཀའ་རྙིང་བཞིའི་འཕྲོར་ཇོ་ནང་དང་མཚུངས་པའི་ཆོས་བརྒྱུད་ཆེན་པོ་གཅིག་ཀྱང་མེད་པས་ཆོས་བརྒྱུད་ཆེན་པོའི་ཐོབ་ཐང་རྩོད་བཞིན་པ་ལས། ཇོ་ནང་པ་ལ་ཡང་རི་ཁྲོད་ཁ་ཤས་དང་བཙུན་དགོན་རེ་ཟུང་ལས་མེད་པ་ཞིག་ཡིན་ན་ཆོས་བརྒྱུད་ཆེན་པོའི་ཐོབ་ཐང་ག་ལ་རྩོད།
ཇོ་ནང་ས་སྐྱ་ལས་གཞན་པའི་ཆོས་བརྒྱུད་ཡིན་ཚུལ་གྱི་ཡིག་ཆ་རབ་དང་རིམ་པར་ཕུལ་ཟིན་སྟབས་དེ་རིང་འདིར་དེ་དག་བསྐྱར་ཟློས་བྱ་རྒྱུ་གལ་ཆེ་བར་མ་མཐོང་ཡང་། བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་འདི་ཚོ་ཤེས་བཞིན་གོ་བཞིན་ཏུ་རྐང་བཙུགས་ཏེ་བོད་ཀྱི་ཆོས་བརྒྱུད་ཡིན་ན་ཆོས་བརྒྱུད་ཆེན་པོ་བཞི་ཁོ་ན་ཡིན་དགོས་ངེས་ཀྱི་ཁྲིམས་ཡིག་བཟོས་པ་དང་། ད་དུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཡིག་ཆ་དེར་མཚན་རྟགས་འགོད་དུ་འཇུག་རྒྱུ་ཡིན་ཚུལ་སོགས་བྲིས་འདུག་པ་ནི་གཞིས་བྱེས་ཇོ་ནང་པ་རྣམས་ལ་མཐོང་ཆུང་དང་ཁྱད་གསོད། བོད་གཞུང་དམངས་གཉིས་ཀྱི་དམ་ཚིག་ལ་ལྷད་སྐྱོན་བྱུང་རྒྱུར་ཅི་མི་སྙམ་པ། ཆོས་བརྒྱུད་ནང་ཁུལ་གྱི་དད་པ་དང་དམ་ཚིག་གི་ཕུགས་རྒྱང་རིང་པོའི་ཐོག་ལ་འགན་ལེན་མ་བྱས་པ་སོགས་མདོར་ན་རྒྱ་མིའི་བྱེད་བབ་དང་གཅིག་པ་གཅིག་རྐྱང་རེད་འདུག་སྟབས་ང་ཚོས་མཐའ་གཅིག་ཏུ་ངོས་ལེན་བྱེད་ཐབས་མེད་ཅེས་གསལ་བོར་ཞུ་རྒྱུ་ཡིན།
རྒྱ་ནག་གཞུང་གིས་འབྱོན་འགྱུར་གྱི་ྋགོང་ས་སྐུ་ཕྲེང་བཅོ་ལྔ་པའི་སྤྲུལ་སྐུ་མི་དགོས་པར་བཟོ་བའམ། ཡང་ན་རྒྱ་ནག་གཞུང་གིས་དོ་དམ་སྟངས་འཛིན་གྱི་འོག་ནས་ངོས་འཛིན་བྱེད་བདེ་བ་དང༌། ཡུན་རིང་པོ་ནས་གཏན་འབེབས་བྱས་པ་སྐད་ཀྱི་ཁྲིམས་ལུགས་ལ་ཁ་གཡར་ནས་རྒྱལ་སྤྱིའི་ཁ་རྡུང་ལ་གཡོལ་བདེ་བོ་ཡོང་ཆེད། བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ཟེར་བའི་ཁྲིམས་ཡིག་གསར་ཏུ་བཟོས་པ་བཞིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་མ་འོངས་པར་གཞིས་བྱེས་ཇོ་ནང་པ་རྣམས་ཀྱིས་བདེ་སྡུག་སྙན་ཞུ་འབུལ་ཐབས་མེད་པ་དང་། གལ་ཏེ་ཕུལ་ཡང་གཏན་འབེབས་བྱས་པའི་ཡིག་ཆ་ཡོད་ཚུལ་གྱི་མགོ་སྐོར་བྱེད་ཆེད་ཡིག་ཆ་འདི་འདྲ་གསར་ཏུ་བཟོས་པ་ནི་ཆེས་མ་འོས་པ་ཞིག་ཡིན་པས། རྒྱ་ནག་གིས་འཇར་པན་བས་མནར་གཅོད་ཅི་བྱས་ཀྱི་ཉམས་མྱོང་བླངས་ཏེ་བོད་ཀྱི་སྟེང་དུ་བཀོལ་བ་བཞིན། སྤྱི་འཐུས་ལྷན་ཚོགས་ནས་ཀྱང་རྒྱ་ནག་གི་གཡོ་བྱུས་ཅི་འཁྲབ་ཀྱི་ཉམས་མྱོང་བླངས་ཏེ་ཇོ་ནང་པ་རྣམས་ཀྱི་སྟེང་དུ་མ་བཀོལ་རོགས་ཞེས་ལན་གྲངས་སྟོང་དུ་རེ་བ་ནན་ཏན་གྱིས་ཞུ་བཞིན་ཡོད།
ད་དུང་༧གོང་ས་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་ས་དགེ་བཀའ་རྙིང་ཇོ་ནང་བཅས་པ་ཞེས་གསུངས་དང་གསུང་བཞིན་གསུང་བར་འགྱུར་བ་རང་གཞན་ཀུན་གྱིས་ཤེས་བཞིན་དུ། བོད་ཀྱི་ཆོས་བརྒྱུད་ཡིན་ན་ཆོས་བརྒྱུད་ཆེན་པོ་བཞི་ཁོ་ན་ཡིན་དགོས་པའི་ཡིག་ཆའི་ཐོག་མཚན་རྟགས་འགོད་དུ་འཇུག་རྒྱུ་ནི། རྒྱ་གཞུང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བའི་ཐོག་ང་ཕོད་སོགས་ལ་བཙན་གྱིས་མིང་རྟགས་བཀོད་དུ་བཅུག་པ་དང་ཁྱད་པར་སྤུ་ཙམ་མེད་ལ། སྤྱི་འཐུས་ལྷན་ཚོགས་ཀྱིས་ལས་འགུལ་འདི་འདྲ་སྤེལ་དགོས་པའི་རྒྱུ་མཚན་ཡང་། ཇོ་ནང་པ་འདི་འཛམ་གླིང་གི་ཐོག་ནས་རྩ་མེད་དུ་གཏོང་བའི་ངན་གཡོའི་སྲིད་ཅུས་མིན་ན། དེའི་རྒྱབ་ལྗོངས་ཀྱི་གསང་བ་གཞན་དག་ནི་ཧ་ཅང་ཤེས་པར་དཀའ་བ་ཞིག་རེད།
དེར་བརྟེན་ལྷ་རབ་བྱུང་ན་ཡིག་ཆ་དེ་ཕྱིར་བསྡུ་བྱས་ནས་བོད་གཞུང་དམངས་གཉིས་ཀྱི་དམ་ཚིག་སྔར་ལྟར་སྲ་བརྟན་ཡོང་བར་གནང་རྒྱུ་དང་། གལ་ཏེ་མིན་ན་འོག་གི་ཆ་རྐྱེན་འདི་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ངེས་པར་བསྒྲུབ་དགོས་པས་ཅིས་ཀྱང་ཐུགས་ལ་འཛིན་རོགས་ཞུ།
༡༽¬¬¬¬ ས་སྐྱའི་སྤྱི་འཐུས་ཀྱིས་སྲིད་དོན་གྱི་གཡོ་རྒྱུ་ཁོ་ནའི་དབང་གིས་ཇོ་ནང་ས་སྐྱའི་ཁོངས་ཡིན་ཚུལ་གྱི་ཧམ་བཤད་བྱས་པར་བརྟེན། ང་ཚོས་སྔོན་ནས་ད་བར་ས་དགེ་བཀའ་རྙིང་ཇོ་ནང་བོན་པོ་རྣམས་ཀྱི་ཆོས་འབྱུང་གསར་རྙིང་ཀུན་ཏུ་ཇོ་ནང་ས་སྐྱའི་ཁོངས་མིན་པར་གསལ་བོར་གསུངས་པའི་ཡིག་ཆ་ལག་པས་ཐེག་ཚད་ཅིག་ཕུལ་བ་མཁྱེན་གསལ་ལྟར་ལགས་ན། བོད་ཀྱི་མཁས་གྲུབ་ཆེན་པོ་དེ་དག་གིས་མཛད་པའི་ཡིག་ཆ་དེ་རྣམས་ཡོངས་རྫོགས་རྩིས་མེད་ཡིན་པའི་གསལ་བཤད་ཡིག་ཐོག་ནས་གནང་དགོས།
༢༽ ཞིང་གཤེགས་གྲུབ་དབང་པད་ནོར་རིན་པོ་ཆེ་དང༌། རྒྱལ་བ་ཀརྨ་པ། དགའ་ལྡན་ཁྲི་རིན་པོ་ཆེ་སོགས་བོད་ཀྱི་བླ་ཆེན་ཁག་གི་མཐུན་འགྱུར་གྱི་ཕྱག་ཡིག་གནང་བ་རྣམས་རྩིས་མེད་ཡིན་པའི་གསལ་བཤད་ཡིག་ཐོག་ནས་གནང་དགོས།
༣༽ བོད་གཞིས་ཕྱེས་གཉིས་སུ་ཡོད་པའི་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་འཛིན་པ་ཡོངས་རྫོགས་ཀྱིས་བསམ་པ་གཅིག་མཐུན་གྱི་སྒོས་རང་གཞུང་ལ་རེ་བ་དང་། རྒྱུ་མཚན་ལྡན་པའི་ཞུ་སྙན་རབ་དང་རིམ་པར་ཕུལ་བ་རྣམས་རྩིས་མེད་ཡིན་པའི་གསལ་བཤད་ཡིག་ཐོག་ནས་གནང་དགོས།
༤༽ ཆོས་དོན་ལྷན་ཁང་གིས་འཆར་འགོད་ཀྱི་འོག ལུང་རྟོགས་ཀྱི་བསྟན་པ་མི་ཉམས་རྒྱུན་འཛིན་དང་། ཉམས་པ་སོར་ཆུད། བླང་དོར་ཁྲིམས་སྒྲིག་གཏན་འབེབས། ཐ་ན་ཕྱག་དཔེ་ཡད་ཆད་མི་ཉམས་རྒྱུན་འཛིན་གྱི་འཆར་གཞི་མང་པོ་ཞིག་བཏང་ཡོད་པ་དེའི་ནང་དུ་ཇོ་ནང་འདུས་མེད་པ་དང་། ཇོ་ནང་གི་བསྟན་པ་འདི་སངས་རྒྱས་ཀྱི་བསྟན་པ་མ་ཡིན་པ། ཆོས་དོན་ལྷན་ཁང་གི་འཛིན་སྐྱོང་གནང་དགོས་ངེས་ཁག་གི་ནང་དུ་ཇོ་ནང་མེད་པ། གཞིེས་བྱེས་ཇོ་ནང་པ་ཡོངས་རྫོགས་བོད་གཞུང་དགའ་ལྡན་ཕོ་བྲང་གི་འཛིན་སྐྱོང་འོག་ནས་ཕྱིར་འབུད་བྱས་པ་ཡིན་པའི་གསལ་བསྒྲགས་ཡིག་ཐོག་ནས་གནང་དགོས།
འདས་པའི་དུས་ནས་ད་བར་གཞུང་འབྲེལ་གྱི་བྱུས་ཉེས་ཡོད་ཚད་མི་རེ་ཟུང་གིས་བཟོས་པ་ཀུན་གྱིས་མཁྱེན་གསལ་ལྟར་ཡིན་པས། འདིར་ཡང་བོད་པའི་བསྟན་སྲིད་ཀྱི་ཕུགས་རྒྱང་རིང་པོའི་ཐོག་ལ་བསམ་བློ་མི་གཏོང་མཁན་སྐོར་ཞིག་གིས་ཡིག་ཆ་འདི་གསར་དུ་བཟོས་པ་ཡིན་པས། བོད་ཀྱི་ད་ལྟའི་གཉན་ཕྲང་གི་དུས་ཚོད་འདི་ལ་སྲིད་བྱུས་མ་རུང་བ་འདི་འདྲ་ཞིག་འོས་དང་མི་འོས་དེ་ནས་བརྟག་དཔྱད་གནང་རྒྱུ་ཤིན་ཏུ་གལ་ཆེ་བ་ལས། ང་ཚོའི་ཕྱོགས་ལ་འགན་ཅི་ཡང་མེད། གང་ཡིན་ཟེར་ན་དེ་ནས་སྲིད་བྱུས་ཀྱིས་རྩེད་མོ་རྩེ་བྱད་བྱེད་ཀྱི་ཡོད་པ་དང་། ང་ཚོའི་ངོས་ནས་ཆོས་བརྒྱུད་ཆེན་པོ་གཅིག་གི་མཚན་འཇིག་རྟེན་འདི་ནས་མེད་པར་གཏོང་རྒྱུ་སེམས་གྱིས་མ་བཟོད་པའི་གནས་སྟངས་གཉིས་གཤིབ་བརྡུར་བྱེད་དགོས་པའི་དབང་གིས་ཡིན། དེས་ན་མདོ་དོན་ཧྲིལ་གྱིས་དྲིལ་ན་མ་འོངས་པའི་གནས་བབས་ཀྱི་འགན་ཆ་ཚང་ བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ཆོས་དོན་ལྷན་ཁང་ནས་ཁུར་དགོས་ཞེས་ཡིག་ཐོག་ནས་གསལ་བོར་བྲིས་ཏེ་ཕུལ་བ་ཡིན་པས། དེ་ལུགས་ལྟར་དགོངས་བཞེས་ཡོང་བའི་སྐྱབས་འཇུག་ལན་བརྒྱར་ཞུ་ཞུ་ཞུ། ཞེས་བོད་རྒྱལ་ལོ། ༢༡༣༦ ཟླ་ ༣ ཚེས་ ཕྱི་ལོ། ༢༠༠༩ ཟླ་ ༥ ཚེས་ ༡༠ ཉིན། གཞིས་བྱེས་ཇོ་ནང་སེར་སྐྱ་ཐུན་མོང་གིས་གུས་པས་ཕུལ།
ཡི་གེ་འདི་ལས་ཁུངས་སོ་སོར་སྦྲགས་དང་གློག་འཕྲིན་གཉིས་ཀའི་ཐོག་བཏང་ཟིན།
ངོ་བཤུས།
སྐུ་སྒེར་ཡིག་ཚང་།
སྐྱབས་མགོན་ཁལ་ཁ་རྗེ་བཙུན་དམ་པ།
ཇོ་ནང་མ་དགོན།
ཆེས་མཐོའི་ཁྲིམས་ཞིབ་ཁང་།
འཛིན་སྐྱོང་བཀའ་ཤག
ཆོས་དོན་ལྷན་ཁང་།
ཤེས་རིག་ལས་ཁུངས།
ས་སྐྱ་ཁྲི་འཛིན།
བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག
ལེའུ་དང་པོ། སྔོན་འགྲོ།
དོན་ཚན་དང་པོ། ཁྲིམས་ཡིག་གི་མིང༌།
ཁྲིམས་ཡིག་འདི་ལ། བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག བོད་རྒྱལ་ལོ་ ༢༡༣༦ ཕྱི་ལོ་ ༢༠༠༩ ཅེས་འབོད་རྒྱུ།
དོན་ཚན་གཉིས་པ།ཁྲིམས་ཡིག་གི་ཆ་རྐྱེན།
ཁྲིམས་ཡིག་འདི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བདུན་པའི་ནང་གསེས་བཅུ་པ་དང༌། བཅུ་གཅིག་པ། བཅུ་གཉིས་པ་བཅས་ཀྱི་འོག་གཏན་འབེབས་བྱས་པ་ཡིན། དོན་ཚན་གསུམ་པ།
ཁྲིམས་ཡིག་གི་ཁྱབ་ཚད།
བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལ་ཁྱབ་པ་ཡིན། དོན་ཚན་བཞི་པ།
ཁྲིམས་ཡིག་འགོ་འཛུགས།
ཁྲིམས་ཡིག་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་ཏེ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཆོག་མཆན་སྩལ་ཉིན་ནས་འགོ་འཛུགས་བྱ་རྒྱུ། ལེའུ་གཉིས་པ། ཆོས་དོན་ལྷན་ཚོགས་ཀྱི་སྒྲིག་འཛུགས།
དོན་ཚན་ལྔ་པ།ཆོས་དོན་ལྷན་ཚོགས།
བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་ཆོས་ཕྱོགས་ཀྱི་བྱ་བ་ཡོངས་ལ་ལམ་སྟོན་སྟངས་འཛིན་དང༌། སྒྲིག་གཞི་གཏན་འབེབས་བྱེད་པོའི་ཆོས་དོན་ལྷན་ཚོགས་ཤིག་དགོས་པ་ཡིན། དོན་ཚན་དྲུག་པ།
ཆོས་དོན་ལྷན་ཚོགས་ཀྱི་གྲུབ་ཆ།བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་གྲུབ་ཆ་གཤམ་གསལ།
ཀ༽ ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཐད་བསྐོས་གནང་བའི་ཚོགས་མི་གཅིག
ཁ༽ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཡོངས་གྲགས་ཀྱི་དབུ་ཁྲིད་རྣམ་པའམ། དེ་དག་གིས་དམིགས་བསལ་འགན་དབང་བསྐུར་བའི་སྐུ་ཚབ་རྣམ་པ།
ག༽ བཙན་བྱོལ་བོད་གཞུང་ཆོས་རིག་བཀའ་བློན།
དོན་ཚན་བདུན་པ།ཚོགས་མིའི་དུས་ཡུན།
༡་ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་དབུ་ཁྲིད་རྣམས་ཇི་སྲིད་རང་གི་ཆོས་བརྒྱུད་ཀྱི་དབུ་ཁྲིད་ཀྱི་མཛད་འགན་བཞེས་པའི་རིང་ཆོས་དོན་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་མི་ཡིན།
༢་ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་དབུ་ཁྲིད་ངོ་མ་ཚོགས་ཕེབས་མ་ཐུབ་སྐབས་དམིགས་བསལ་འགན་དབང་བསྐུར་བའི་སྐུ་ཚབ་གཏོང་གནང་ཆོག་པ་དང༌། དེ་དག་ཚོགས་དུས་གཅིག་གི་དུས་ཡུན་ནམ། ཡང་ན་ཚོགས་དུས་གཅིག་གི་ཆ་ཤས་ཚོགས་ཐེངས་གང་འོས་རིང་ཚོགས་མི་ཡིན། ཚོགས་དུས་རེ་རེ་བཞིན་འགན་དབང་བསྐུར་བའི་སྐུ་ཚབ་གསར་བསྐོ་དགོས་པ་དང༌། གང་ཟག་གཅིག་ལ་ཡང་ཡང་བསྐོ་གཞག་གནང་བར་དགག་བྱ་མེད།
༣་ ྋགོང་ས་མཆོག་གི་ཐད་བསྐོས་ཚོགས་མི་ལོ་གསུམ་རེ་ནས་འཕོས་རྒྱུ་དང༌། བསྐྱར་དུ་ཐད་བསྐོ་གནང་བར་དགག་བྱ་མེད།
༤་ ཆོས་རིག་བཀའ་བློན་བཀའ་བློན་གྱི་ལས་རྒྱུན་བར་དུ་ཡིན།
དོན་ཚན་བརྒྱད་པ།དོན་ལྷན་ཚོགས་ཀྱི་ཚོགས་གཙོ།
༡་ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་རྣམས་རེས་མོས་ཀྱིས་ཆོས་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་དང༌། ཚོགས་གཞོན་གནང་རྒྱུ། དེ་ཡང་དུས་ཡུན་ལོ་གསུམ་རིང་གནང་རྒྱུ་དང་སྔ་རྗེས་ཀྱི་གོ་རིམ་ཟན་སྒྲིལ་གྱི་ལམ་ནས་ཐག་གཅོད་བྱ་རྒྱུ།
༢་ ཚོགས་གཙོ་ཚོགས་ཕེབས་མ་ཐུབ་སྐབས་ཚོགས་གཞོན་གྱིས་ཚོགས་འདུའི་གཙོ་སྐྱོང་གནང་རྒྱུ།
༣་ ཚོགས་གཙོ་ཚོགས་གཞོན་སུའང་ཚོགས་ཕེབས་མ་ཐུབ་སྐབས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་དགུང་ན་བགྲེས་པ་སུ་ཡིན་དེས་ཚོགས་གཙོ་གནང་རྒྱུ།
༤་ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་སུའང་ཚོགས་ཕེབས་མ་ཐུབ་པར་སྐུ་ཚབ་རྐྱང་པ་འཁེལ་ཚེ་ཚོགས་གཙོ་ཚོགས་གཞོན་སུ་ཡིན་གྱི་སྐུ་ཚབ་དེས་ཚོགས་གཙོ་ཚོགས་གཞོན་གནང་རྒྱུ།
དོན་ཚན་དགུ་པ།ཆོས་དོན་ལྷན་ཚོགས་ཀྱི་རྒྱུན་ལས།
ཆོས་དོན་ལྷན་ཚོགས་ཀྱི་རྒྱུན་ལས་ཤིག་དགོས་པའི་གྲུབ་ཆ་གཤམ་གསལ།
ཀ༽ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་རྣམ་པའི་སྐུ་ཚབ་རེ།
ཁ༽ བཙན་བྱོལ་བོད་གཞུང་གི་ཆོས་རིག་བཀའ་བློན་བཅས།
དོན་ཚན་བཅུ་པ།རྒྱུན་ལས་ཀྱི་ལས་ཡུན།
༡་ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་རྣམ་པའི་སྐུ་ཚབ་རྒྱུན་ལས་སོ་སོའི་དུས་ཡུན་ལོ་གསུམ་རེ་ཡིན། ལོ་གསུམ་རྗེས་མི་འགྲོ་སུའང་བསྐྱར་དུ་བསྐོ་གཞག་གནང་བར་དགག་བྱ་མེད།
༢་ ཆོས་རིག་བཀའ་བློན་བཀའ་བློན་གྱི་ལས་རྒྱུན་བར་དུ་ཡིན།
ལེའུ་གསུམ་པ། ཆོས་དོན་ལྷན་ཚོགས་ཀྱི་ཚོགས་འདུ།དོན་ཚན་བཅུ་གཅིག་པ།འཆར་ཅན་ཚོགས་འདུ།
༡་ ཆོས་དོན་ལྷན་ཚོགས་ཀྱི་འཆར་ཅན་ཚོགས་འདུ་ལོ་རེའི་ནང་ཐེངས་རེ་ངེས་པར་དུ་འཚོགས་དགོས་ཤིང༌། ཚོགས་དུས་སྔ་རྗེས་གཉིས་ཀྱི་བར་ཟླ་གྲངས་བཅུ་གཉིས་ལས་མ་བརྒལ་བ་དགོས།
༢་ ཚོགས་དུས་སོ་སོའི་འགོ་འཛུགས་ཚོགས་ཚེས་ཀྱི་ཟླ་བ་གསུམ་གྱི་སྔོན་ཚོགས་ཚེས་དང༌། ཚོགས་ཡུལ། ཚོགས་འདུའི་ཉིན་གྲངས། གྲོས་གཞི་ཇི་ཡོད་བཅས་འཁོད་པའི་ཚོགས་བརྡ་ཚོགས་འཐུས་ཡོངས་ལ་ཆོས་དོན་རྒྱུན་ལས་ནས་གཏོང་དགོས།
དོན་ཚན་བཅུ་གཉིས་པ།དམིགས་བསལ་ཚོགས་འདུ།
༡་ ལས་དོན་གལ་ཆེའི་ཆེད་དམིགས་བསལ་ཚོགས་འདུ་བསྡུ་བསྐོང་བྱ་དགོས་བྱུང་ཚེ་ཆོས་དོན་རྒྱུན་ལས་ནས་ཉིན་གྲངས་བཅུ་ལས་མ་ཉུང་བའི་སྔོན་བརྡའི་ཐོག་བསྡུ་བསྐོང་བྱེད་ཆོག
༢་ ཆོས་དོན་ལྷན་ཚོགས་ཀྱི་ཚོགས་མི་སུས་ཀྱང་དམིགས་བསལ་ཚོགས་བསྐོང་དགོས་པའི་རེ་འདུན་བཏོན་ན་ཚོགས་གཙོའི་བཀའ་ཁྲོལ་དང་འབྲེལ་དམིགས་བསལ་ཚོགས་འདུ་བསྡུ་བསྐོང་བྱེད་ཆོག དོན་ཚན་བཅུ་གསུམ་པ། ཆོས་ཚོགས།
ཆོས་དོན་ལྷན་ཚོགས་ནས་དགོས་གལ་ནམ་གཟིགས་སུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་སོ་སོའི་མཁན་བླ་དང༌། མཁས་དབང༌། གནད་ཡོད་མི་སྣ་ཁག་སྐབས་བསྟུན་གདན་ཞུས་ཀྱིས་ཆོས་ཚོགས་རྒྱས་བསྡུས་ཅི་རིགས་ཚོགས་བསྐོང་གནང་ཆོག
ལེའུ་བཞི་པ། ཆོས་དོན་ལྷན་ཚོགས་ཀྱི་འགན་དབང༌།དོན་ཚན་བཅུ་བཞི་པ། འགན་དབང༌།ཆོས་དོན་ལྷན་ཚོགས་ཀྱི་འགན་དབང་ཁག་གཤམ་གསལ།
༡་ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ལུང་རྟོགས་ཀྱི་བསྟན་པ་ཉམས་མེད་རྒྱུན་འཛིན་དང༌། ཉམས་པ་སོར་ཆུད་སླད་བསྟན་རྩ་ཆོས་སྡེ་ཁག་གི་བླང་དོར་ཁྲིམས་སྒྲིག་གཏན་འབེབས་དང༌། ཁྲིམས་སྒྲིག་སྲུང་རྩི་ཡོང་ཐབས་སུ་གཟིགས་རྟོག་སྟངས་འཛིན་གནང་རྒྱུ།
༢་ ློག་པ་ཐོས་བསམ་དང༌། སྤོང་བ་བསམ་གཏན་གྱི་བྱ་བ་གོང་འཕེལ་འབྱུང་ཆེད་ལམ་སྟོན་སྟངས་འཛིན་གནང་རྒྱུ།
༣་ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་རང་རང་གི་དབང་ལུང་མན་ངག་དང༌། བཤད་སྒྲུབ་ཀྱི་རྒྱུན་ཇི་ཡོད་མི་ཉམས་གོང་འཕེལ་དང༌། ཉམས་པ་སོར་ཆུད་ཡོང་ཐབས་གནང་རྒྱུ།
༤་ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་རང་རང་གི་གཞུང་ལུགས་ཀྱི་ཕྱག་དཔེ་སྤྱི་དང༌། ཁྱད་པར་དཔེ་རྒྱུན་དཀོན་རིགས་རྣམས་མི་ཉམས་རྒྱུན་འཛིན་གྱི་ཆེད་ཞུ་སྒྲིག་དང༌། པར་སྐྲུན། དེ་བཞིན་གཞུང་ལུགས་གསར་རྩོམ་རྣམས་ལ་བསྐྱར་ཞིབ་ཀྱིས་ངོས་བཞེས་གནང་ཕྱོགས་བཅས་ལ་དོ་དམ་སྟངས་འཛིན་གནང་རྒྱུ།
༥་ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་རང་རང་གི་སྲོལ་རྒྱུན་དང་མཐུན་པའི་གཞུང་ཆེན་སློབ་གཉེར་དང༌། རྒྱུགས་སྤྲོད། མིང་རྟགས་ལག་འཁྱེར་སྤྲོད་ཕྱོགས་ཀྱི་སྒྲིག་སྲོལ་གཏན་འབེབས་དང་སྟངས་འཛིན་གནང་རྒྱུ།
༦་ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་སོ་སོའི་མཁན་སློབ་དང༌། ལས་སྣེ་བཀོད་སྒྲིག་གནང་ཕྱོགས་ཀྱི་སྒྲིག་སྲོལ་གཏན་འབེབས་གནང་རྒྱུ།
༧་ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་སོ་སོའི་བླ་ཆེན་ཁག་གི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་དང༌། བླ་སྤྲུལ་མཚན་གནས་གསར་བཞེས་གནང་མཁན་རྣམས་ལ་མཚན་གནས་གནང་ཕྱོགས་ཀྱི་སྒྲིག་སྲོལ་གཏན་འབེབས་གནང་རྒྱུ།
༨་ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་སོ་སོའི་ཆོས་ཚོགས་དང༌། སྒྲིག་འཛུགས་ཁག་ངོས་བཞེས་དང༌། ལམ་ལུགས་ལམ་སྟོན། ཁྲིམས་སྒྲིག་བཅའ་ཡིག་གཏན་འབེབས་གནང་རྒྱུས་མཚོན་སྐབས་མཚམས་གཟིགས་སྐྱོང་དང་སྟངས་འཛིན་གནང་རྒྱུ།
༩་ ཆོས་ལུགས་གཞན་དག་དང་མཉམ་དུ་མཐུན་འབྲེལ་དང་མཉམ་རུབ་ཀྱི་ཐོག་ནས་སྐྱེ་འགྲོའི་བདེ་སྐྱིད་སྤེལ་བའི་ཐབས་ཚུལ་གནང་རྒྱུ།
༡༠་ བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཕན་ཚུན་དབར་དང་རང་ཁོངས་སུ་རྩོད་རྙོག་དང་འགལ་ཟླ་བྱུང་རིགས་རྩོད་པ་ཆོས་ཕྱོགས་སུ་ཞི་བའི་ཐབས་ཚུལ་གནང་རྒྱུ།
༡༡་ མདོར་ན་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་རང་རང་གི་དྲི་མ་མེད་པའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་དང་འབྲེལ་བའི་ཆོས་མཐུན་གྱི་བྱ་བ་གང་དགོས་གནང་རྒྱུ།
ལེའུ་ལྔ་པ། ཁྲིམས་ཡིག་བསྐྱར་བཅོས།དོན་ཚན་བཅོ་ལྔ་པ། བསྐྱར་བཅོས།
ཁྲིམས་ཡིག་འདི་ལ་བསྐྱར་བཅོས་ནམ་དགོས་མཚམས་ཆོས་དོན་ལྷན་ཚོགས་ཀྱི་རྒྱབ་གཉེར་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་ཡོད་སྤྱི་འཐུས་གསུམ་ཆ་གཉིས་ཀྱི་མོས་མཐུན་བྱུང་ན་བསྐྱར་བཅོས་ཆོག་རྒྱུ་བཅས།
གོང་གསལ་གྱི་ཁྲིམས་ཡིག་འཆར་ཟིན་འདི་བཞིན་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༣ ཚེས་ ༢༦ ཉིན་ཁྲིམས་ལུགས་གཞིར་བཟུང་དོན་ཚན་སོ་སོའི་ཟུར་བརྗོད་གནང་གསལ་ལྟར་སྤྱི་མོས་སམ། མང་མོས་ཀྱིས་གཏན་ལ་ཕབ་པར་ཚད་འཛིན་ཞུས།།
རང་གཞུང་ཆོས་དོན་གྱིས་ཇོ་ནང་པའི་ཐོག་ལ་འཛིན་པའི་སྲིད་བྱུས་ནི་ངོ་མས་ཡིད་ཆེས་དཀའ་བ་ཞིག་རེད། རང་གཞུང་ལ་དྲང་བདེན་ཟེར་བ་འདི་འདྲ་ཞིག་ལས་མེད་ན། རྒྱ་ནག་གཞུང་ལ་དྲང་བདེན་མི་འདུག་ཅེས་རྒོལ་བཞིན་པ་ཡང་ལ་ཡང་སྙིང་པོ་མི་འདུག ད་དུང་ཆོས་དོན་གྱིས་༧གོང་ས་ཆེན་པོས་རྒྱུན་དུ་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་ཞེས་གསུངས་དང་གསུངས་བཞིན་གསུངས་བར་འགྱུར་བ་རྣམས་ལ་ཡང་བརྩི་འཇོག་གཏན་ནས་བྱེད་ཀྱི་མི་འདུག འདི་ནི་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་གནས་སྐབས་རང་གི་རྐུབ་སྟེགས་སྲུང་རྒྱུ་ཙམ་ལས་ཕུགས་རྒྱང་རིང་པོའི་དོན་ལ་བསམ་བློ་མི་གཏོང་བ་དང་གཅིག་པ་རེད། རྐུབ་སྟེགས་ཡོད་པའི་མི་ཁ་ཅིག་གིས་རྒྱུན་དུ་འདི་འདྲ་རྐྱང་རྐྱང་བྱེད་ཀྱི་ཡོད་སྟབས། བོད་གཞིས་བྱེས་གཉིས་སུ་༧གོང་ས་ཆེན་པོ་མ་གཏོགས་བོད་གཞུང་ལ་ཡིད་ཆེས་མི་འདུག་ཟེར་བཞིན་པའི་རྒྱུ་མཚན་ཡང་འདི་འདྲ་རེད། ཇོ་ནང་པ་རྣམས་ལ་ཁག་མི་འདུག ཆོས་དོན་གྱིས་གཞིས་བྱེས་ཇོ་ནང་པ་ཡོངས་རྫོགས་ཀྱིས་རེ་བར་མཐོང་ཆུང་དང་རྩིས་མེད་བྱེད་ཐུབ་པ་འདི་ཧ་ལས་དགོས་པའི་དོན་ཞིག་རེད་ལ། ༧གོང་ས་ཆེན་པོའི་གསུང་ལ་ཉན་འཇོག་མི་བྱེད་པ་འདི་དེ་བས་ཀྱང་ཡ་ང་བ་ཞིག་རེད། ཇོ་ནང་པ་ལ་རྒྱབ་སྐྱོར་ཡོད། ཇོ་ནང་པ་རྒྱལ་གྱུར་ཅིག
ངས་ཇོ་ནང་ཆོས་བརྒྱུད་ཀྱི་སྐོར་ཡག་པོ་ཤེས་ཀྱིན་མེད་མོད། གང་ལྟར་ནང་པའི་ཆོས་བརྒྱུད་ཞིག་རེད། ཆོས་བརྒྱུད་ཞིག་ཡིན་ཕྱིན་ཆེ་ཆུང་ལ་མ་ལྟོས་པར་གཞུང་ངོས་ནས་ཐོབ་ཐང་གཅིག་པ་སྤྲོད་དགོས་ཀྱི་རེད། མ་གཞི་ང་ཚོ་སྐྱབས་བཅོལ་བའི་ཁ་ཐབས་སྐྱོ་བོ་འདི་འདྲ་ཞིག་གི་གནས་སྟངས་འོག ཆེ་བས་ཆུང་བར་མཐོང་ཆུང་དང་། བཙན་པོས་ཉམས་ཆུང་ལ་བསྙེས་བཅོས་བྱེད་བཞིན་པ་འདི་ངོ་མ་སེམས་སྐྱོ་དགོས་པའི་གནས་ཚུལ་རེད། ཡང་ན་གཞུང་གི་ངོས་ནས་ཆོས་བརྒྱུད་སོ་སོའི་སྤྱི་འཐུས་སོགས་མེད་པས་བྱས་ནས་ཆོས་ལུགས་སྤྱིའི་འཐུས་ཚབ་ཅིག་འཇོག་དགོས་རེད། དེ་མིན་ཆོས་བརྒྱུད་བྱེ་བྲག་པར་ཐོབ་ཐང་དང་སྤྱི་འཐུས་དགོས་ན། ཇོ་ནང་པ་ལ་ཡང་ཅིས་ཕྱིར་མི་དགོས། རྒྱ་གཞུང་གིས་གཞིས་ལུས་བོད་མི་ཚོར་མནར་གཅོད་གཏོང་བཞིན་པའི་སྐབས་འདིར། བཙན་བྱོལ་བོད་གཞུང་གིས་ཇོ་ནང་ཆོས་བརྒྱུད་བོད་ཀྱི་ཆོས་བརྒྱུད་གྲལ་ནས་ཕུད་ཡོད་པ་འདི་དྲང་བདེན་ཞིག་མ་རེད། དེ་ནི་མང་གཙོའི་གཞུང་ཞིག་གི་བྱེད་བབ་ཀྱང་མ་རེད། ངས་གོ་ཐོས་ལྟར་ན། གཞིས་ལུས་ཇོ་ནང་པ་རྣམས་ཀྱིས་བཙལ་བྱོལ་བོད་གཞུང་ལ་རེ་ཐག་ཆད་ནས་བསྡད་ཡོད་ཟེར་བས། བཙན་བྱོལ་བོད་གཞུང་གིས་མ་འོངས་གཞུང་མང་གཉིས་ཀྱི་དམ་ཚིག་རྡོག་རྩ་ཆིག་སྒྲིལ་ལ་བསམ་བློ་གཏོང་རྒྱུ་ཕྱི་མེད་ན་སྔ་མེད་སྙམ། ཨོ། འདིའི་སྐོར་ངས་དུས་བབ་ཟིན་བྲིས་ནང་ནས་ཀྱང་མཐོང་བྱུང་། གང་ལྟར་དྲང་བདེན་ལ་རྒྱབ་སྐྱོར་ཡོད།
ཆོས་བརྒྱུད་ཀྱི་ཐོབ་ཐང་རྙོག་དྲ་འདི་ཇོ་ནང་གཅིག་པོའི་སྐད་ཆ་ཞིག་མ་རེད། ཕར་བལྟས་ན་བཀའ་བརྒྱུད་པའི་ནང་ཁུལ་དུ་ཀརྨ་བཀའ་བརྒྱུད་དང་འབྲི་གུང་བཀའ་བརྒྱུད། འབྲུག་པ་བཀའ་བརྒྱུད་གསུམ་གཅིག་འོག་གཅིག་ཏུ་མི་འདུ་བའི་ངང་རང་རང་ས་ནས་བཞུགས་འདུག་པས། བཀའ་བརྒྱུད་པའི་སྤྱི་འཐུས་དེ་ཡང་བཀའ་བརྒྱུད་པའི་གྲུབ་མཐའ་འདི་གསུམ་གང་གི་ཁོངས་ནས་ཡོང་ན་ཡང་ཕྱོགས་གཞན་དེ་གཉིས་ཀྱི་བསམ་ཚུལ་མཚོན་ཐུབ་པ་ཞིག་ཡོང་གི་ཡོད་མེད་ནི་ཐེ་ཚོམ་རེད།
ཀླུ་མྱོན་ལགས།
མཁས་པས་འཕྱུག་ན་འདོམས་གང་ཟེར་བའི་རྣམ་ཐར་མ་བཟུང་ན་ཡག་གི་རེད། ཀར་འབྲུག་འབྲི་གསུམ་ནི་ནང་ཁུལ་མཐུན་མིན་ཡོད་ན་དེ་ག་ལས། སྤྱིར་བཏང་བཀའ་བརྒྱུད་གྲུབ་མཐའ་འཛིན་མཁན་ཡིན་མིན་ལ་ཁྱད་པར་ཡོད་པ་མ་རེད། ཇོ་ནང་ནི་ཆོས་བརྒྱུད་བཞི་གང་གི་ཁོངས་སུ་མི་འདུ་བའི་ཆོས་བརྒྱུད་ཡན་གར་བ་ཞིག་ཡིན་པས། དེའི་ཐོབ་ཐང་རྩོད་ཀྱིན་ཡོད་པ་འདི་དྲང་བདེན་གྱི་གནས་ལུགས་གཟིགས་མཁན་ཞིག་གིས་གཟིགས་ན་ཤེས་རྒྱུ་རེད་སྙམ། འོན་ཀྱང་ས་སྐྱའི་ཕྱོགས་ནས་ཇོ་ནང་ས་སྐྱའི་ཁུངས་ཡིན་ཟེར་གྱིན་ཡོད་ལ། ཇོ་ནང་ཕྱོགས་ནས་མིན་ཟེར་གྱིན་ཡོད་རེད། ངས་དྲང་མོར་ཞུས་ན་ཇོ་ས་གཉིས་ཀྱི་སྐོར་ཡག་པོ་ཤེས་ཀྱི་མེད། འོན་ཀྱང་ཐེའུ་བཀན་པའི་གྲུབ་མཐའ་སོགས་ཆོས་འབྱུང་མང་པོ་ཞིག་ན། ཇོ་ས་གཉིས་ཆོས་བརྒྱུད་ལོག་ག་རེ་ཡིན་ཚུལ་གསུང་འདུག་ག ཆོས་འབྱུང་འདི་དག་རྩོམ་མཁན་ཇོ་ས་གཉིས་གང་ཡང་མ་ཡིན་པའི་བར་མ་ཞིག་ཡིན་པས་དྲང་མོར་གསུངས་ཡོད་རྒྱུ་རེད།
མ་གཞི་ཆོས་བརྒྱུད་ཀྱི་སྤྱི་འཐུས་དང་། ཆོས་བརྒྱུད་སོ་སོའི་ཐོབ་ཐང་ཟེར་བ་འདི་མེད་ན་ཡག་གི་རེད། གལ་ཏེ་ཆོས་ལུགས་ཀྱི་འཐུས་ཚབ་ཅིག་དགོས་ན། གོང་དུ་དྲ་གྲོགས་ཞིག་གིས་གསུངས་པ་ལྟར། ཆོས་བརྒྱུད་སྤྱིའི་སྐུ་ཚབ་ཡོད་ན་འགྲིག་གི་རེད། ངས་བལྟས་ན་དེ་ཡང་དགོས་པ་མི་འདུག་སྙམ། གནས་སྐབས་བཙན་བྱོལ་དུ་གནས་རིང་ཆོལ་ཁ་གསུམ་གྱི་འཐུས་ཚབ་དགོས་མོད། མ་འོངས་རང་བཙན་ཐོབ་སྐབས་དེ་ཡང་མི་དགོས་ལ། ས་གནས་ཀྱི་འཐུས་ཚབ་བམ། ཡང་ན་མངའ་སྡེ་རེ་རེའི་འཐུས་ཚབ་ཐོན་ན་ཡག་པོ་རེད། འོན་ཀྱང་བོད་ཀྱི་ཆོས་བརྒྱུད་སོ་སོར་གཞུང་གི་ཐོག་ནས་ཐོབ་ཐང་གང་ཡོད། ཇོ་ནང་པ་ལ་དགོས་ཀྱི་རེད་སྙམ། རྒྱ་གར་ལ་མཚོན་ན་ཆོས་ལུགས་མང་པོ་ཡོད་མོད། གཞུང་གིས་གཟིགས་སྐྱོང་ཁྱབ་མཉམ་གནང་གིན་ཡོད་པ་ལས། གྲོས་ཚོགས་སུ་ཆོས་ལུགས་སོ་སོའི་འཐུས་མི་ཕར་ཞོག སྤྱིར་བཏང་ཆོས་ལུགས་ཀྱི་འཐུས་མི་ཙམ་ཡང་མེད་པ་འདྲ། དེ་འདྲ་རེད་དམ།
མ་གཞི་ནས་ཆོས་བར྄ྒྱུད་ཁག་གི་ས྄ྤྱི་འཐུས་འདི་མི་དགོས་པ་ཞིག་རེད་ས྄ྙམ། འདི་ལ྄ྟར་བྱས་ན་ཆོས་བར྄ྒྱུད་ཁག་གི་གྲ་བ་དེ་ཚོར་འོས་ཤོག་གཉིས་ཀྱི་ཐོབ་ཐང་འདུག་པས། འདི་དམངས་གཙོའི་ལམ་སྲོལ་དང་ཡང་མི་མཐུན་ས྄ྙམ། ནམ་ཞིག་ང་ཚོར་ཆོས་བར྄ྒྱུད་ཁག་ལ྄ྔའི་ས྄ྟེང་དུ་ཇོ་ནང་དང་། ཁ་ཆེ། ཡེ་ཤུ། ཧིན་ང྄ྷུ་སོགས་མདོར་ན་འཛམ་ག྄ླིང་གི་ཆོས་ལུགས་འདྲ་མིན་གྱི་ས྄ྤྱི་འཐུས་དགོས་དུས་འོང་གི་རེད་ས྄ྙམ། དེང་སང་མི་ས྄ྐྱའི་ནང་དུའང་ཆོས་བར྄ྒྱུད་དབྱེ་འབྱེད་དང་ཕྱོགས་རིས་བྱེད་མཁན་མང་དུ་འགྲོ་བཞིན་པས། མ་འོངས་པར་གྲ་བ་དང་མི་ས྄ྐྱ་གཉིས་ཀྱི་ཁོངས་རང་ཉིད་ཀྱི་ཐོབ་ཐང་གི་འོས་ཤོག་གཅིག་དང༌། ཆོས་བར྄ྒྱུད་ཀྱི་ཁོངས་ནས་འོས་ཤོག་གཅིག་འཕེན་གི་ཡིན་ཟེར་ན་ཅི་འདྲ། དེ་ལ྄ྟར་ར྄ྙོག་དྲ་ཆེ་རུ་འགྲོ་བ་ལས། དེང་གི་ཆོས་བར྄ྒྱུད་ཁག་གི་ས྄ྤྱི་འཐུས་འདི་མེད་པ་བྱས་ན་ཅུང་བཟང་བར་འདོད།
ཇོ་ནང་བདེན་པ་རེད་
ང་ཚོའི་གཞུང་འདིའི་བྱེད་སྟངས་འདི་འདྲ་རང་བྱས་ནས་རྒྱུ་འབྲས་ད་ལྟ་འཁོར་འདུག་ག ས་སྐྱའི་སྤྱི་ཐུས་མིང་འཛིན་འདི་ལ་ང་དོག་པ་ཟ་སོང། སྐྱབས་བཅོལ་གཞུང་གི་ལས་བྱེད་ནང་རྒྱ་མིས་གསང་མྱུར་ཡོད་པ་ཤེས་དགོས། དོག་ཟོན་གལ་ཆེ
མ་གཞི་ཇོ་ནང་པ་ལ་ཡང་ཆོས་བརྒྱུད་ཀྱི་ཐོབ་དབང་ཟེར་བ་ཡོད་ན་ཐོབ་རྒྱུ་དམིགས་བསལ་བ་ཅི་ཞིག་ཡོད་དམ། དེ་བཞིན་བཙན་བྱོལ་བོད་གཞུང་གིས་ཇོ་ནང་ལ་ཆོས་བརྒྱུད་ཀྱི་ཐོབ་དབང་མི་སྤྲོད་དོན་ཅི་ཡིན་ནམ། དེ་སྤྲད་ན་ཤོར་རྒྱུ་ཅི་ཞིག་ཡོད་དམ། ངས་བསམ་བློ་མང་པོ་བཏང་བ་ཡིན་མོད། ཡག་པོ་ཞིག་ཤེས་ཀྱི་མི་འདུག གང་ལྟརཕྱོགས་གཉིས་ཀར་ཐོབ་ཤོར་གང་ཡང་མེད་ན་ཕྱོགས་གཉིས་ཀས་བསམ་ཤེས་བྱས་ན་བཟང་སྙམ།
ཟུར་བལྟས་བྱས་ན་ཇོ་ནང་པ་ལ་ཡང་ཁག་མི་འདུག འབང་མི་སེར་ཞིག་ཡིན་པའི་ཆ་ནས་སྐྱིད་སྡུག་གང་ཡོད་བཙན་བྱོལ་གཞུང་ལ་མི་ཞུ་ན་སུ་ལ་ཞུ། གཞུང་གི་ངོས་ནས་ཀྱང་རྩ་དོན་དང་རྒྱལ་བསྟན་འཕེལ་རྒྱས་སོགས་ལ་གནོད་པ་མེད་ན་ཇོ་ནང་པར་ཆོས་བརྒྱུད་ཀྱི་ཐོབ་ཐང་སྤྲད་ན་ཅིས་མི་ཆོག་གམ། གཞུང་ངོས་ནས་གལ་ཏེ་ཇོ་ནང་ལ་ཆོས་བརྒྱུད་ཀྱི་ཐོབ་ཐང་སྤྲད་ན་མི་འགྲིག་པའི་རྒྱུ་མཚན་གནས་ལུགས་ཤིག་གཟིགས་ཀྱི་ཡོད་ན། ཁ་གསལ་གཏིང་གསལ་གྱི་འགྲེལ་བཤད་བྱས་ན། ཇོ་ནང་པས་ཉན་ཤེས་བྱེད་རྒྱུ་རེད། རྒྱུ་མཚན་དང་གནས་ལུགས་དྲང་བདེན་ཡོད་བཞིན་དུ་ཉན་འཇོག་མ་བྱས་ན། བཏང་སྙོམས་སུ་མི་འཇོག་ཐབས་མེད་རེད། ལྷག་པར་དུ་ད་ལྟ་ང་ཚོ་བོད་ཕྱི་ནང་གཉིས་ཀྱི་དཀའ་སྡུག་ལ་བསམ་བློ་ཞིག་བཏང་ན། ནང་ཁུལ་དུ་རྙོག་དྲ་བཟོས་ནས་འདུག་རྒྱུའི་དུས་ཚོད་ཅིག་མ་རེད།
གསལ་བཤད་རྒྱུ་ཞིག་ལ། ངས་ཇོ་ནང་པས་རྙོག་དྲ་བཟོ་གིན་འདུག་ཅེས་ཤོད་ཀྱིན་མེད་ལ། དེ་བཞིན་བོད་གཞུང་གིས་ནང་ཁུལ་ལ་རྙོག་འཛིང་བཟོ་གི་ཡོད་ཅེས་དེ་བས་ཀྱང་ཤོད་ཀྱིན་མེད།
བོད་གཞུང་གིས་ཇོ་ནང་པར་ཆོས་བརྒྱུད་ཀྱི་ཐོབ་ཐང་སྤྲད་ན་བོད་ཀྱི་རྩ་དོན་ལ་གནོད་གཞི་གང་ཡང་མེད་ན་རྩ་བའི་ཆ་ནས་མི་འགྲིག་པ་ཞིག་མ་རེད་བསམ། དེ་འདྲ་ཞིག་རེད་དམ། ངས་ཇོ་ས་གཉིས་ཀྱི་འབྲེལ་ཡོད་མི་སྣ་ཁག་ཅིག་ལ་འབྲེལ་བ་ཞུས་ནས། གནས་ཚུལ་འདི་གསལ་བོ་ཞིག་སྤེལ་ཐུབ་པའི་རེ་བ་ཡོད།
དེ་རིང་དེ་ཙམ་ཞུ།
ས་ཇོ་གཉིས་ཀྱི་དབར་ན་རྩོད་ཉོག་གང་ཡང་ཡོག་མ་རེད། སྔོན་ནས་ད་དབར་ཕན་ཚུན་བླ་བརྒྱུད་ཆོས་བརྒྱུད་གཉིས་ཀ་གཅིག་འདྲེས་སུ་གྱུར་ཡོད་པ་མ་ཟད། ཇོ་ནང་ཏཱ་ར་ནཱ་ཐ་ས་སྐྱ་བདག་ཆེན་གྱིས་ས་སྐྱའི་བསྟན་བདག་ལྟ་བུར་ཆེ་བསྟོད་ཀྱང་གནང་ཡོད་འདུག ཇོ་ནང་པའི་བླ་ཆེན་ཡོངས་རྫོགས་དང་པོ་གྲུབ་མཐའ་ས་སྐྱ་དང་ཕྱིས་སུ་ཇོ་ནང་པར་གྱུར་བ་རྐྱང་རྐྱང་རེད་བཞག དེ་འདྲ་ཡིན་དུས་ས་ཇོ་གཉིས་ལ་ཐུན་མིན་ཆོས་དང་དམ་ཚིག་གི་འབྲེལ་བ་ཡོད་པ་ཙམ་ལས་ཇོ་ནང་ས་སྐྱའི་ཁུངས་རེད་ཅེས་ངེད་ཚོ་ས་སྐྱ་པས་ནམ་ཡང་བཤད་ཀྱི་ཡོག་མ་རེད། སྐྱབས་རྗེ་ས་སྐྱ་ཁྲི་འཛིན་མཆོག་གིས་ཀྱང་། ཇོ་ནང་པར་རྒྱབ་གཉེར་བཀའ་ཡིག་གནང་ཡོད་འདུག། འོན་ཀྱང་མི་རེ་ཟུང་གིས་སྒེར་གྱི་བསམ་ཚུལ་བྲིས་པ་ཙམ་གྱིས། ས་ཇོ་གཉིས་ཀྱི་དབར་ལ་འགལ་བ་འགྲོ་མི་སྲིད་པ་རེད། དེའི་ཐད་ས་ཇོ་གཉིས་ཀྱི་བླ་ཆེན་ཁག་དང་། དགེ་བཤེས་མཁན་པོ་རྣམས་ཀྱིས་ཐུགས་འགན་བཞེས་ནས་གཟབ་གནང་དགོས། སྤྱིར་བོད་ཀྱི་ཆོས་བརྒྱུད་རྣམས་ཕན་ཚུན་ཐུགས་མཐུན་གནང་རྒྱུ་གལ་ཆེ་ལ། ལྷག་པར་དུ་ས་ཇོ་གཉིས་ཀྱི་དམ་ཚིག་གསེར་གྱི་ཐག་པ་ཆད་མི་རུང་པས། གལ་ཏེ་ས་ཇོ་གཉིས་ཀྱི་དབར་ལ་དོགས་པ་རྣམ་རྟོག་འདྲ་ཡོད་ན། གོ་སྐབས་འདི་བརྒྱུད་གཙང་སེལ་གནང་དགོས་ཡག་གལ་ཆེན་རེད།
དེ་སྔོན་ས་སྐྱའི་སྤྱི་འཐུས་ག་ཟི་དགེ་བཤེས་ལགས་ཀྱིས་ཇོ་ནང་ས་སྐྱའི་ཁུངས་ཡིན་ཚུལ་རེ་བྲིས་ཡོད་མོད། དེ་ནི་ཁོང་སྒེར་གྱི་ཐུགས་བསམ་བཞེས་ཚུལ་ཙམ་རེད། བྱས་ཙང་དེའི་ལན་དུ་གཞིས་བྱེས་ཇོ་ནང་གཉིས་ཀ་ནས་ལན་གསལ་གྲངས་མེད་པ་བྲིས་ཡོད་པས་དེས་ཆོག སྤྱིར་བཏང་ཇོ་ནང་ས་སྐྱའི་ཁོངས་མ་ཡིན་པ་བོད་ཀྱི་གྲུབ་མཐའ་ཁག་གི་བྱུང་བ་བརྗོད་པའི་སྐབས་སུ་གསལ་བོར་ཡོག་རེད། ས་ཇོ་གཉིས་ཀྱི་ལྟ་གྲུབ་ཀྱང་མི་འདྲ་བ་དེ་བས་ཀྱང་གསལ་བོ་རེད་བཞག དེར་བརྟེན་ཇོ་ནང་པ་རྣམས་ཀྱིས་ཀྱང་ལན་འབྲི་དགོས་དོན་ཡོག་མ་རེད། གནས་སྐབས་ཀྱི་དགོས་དབང་ལ་བརྟེན་ནས་བྲིས་ཀྱང་འགལ་བ་ཆེར་མེད།
གང་ལྟར་ཇོ་ནང་ཆོས་བརྒྱུད་ལ་ཆོས་བརྒྱུད་ཀྱི་ཐོབ་ཐང་སྤྲོད་མིན་བཙན་བྱོལ་གཞུང་གི་ལག་པར་ཡོད་པ་ལས། ས་སྐྱ་པ་དང་འབྲེལ་བ་གང་ཡང་ཡོག་མ་རེད་ཅེས་ཞུ་བ་ཡིན། ངས་འདི་ལྟར་ཞུ་ཡག་གཙོ་བོ་ས་ཇོ་གཉིས་ཀྱི་དམ་ཚིག་ལ་བསམ་བློ་བཏང་བ་ཡིན། ད་ལྟའི་ཆར་བཙན་བྱོལ་ཁྲོད་མ་ཟད། གཞིས་ལུས་བོད་མིའི་ནང་དུ་ཡང་ས་སྐྱ་པས་ཇོ་ནང་ཆོས་བརྒྱུད་ལ་ཐོབ་ཐང་སྤྲོད་རྒྱུར་དགག་བྱ་གནང་གིན་ཡོག་རེད་ཅེས་བཤད་ཀྱི་ཡོད་ཚོད་འདུག་པས། འདི་བདེན་པ་མ་རེད་ཅེས་ཡང་བསྐྱར་ཞུ་བ་ཡིན།
མཐའ་དོན་ནི། ཇོ་ནང་ལ་ཆོས་བརྒྱུད་ཀྱི་ཐོབ་ཐང་སྤྲོད་དགོས་མིན་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གིས་ཐག་གཅོད་གནང་རྒྱུ་ཞིག་ཡིན་པ་ལས། ས་སྐྱ་པར་འབྲེལ་བ་མེད་ལ། དེའི་ནག་ཉེས་ས་སྐྱའི་དབུ་ལ་མ་འགེལ་རོགས་ཅེས་ཀྱང་ཞུ་བ་ཡིན།
གལ་ཏེ་ཇོ་ནང་ས་སྐྱའི་ཁུངས་ཡིན་པའི་དབང་དུ་བཏང་ཡང་དགོས་པ་རྒྱུ་མཚན་དང་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་ན། ཆོས་བརྒྱུད་སོ་སོར་ཕྱེ་མི་ཆོག་པ་ཡོག་མ་རེད། ཇོ་ནང་ས་སྐྱའི་ཁུངས་མ་ཡིན་པ་གསལ་བོར་ཡིན་ཀྱང་། ཇོ་ནང་ས་སྐྱའི་ཁུངས་སུ་ཞུགས་ན་དགེ་མཚན་ཡོད་ན་དེ་ཡང་མི་ཆོག་ཞིག་རྩ་བ་ནས་མ་རེད་དྲན། བྱས་ཙང་གཙོ་བོ་ས་ཇོ་གཉིས་ཀྱི་ཕྱོགས་གཉིས་ཀྱི་དགོས་མཁོ་དང་ཁེ་ཕན་ལ་གཟིགས་དགོས། མདོར་ན་ས་སྐྱ་སྤྱིའི་ངོས་ནས་དེ་ལ་དགག་བྱ་གང་ཡང་མེད་པ་སྐྱབས་རྗེ་གོང་མ་རིན་པོའི་བཀའ་ཡིག་ཚགས་ཤོག་ཁག་གི་སླེབས་ཡོད་པ་དེ་རེད།
ན་ནིང་ཨ་རི་ནས་རྒྱ་མོ་ཞིག་གིས་བོད་རྒྱ་གཉིས་ཀྱི་དབར་འདུག་བྱས་ནས་སྐད་ཆ་བཤད་པས། རྒྱ་ཕྱོགས་ནས་མོའི་ནང་མི་ལ་གནོན་ཤུགས་དྲག་པོ་སྤྲད་པ་བཞིན། གཅིག་བྱས་ན་ས་སྐྱ་པའི་ཕྱོགས་ནས་ང་ལ་བཀའ་བཀྱོན་གནང་མི་སྲིད་པ་མ་རེད། སྐུ་རྩེད་ཞུས་པ་ཡིན། དཔལ་ལྡན་ས་སྐྱའི་བསྟན་པ་རྒྱས་པར་གྱུར་ཅིག རྒྱལ་པ་ཇོ་ནང་པའི་བསྟན་པ་རྒྱས་གྱུར་ཅིག ༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་ཡུན་དུ་བརྟན་པར་གྱུར་ཅིག ཆོས་བརྒྱུད་ཆོལ་ཁ་རྣམས་མཛའ་བརྩེའི་དཔལ་ལ་སྤྱོད་པར་གྱུར་ཅིག བོད་གཞེས་བྱེས་གཉིས་མཉམ་འཛོམས་ཡོང་བར་ཤོག་ཅིག
གནད་འགག་ཐུག་ས་དེ་འདི་མ་རེད། ཆོས་བརྒྱུད་ཁག་ལ་སྤྱི་འཐུས་ཀྱི་ས་མིག་དེ་མེད་ན་རྙོག་དྲ་དེ་མེད་ལེ་རེད།
སྤྱི་འཐུས་སུ་ས་མིག་ཡོད་པ་ཙམ་གྱི་ཆོས་བརྒྱུད་དེར་ཐོབ་ཐང་ཡོད་པ་དང་། སྤྱི་འཏུས་སུ་ས་མིག་མེད་ན་ཆོས་བརྒྱུད་དེར་ཐོབ་ཐང་མི་འདུག་གསུངས་བསྡད་ན་གནས་ལུགས་དང་རྒྱུ་མཚན་མི་འདུག་གོ
ཐུ་བཀན་ག྄ྲུབ་མཐའི་ནང་ཇོ་ནང་ས་ས྄ྐ྄ྱ་ལས་གཤན་དུ་བཤད་ཡོད་པ་ར྄ྒ྄ྱུ་མཚན་དུ་བ྄ྱས་ན། ཞི་བ྄ྱེད་པ། གཅོད་ཡུལ་པ། བུ་ལུགས་པ། བཀའ་གདམས་པ། དེ་ག་ནང་བཞིན་བཀའ་བར྄ྒ྄ྱུད་ཆེ་བཞི་ཆུང་བར྄ྒ྄ྱད་ནང་མ་འདུས་པ་ཤང་པ་བཀའ་བར྄ྒ྄ྱུད་སོགས་ལ་དེ་མཚུངས་ཅིས་མ་དགོས། དེ་ཚོས་མི་ར྄ྩོད་དོན་ཅི་རེད། ད་ལ྄ྟ་ང་ཚོ་ནང་ཁུལ་ར྄྄ྩོད་པའི་ས྄ྐབས་མ་རེད།
ཆོས་ལུགས་ཀྱི་ཐོབ་ཐང་གསུངས་ཀྱི་ཡོད་ན། བོད་པ་ཡེ་ཤུའི་ཆོས་ལུགས་པ་དང་། དེ་བཞིན་བོད་པ་ཁ་ཆེ་རྣམས་ལ་ཡང་ཐོབ་ཐང་གཅིག་པ་སྤྲོད་དགོས། དེ་བཞིན། ཤུགས་ལྡན་བསྟེན་མཁན་རྣམས་ཀྱིས་ཆོས་ལུགས་ཤིག་གི་མིང་ཐོ་བསྐྱེལ་ན། དེ་ལ་ཡང་ཐོབ་ཐང་སྤྲོད་དགོས། དམངས་གཙོའི་ནང་ཐོབ་ཐང་ཟེར་བ་འདི་ཆོས་ལུགས་དང་མི་རིགས་ལ་དབྱེ་བ་བྱེད་ནས་བགོས་ན་མི་འགྲིག་གསུངས་ཀྱི་འདུག ཁྱེད་རྣམས་ཀྱི་བྱས་ན།
དྲ་གྲོགས་ཚངས་དབྱངས་ལགས།
གལ་ཏེ་ང་ཚོའི་ད་ཡོད་ཆོས་བརྒྱུད་ཁག་གི་ཐོབ་ཐང་དང་སྤྱི་འཐུས་བཅས་མུ་མཐུད་དུ་གནས་རྒྱུ་ཡིན་ན། བོད་པ་ཡེ་ཤུའི་ཆོས་ལུགས་པ་དང་། དེ་བཞིན་བོད་པ་ཁ་ཆེ་རྣམས་ཀྱིས་ཆོས་ལུགས་ཀྱི་ཐོབ་ཐང་དགོས་ཞེས་གསུངས་ན་ཡང་གཅིག་མཚུངས་ངེས་པར་དུ་བྱེད་དགོས། ཆོས་ལུགས་ལ་ཁྱད་པར་ཡོད་པ་མ་རེད།
དེ་མིན་དོལ་ཚོགས་ཆོས་བརྒྱུད་ལོགས་ག་ཞིག་ནམ་ཡང་ཆགས་ཀྱི་མ་རེད། ཁོང་ཚོ་ག་དུས་ཡིན་ན་ཡང་དགེ་ལུགས་པ་རེད། ད་ལྟའི་ཆར་ཡང་བོད་གཞུང་གི་ངོས་ནས་གཟིགས་སྐྱོང་འདྲ་མཉམ་གནང་གིན་ཡོད་པ་མ་ཟད། ཁོང་ཚོས་ད་ལྟ་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་དགོན་པར། ཤར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཟེར་བའི་དགའ་ལྡན་པའི་གྲྭ་ཚང་གསར་བ་ཞིག་གསརའཛུགས་བྱས་ནས་བསྡད་ཡོད། དེས་ནམ་ཡང་ཆོས་བརྒྱུད་ཀྱི་ཐོབ་ཐང་རྩོད་ཀྱི་མ་རེད། འོན་ང་ལ་རི་བོང་གནམ་སྡིབ་ཀྱི་སེམས་ཁྲལ་ཞིག་ཡོད་པ་ནི། ཁོང་ཚོས་ནམ་ཞིག་དགའ་ལྡན་ཁྲི་བའི་ཐོབ་ཐང་རྩོད་ཀྱི་རེད། ཆོས་རྗེ་རྣམ་གཉིས་ཀྱི་ཐོབ་ཐང་རྩོད་ཀྱི་རེད། དེ་རྩོད་རྒྱུའི་གོ་སྐབས་ཀྱང་ད་ཁོང་ཚོར་ཡོད་པ་རེད། དེ་མ་ཟད་ཉིན་གཅིག་ཁོང་ཚོའི་ནང་ནས་དགའ་ལྡན་ཁྲི་བ་ཡང་ཏན་ཏན་སླེབས་ཐུབ་ཀྱི་རེད། དེ་དུས་ག་རེ་བྱེད་དགོས་སམ། འདི་བོད་མི་སྤྱི་དང་ལྷག་པར་དགེ་ལུགས་པས་ཐུགས་བསམ་བཞེས་དགོས་པའི་དྲི་བ་ཞིག་མ་ཡིན་ནམ། གཅིག་བྱས་ན་ངའི་ནོར་འཁྲུལ་ཡིན་སྲིད། ཡིན་ན་གཡུགས་ཞོག
གང་ལྟར་ཉིད་ཀྱིས་ཆོས་བརྒྱུད་ཚང་མར་ཐོབ་ཐང་ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་དགོས་ཞེས་གསུང་གིན་ཡོད་ན་རྒྱབ་སྐྱོར་ཡོད། ཉིན་ཤས་ནས་བཟུང་ཁ་བརྡའི་ཁ་བརྡ་ཞི་འཇམ་དུ་ཕྱིན་ཡོད་པས་སེམས་པ་དགའ་བོ་བྱུང་། མུ་མཐུད་དུ་ཚིག་འཇམ་སྤེལ་རོགས། ཁ་བརྡའི་འགན་ཁུར་རོགས་ཞེས་ཞུ་འདོད་བྱུང་།
དེ་འདྲ་རེད་དམ་དྲ་གྲོགས་ཚོ།
གྲྭ་གྲོགས་རིག་མཆོག་ལགས་ཀྱི་བསམ་ཚུལ་དོན་དངོས་དང་མཐུན་པར་འདོད། མ་གཞི་ནས་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཟེར་བ་འདི་དགོས་དོན་མི་འདུག་འདོད། གལ་ཏེ་ཆོས་བརྒྱུད་སོ་སོའི་ཐོབ་ཐང་འདི་སྤྱི་འཐུས་ནང་མི་མཐུད་འགྲོ་དགོས་པ་ཞིག་ངེས་པར་ཏུ་ཡིན་ན་ཇོ་ནང་པ་ལའང་བོད་ཀྱི་ཆོས་བརྒྱུད་དམིགས་བསལ་པའི་ཐོབ་ཐང་འདི་ཡོད་དགོས་པ་ཞིག་མ་རེད་དམ།
བཀའ་བརྒྱུད་པའི་སྤྱི་འཐུས་དེ་བཀའ་བརྒྱུད་གང་གི་ཁོངས་ནས་ཡོང་མི་ཡོང་ནི་ཀླུ་སྨྱོན་སྤྲུལ་པའི་སྐུའི་ཐུགས་བསྐྱེད་ཡིན་པ་འདྲ་ཨ་ཁ་དུས་ངན་པའི་སྤྲུལ་སྐུ
ད་ནི་ང་ཚོས་བློ་གཅིག་སེམས་གཅིག་གིས་ཆོས་བརྒྱུད་སྤྱི་འཐུས་དགོས་མིན་དང་ཆོས་དོན་ལས་ཁུངས་ཞེས་ཆོས་བརྒྱུད་ཁག་ལ་དམིགས་བསལ་ལྟ་རྟོག་བྱེད་མཁན་བློན་ཆེན་ལས་ཁུངས་ཞིག་དགོས་མིན་སོགས་གྲོས་བསྡུར་བྱེད་དགོས་པར་སེམས། དེ་ཡང་ནང་སྲིད་ལས་ཁུངས་ཀྱི་ཌྷའོག་ཏུ་མ་འདས་པ་ཞིག་ཨེ་ཡོད་བསམ་གྱི་འདུག
ཆོས་ལུགས་མི་སྣ་དང་ཚོགས་པ་ཁག་ལ་དབང་ཆ་མང་པ་དེ་ཙམ་གྱིས་ང་ཚོར་དཀའ་ངལ་རབ་དང་རིམ་པ་འཕྲད་ཡོད་པ་འདས་པའི་ལོ་རྒྱུས་ལས་རྟོགས་ཐུབ། འདིའི་ཐད་རབ་བྱུང་ན་ཆོས་བརྒྱུད་ཁག་ནས་དང་བླངས་ཐོག་ཆོས་བརྒྱུད་སྤྱི་འཐུས་དགོས་པ་མེད་པའི་གནད་དོན་ངེས་ཟིན་པའི་ཐོག་ནས་་ཐག་གཅོད་གནང་ན་ཡག་པོ་རེད། དེ་ལས་གཞན་བོད་རིགས་ཡ་རབས་ཚོས་ནི་ཆོས་བརྒྱུད་སྤྱི་འཐུས་མི་དགོས་པ་དང་ཁོང་ཚོར་སྲིད་ཀྱི་དབང་ཆ་མི་དགོས་པ་སེམས་ནང་དྲན་ཀྱང་ཁ་ནས་ལབ་ཐུབ་ཀྱི་མེད།
ཆོས་བརྒྱུད་འཐུས་མི་མི་དགོས་ཟེར་བ་འདི་ཁ་ཁོམས་མེ་བསྡད་ཡོད་མཁན་ཚོས་སྐད་ཆ་རེད། ཆོས་ལུགས་འཐུས་མི་མེད་ན་བོད་ནང་ན་སྐད་རྒྱག་མཁན་ཡོད་བགྱི་མ་རེད་ལ། བཙན་བྱོལ་ནང་ཞི་བའི་གོམ་བགྲོད་ལ་འགྲོ་མཁན་ཡོད་བགྱི་མ་རེད།
ཇོ་ནང་པ་ཚོར་བཤད་རྒྱུ་ཞིག་ལ་ཇོ་དགོན་པ་ཉིས་བརྒྱ་ལྷག་ཡོད་ཟེར་བ་བོད་ས་ཁུལ་གང་དང་གང་ན་ཡོད་པ་ངོ་སྤྲོད་གནང་རྒྱུ་མཁྱེེན།
ཇོ་འཐུས་མི་དགོས་དང་མི་དགོས། གྲོས་འཚོགས་ནང་འོས་ཤོག་བླུགས་ན་འགྲིགས་གི་རེད་་བསམ་ཀི
ཇོ་ནང་བ་ཚོས་ཡང་དང་ཡང་དུ་ཞུ་ཡིག་འབུད་་དགོས་པ་རེད། ཁྱེད་ཚོས་སྐད་འབོད་འདྲ་བྱེད་ཐུབ་ན་ཡག་པོ་འདུག
དེ་འདྲ་བྱས་ན་ང་ཚོའི་མང་གཙོ་འདི་ཁྲིགས་པོ་ཆགས་གི་རེད། ཡིད་སྐྱོ་བ་ཞིག་ལ་ཁྱེད་ཚོའི་ཞུ་ཡིག་ནང་རང་གཞུང་ལ་གུས་ཞབས་མེད་པའི་ཁར་སྡིང་སེམས་ཀྱི་རྣམ་པ་ཞིག་མངོན་ཡོད་པ་དེ་ཡག་པོ་མ་རེད།
འོ་ ཨ་ཁུ་ཚེར་མ་ལགས་ལ། མི་གཅིག་གིས་འོས་ཤོག་གཉིས་རེ་འཕེན་པ་མང་གཙོའི་ལམ་སྲོལ་དང་མཐུན་པ་རེད། དེ་ད་དུང་ཇེ་ལེགས་ལ་གཏོང་ཐུབ་ན་ཡག་པོ་འདུག གཞན་ཞིག་ནས་ཆོས བརྒྱུད་འཐུས་མི་གྲ་བ་རྐྱང་རྐྱང་རེད་ཟེར་བ་སྐྱག་རྫུན་རེད། མི་ཤེས་ན་རྫུན་མ་བཤད་ན་བཟང་ཀི
ཡ་ཡ། ད་ང་ཚོ་སྐད་ཆ་འཇམ་པོ་ཡིན་ད།
ཆོས་པ་ཚོར་ཁོང་རྣམ་པ་ཚོའི་འཐུས་མི་སྤྱི་འཐུས་ནང་སླེབས་དགོས་ཟེར་ན། འདི་ཐོབ་ཐང་རེད། རྒྱབ་སྐྱོར་ཡོད། ཡིན་ནའི་ཆོས་རྒྱུད་རེ་ལ་ཐུས་མི་རེ་དགོས་ཟེར་ན། མང་དྲག་པ་རེད། ཆོས་རྒྱུད་བཞིའི་ཐུས་མི་གཅིག་འདེམས་ནས། སྤྱི་འཐུས་ཀྱི་ས་ཆ་ལེན་ན། ལན་པོ་འདུག
དེ་མིན། ང་ཚོ་སྐྱ་བོ་རྣམས་ལ། ལུང་ཚན་རེ་ནས་འཐུས་མི་རེ་དགོས་ཟེར་ན། ཁྱེད་ཚོ་ཆོས་པ་ཚོས་ལན་ཇི་ལྟར་རྒྱབ་བམ།
རིག་མཆོག་ལགས་ཀྱིས་བསམ་འཚུལ་ཏེ་། ཡང་དག་པ་རེད་། བླ་བཟང་ལགས་གནས་ལུགས་ཞུ་ས་མེད་པ་མ་བཟོ་། ཁྱེད་རང་རང་གཞུང་ལ་ཤ་ཞེན་ཡོད་པ་ཡིན་རྒྱུ་རེ་དེ་། ཡིན་ནའང་དམངས་ཚོགས་ཀྱི་བསམ་དང་སྐྱིད་སྡུག་ཡར་ཞུ་བྱེད་ས་ལ་ཆ་འཇོག་བྱས་ནས་ཡར་ཞུས་པ་རེད་། གལ་ཏེ་བོད་མི་དམངས་མེད་ན་ཆོས་དོན་ལས་ཁོངས་སོགས་ཀྱི་མང་ཡང་ཡོད་པ་མ་རེད་། ཆོས་དོན་ལས་ཁོངས་ཡིན་ན་ཆོས་ལུགས་ཁག་སྤྱི་ལ་ལྟ་རྟོག་དང་བདག་སྐྱོང་བྱེད་དགོས་པ་རེད་།
ཕྲན་ནི་ཇོ་ནང་མ་ཡིན་ལ་ས་སྐྱའང་མ་ཡིན། ཡིན་ནའང་མགོ་ཧ་ཅང་འཐོམ་སོང་། གང་ཡིན་ཟེར་ན། ང་
ཚོའི་ཕ་ཡུལ་དུ་ཇོ་ནང་ཡོད་ལ་ས་སྐྱའང་ཡོད། ཆོས་བརྒྱུད་གཞན་ཕར་ཞོག་ས་སྐྱ་དང་ཇོ་ནང་གཉིས་ནང་ཕན་ཚུན་ཀྱང་ཆོས་བརྒྱུད་སོ་སོ་ཡིན་ཤག་མ་གཏོགས་ཇོ་ནང་ས་སྐྱའི་ཁོངས་གཏོགས་རེད་ཟེར་བ་ཞིག་བཤད་རྒྱུ་ཡང་མེད་ལ་གོ་རྒྱུ་ཡང་གཏད་ནས་མེད་། ང་གཅིག་བུ་མ་རེད། ང་ཚོའི་ཕ་ཡུལ་གྱི་མི་ཚང་མ་དེ་འདྲ་རེད། དེ་ཕྱིར་བཙན་བྱོལ་དུ་སླེབས་ནས་ཀྱང་ཉེ་བའི་ལོ་འགའ་ཤས་ཀྱི་སྔོན་ཞིག་ནས་ཇོ་ནང་ས་སྐྱའི་ཁོངས་གཏོགས་རེད་ཟེར་བའི་བཤད་སྒྲོས་ཤིག་གློ་བུར་དུ་འགོ་ཚུགས་པས་དངོས་གནས་ཧ་ལས་སོང་། གང་ཡིན་ཟེར་ན་དེ་སྔ་བཤད་སྒྲོས་དེ་ལྟ་བུ་ཞིག་ཐོས་མ་མྱོང་བས་ཡིན། གང་ལྟར་ཀྱང་ཕྲན་གྱི་བསམ་པར་ཇོ་ནང་ལའང་སྤྱི་འཐུས་ཀྱི་ཐོབ་ཐང་དགོས་ངེས་ཤིག་རེད་སྙམ། གང་ཡིན་ཟེར་ན། རྒྱལ་ཁབ་དང་ཚོགས་སྒེར་སོགས་སུ་རུང་གི་སྟོབས་ཤུགས་ཆེ་ཆུང་དང་གོ་ས་མཐོ་དམན་བཅས་ཀྱི་གནོན་ཤུགས་ལ་མ་ལྟོས་པར་མི་དམངས་མཉམ་ཆུང་གི་མངོན་འདོད་དང་བདེན་པ་ལ་རོགས་རམ་དང་རྒྱབ་སྐྱོར་གནང་དགོས་པ་དེ་དམངས་གཙོའི་གཞུང་ཞིག་གིས་སྒྲུབ་འོས་པའི་ལས་འགན་ཞིག་ཀྱང་རེད་སྙམ། གཞུང་གིས་ཀྱང་ཇོ་ནང་ལ་སྤྱི་འཐུས་ཀྱི་ཐོབ་ཐང་གནང་ཐུབ་ཀྱི་མེད་པ་དེ་གནད་རྩ་གང་ལ་ཐུག་ཡོད་མེད་མི་ཤེས་ཀྱང་། གནང་གི་མེད་པ་དེ་ཡང་༸གོང་ས་མཆོག་གིས་ཆོས་ལུགས་རིས་མེད་དང་ཡང་དག་པའི་དམངས་གཙོའི་ཐོབ་ཐང་གསོལ་རས་གནང་བཞག་པ་དེ་དག་གཞུང་འཛིན་པ་རྣམ་པས་ཀྱང་བེད་སྤྱོད་དག་དག་ཅིག་གནང་ཐུབ་ཀྱི་མེད་པ་ལྟ་བུ་ཞིག་མཐོང་། ཇོ་ནང་ལ་དགའ་དྲགས་ནས་མ་ཡིན་ཀྱང་སོ་སོའི་བསམ་བློའི་ནང་གང་དྲན་པ་དེ་བཤད་པ་ཡིན་པས་གལ་ཏེ་བཤད་ནོར་འདྲ་ཤོར་ཡོད་ན་དགོངས་དག་ཞུ།
འཛེར་མ་ར་མགོ་ལགས་
བདེན་པ་ར་མགོ་ཞུ་ན་ཆོག་པ།
བོད་ཆིགས་སྒྲིལ་ནི་བོད་ཀྱི་འདུན་ལམ་རེད།
ཆིག་སྒྲིལ་ནི་རྒྱུ་འབྲས་སོང་ཙང་ཟབ་ཟབ་གལ་ཆེ།
ད་ལམ་ཇོ་ནང་སྐོར་གཟིགས་ལྟང་རང་གཞུང་འདི་རང་བཙན་ཡོད་ན་བྱེད་ལྟངས་ག་འདྲ་གནང་གསལ་པོ་མཐོང་སོང་འོ་རྫི་ཨ་ཁ་་་་་་་་་་་་་་་་་་་
ཇོ་ནང་ལ་སྤྱི་འཐུས་ལ་ཐོབ་ཐང་འདྲ་མཉམ་མ་རག་པ་དེ་ཧ་ལས་དགོས། ཡང་སྤྱི་འཐུས་གསར་པ་ཞིག་དང་རྐུབ་རྟེགས་གསར་པ། ཐོབ་ཐང་གསར་པ་བཅས་སྤྲད་རྒྱུ་དེ་རེད། ད་ལྟའི་གནས་བབ་ལས་སྤྱི་འཐུས་མང་བའི་སྐྱོན་འདུག་མ་གཏོགས་ཉུང་བའི་སྐྱོན་མེད། དེར་བརྟེན་སྤྱི་འཐུས་ 43 ལས་མེད། དོན་གང་གི་ཆེད་ཡིན་ནམ། མི་ན་རོ་མང༌། རོ་མང་ན་དྲི་མ་མང༌། དྲི་མ་མང་ན་ཆེས་མཐོང་དང་བཀུར་འོས་ཞེས་པ་དེ་འདྲའི་གནས་བབ་གང་ལ་འོང༌།
རྡོག་རྩ་ཆིག་སྒྲིལ་མེད་པར་ཐོབ་ཐང་དང་རྐུབ་རྟེགས་ཁོ་ནའི་རྐུབ་ལ་རྒྱུགས་ནས་ད་ལྟའི་གནས་བབ་འདི་ཆགས་སོང། ད་དུང་མ་དཀྲུགས་རོགས་གནང༌།
བདེ་ཆེན་སྒྲོལ་མ་ཁྱོས་ག་རེ་བཤད་ནི་ཡིན་ངས་མི་ཤེས་གི། དང་པོ་ཇོ་ནང་བར་སྤྱི་འཐུས་མ་རག་པར་ཧ་ལས་དགོས་ཞེས་བྲིས་འདུག དེ་ནས་ཡང་དེའི་ལྡོག་ཕྱོགས་ཤིག་བཤད་འདུག དོན་དངོས་ག་རེ་བཤད་འདོད་པ་ཡིན་ནམ།
གོང་དུ་དྲ་གྲོགས་འཛེར་མ་ར་འགོ་ལགས་ཀྱིས་གསུངས་པ་ལྟར། ང་ཡང་ས་ཇོ་གཉིས་གང་ཡང་མིན་མོད། ཤེས་ཚོད་ཀྱིས་སྐད་ཆ་དྲང་མོར་ཞུ་འདོད་བྱུང་། དེར་བརྟེན་ཉིན་གསུམ་བཞིའི་རིང་ས་སྐྱ་དང་ཇོ་ནང་ཕྱོགས་ཀྱི་ཆེས་སྤྱིར་བཏང་གི་དགེ་འདུན་པ་ཁག་ཅིག་ལ་དེའི་སྐོར་ལ་དགོངས་ཚུལ་ཅི་ཡོད་དྲིས་པས། ས་སྐྱའི་གྲྭ་བ་ཞིག་གིས། ང་ཚོ་ས་སྐྱ་སྤྱིའི་ངོས་ནས་ཇོ་ནང་ས་སྐྱའི་ཁུངས་རེད་ཟེར་གྱི་ཡོད་པ་མ་རེད། འོན་ཀྱང་ས་སྐྱའི་སྤྱི་འཐུས་ལགས་ཀྱིས་རང་གི་དགོངས་ཚུལ་ཞིག་བྲིས་ཡོད་པ་རེད། དེ་འདྲ་འབྲི་མི་ཆོག་པའི་ཁྲིམས་ཡང་ཡོད་པ་མ་རེད། འོན་ཀྱང་དེ་ལ་བརྟེན་ནས་ས་སྐྱ་དང་ཇོ་ནང་པའི་བར་ལ་འགལ་བ་བྱུང་དང་འབྱུང་བཞིན་ཡོད་པའི་གནས་ཚུལ་གོ་རྒྱུ་འདུག་པས་འདི་ཡག་པོ་རྩ་བ་ནས་མ་རེད། ད་དུང་ཁོང་གིས་དྲངས་པའི་རྒྱུ་མཚན་དེ་དག་ཀྱང་ཡང་དག་ཅིག་མ་རེད་སྙམ། དེ་ཙམ་གྱིས་ཇོ་ནང་ས་སྐྱའི་ཁུངས་ཡིན་པར་བསྒྲུབ་ཐུབ་ན། དགེ་ལུགས་པ་དེ་བས་ཀྱང་ས་སྐྱའི་ཁུངས་རེད་ཟེར་ཆོག་ལ། ས་སྐྱ་བ་རང་ཡང་རྙིང་མའི་ཁུངས་སུ་བསྡུ་རྒྱུ་ལས་ལོས་མེད་སྙམ། གང་ལྟར་ང་རང་སྒེར་གྱི་ངོས་ནས་ཇོ་ནང་ས་སྐྱའི་ཁུངས་མིན་པའི་བདེན་པའི་རྒྱབ་ལངས་བྱེད་ཐུབ་མོད། བཙན་བྱོལ་གཞུང་གི་ངོས་ནས་ཇོ་ནང་པར་ཆོས་བརྒྱུད་ཀྱི་ཐོབ་ཐང་སྤྲོད་དགོས་མིན་ཐད་བསམ་ཚུལ་གང་ཡང་མེད་གསུངས།
ཇོ་ནང་པའི་གྲྭ་བ་ཞིག་གིས་གསུང་དོན། ང་ཕ་ཡུལ་ཨ་མདོ་རྔ་བ་ནས་ཡིན། ང་ཚོའི་ཕ་ཡུལ་དུ་གསར་རྙིང་ཇོ་གསུམ་ཟེར་བ་ལས་ཆོས་བརྒྱུད་ཟེར་བའི་སྐད་ཆ་འདི་མེད། རྔ་ཡུལ་དུ་ཇོ་ནང་པའི་དགོན་པ་མང་པོ་ཡོད་ལ། ལྷག་པར་ན་ནིང་རྒྱ་གཞུང་ལ་ངོ་རྒོལ་ཐེངས་མང་གནང་མཁན་གྱི་བསྭེ་དགོན་ཆེན་ཡང་རྔ་ཡུལ་དུ་ཡོད་པ་རེད། དྲང་མོ་ཞུས་ན་ངས་ཆོས་འབྱུང་ལོ་རྒྱུས་སྐོར་ཡག་པོ་ཤེས་ཀྱི་མེད་མོད། ཇོ་ནང་ས་སྐྱའི་ཁུངས་མ་ཡིན་པ་ཚིག་ཐག་བཅད་དེ་བཤད་ཐུབ། དང་པོ་ཇོ་ས་གཉིས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་མི་འདྲ་བ་རེད། གཉིས་པ་ལྟ་སྒོམ་གཉིས་ཀྱང་མི་འདྲ་བ་རེད། གསུམ་པ་ཇོ་ས་གཉིས་ལ་ཆོས་འབྱུང་སོ་སོར་ཡོད་པ་རེད། སྡོམ་རྒྱུན་དང་ཆོས་སྐྱོང་རེ་གཉིས་གཅིག་པ་ཙམ་གྱིས་ཇོ་ནང་ས་སྐྱའི་ཁུངས་རེད་ཟེར་བ་དེ་ཧ་ཅང་གི་རྒྱུ་མཚན་མེད་པའི་སྐད་ཆ་ཞིག་རེད། དཔེར་མཚོན་ཙམ་བཤད་ན། ཇོ་ས་གཉིས་ཀྱིས་གུར་མགོན་ཆོས་སྐྱོང་གི་གཙོ་བོར་བརྟེན་གྱིན་ཡོད་པ་བདེན་མོད། དེ་ཙམ་གྱིས་ཇོ་ནང་ས་སྐྱའི་ཁུངས་ཡིན་པར་ཐག་གཅོད་བྱེད་མི་ཐུབ། གུར་མགོན་ནི་རྒྱལ་བསྟན་སྤྱིའི་སྲུང་མ་ཞིག་ཡིན་པ་ལས། ས་སྐྱ་དགོས་ཀྱི་སྲུང་མ་ཞིག་མ་རེད། ས་སྐྱ་དགོས་ཀྱི་སྲུང་མ་ནི། དོལ་རྒྱལ་དང་འབའ་མོ་གཉིས་ཡིན་མོད། བར་སྐྱབས་ཤིག་ནས་དོལ་རྒྱལ་དོར་ཡོད་པའི་ཁུལ་རེད། ཇོ་ནང་པས་དེ་གཉིས་ཀ་བརྟེན་གྱི་མ་རེད། ༼ གད་མོ་བཅས།༽
གང་ལྟར་ད་ལྟའི་ཆར་ས་སྐྱིའི་སྤྱི་འཐུས་ངན་པ་འདིས་བྱས་ཉེས་ལ་བརྟེན་ནས། བོད་གཞི་བྱེས་གཉིས་ཀྱི་ཇོ་ས་གཉིས་ཀྱི་བར་དུ་འགལ་བ་ཆེན་པོ་ཞིག་བྱུང་ཡོད་པ་འདི་ཧ་ཅང་བློ་ཕམ་གི་གནས་རེད། ཡིན་ན་ཡང་འདིའི་ངན་ཁག་ས་སྐྱའི་སྤྱི་འཐུས་ཁོས་ཁུར་དགོས་པ་ལས། ཇོ་ནང་པར་འབྲེལ་བ་གང་ཡང་མེད། ལོ་དུ་མས་སྔོན་ནས་ཇོ་ནང་པས་རང་གཞུང་ལ་ཆོས་བརྒྱུད་ཀྱི་ཐོབ་ཐང་གནང་རོགས་ཞེས་འབོད་བསྐུལ་ཞུས་ཡོད། དེ་ནི་སུས་ཀྱང་ནོར་འཁྲུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་མ་རེད། འབངས་ཀྱིས་སྐྱིད་སྡུག་ཞུ་ས་གཞུང་ཡིན་ལ། གཞུང་གིས་གཟིགས་སྐྱོང་གནང་ས་ཡང་འབངས་རེད། ཅེས་གསུངས།
ད་དུང་གོང་དུ་དྲ་གྲོགས་ཀུན་སྙིང་ཞུ་བ་དེས་ཀྱང་དེ་ལྟར་གསུངས་འདུག་ལ། ཁོང་ས་སྐྱ་པ་ཞིག་ཀྱང་ཡིན་ཚུལ་ཀྱང་གསུངས་འདུག་པ་དེ་ཤིན་ཏུ་ལེགས།
དེ་ལྟར་བལྟས་ཡོང་དུས་ཇོ་ནང་ས་སྐྱའི་ཁུངས་ཡིན་མིན་ངས་འདི་ནས་ཐག་གཅོད་བྱེད་མི་ཐུབ་ལ། བྱེད་དགོས་ཀྱང་མེད་མོད། གཙོ་བོ་ཇོ་ས་གཉིས་ཀྱི་བར་ལ་འགལ་བ་ཞིག་བྱུང་ཡོད་པ་འདི་དངོས་གནས་བློ་ཕམ་སྐྱེ་གཞི་ཞིག་རེད།
ས་སྐྱ་སྤྱིའི་ངོས་ནས་ཇོ་ནང་ས་སྐྱའི་ཁུངས་ཡིན་པའི་དགོངས་ཚུལ་འཛིན་གྱི་མེད་ན། དེ་ལུགས་ཀྱིས་གསལ་བཤད་གནང་ནས་ཇོ་ནང་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་བྱས་ན་བསྟན་པ་སྤྱི་དང་བོད་མིའི་རྩ་དོན་ལ་ཡང་ཕན་གྱི་རེད་སྙམ། རྩ་བའི་ཆ་ནས་ཇོ་ནང་པར་ཆོས་བརྒྱུད་ཀྱི་ཐོབ་ཐང་འདི་ཡང་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་ལུགས་རང་དབང་གི་ཐོབ་ཐང་དང་ཐད་ཀརའབྲེལ་བ་ཡོད་པས། རང་གཞུང་གི་ངོས་ནས་ཀྱང་དགོངས་ཕྱོགས་མ་ནོར་བ་ཞིག་གནང་ན་ཤིན་དུ་ལེགས་སྙམ། ང་ཚོ་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་རྙོག་འཛིང་མང་དྲག་མེད་ན། ཉུང་མེད་པ་མངོན་གསལ་ཡིན་པས། ནང་ཁུལ་གྱི་དཀའ་ངལ་ཆུང་རིགས་འདི་དག་དང་པོ་ནས་མེད་པ་བཟོས་གནང་ན་མ་འོངས་པར་དགེ་མཚན་ཆེན་པོ་ཡོད་པ་མངོན་གསལ་རེད།
དྲ་གྲོགས་ཁ་ཅིག་གིས། ཇོ་ནང་པར་ཆོས་བརྒྱུད་ཀྱི་ཐོབ་ཐང་སྤྲད་ན་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་དང་། ཞི་བྱེད་པ། གཅོད་ཡུལ་པ། བུ་ལུགས་པ། བཀའ་གདམས་པ། ཤངས་པ་བཀའ་རྒྱུད་བཅས་ལ་ཡང་སྤྲོད་དགོས་ཟེར་མོད། འདི་ངས་བལྟས་ན་བདེན་དོན་ཞིག་མ་རེད། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཤངས་པ་དང་བཅས་པ་ག་དུས་ཡིན་ན་མཚན་གྱི་ཟུར་དུ་བཀའ་རྒྱུད་ཅེས་འབོད་ཀྱིན་ཡོད་པས་ཆོས་བརྒྱུད་ལོགས་པ་ཞིག་གཏན་ནས་མ་རེད། དེ་མིན་ཞི་བྱེད་དང་གཅོད་ཡུལ་གཉིས་གྲུབ་མཐའ་གཅིག་པ་ཡིན་ལ། བུ་ལུགས་ད་ལྟའི་ཆར་ཡོད་མེད་ཤེས་མ་སོང་། བཀའ་གདམས་པ་ནི་ད་ལྟའི་བཀའ་གདམས་གསར་མ་སྟེ་དགེ་ལུགས་པ་འདི་ལས་གཞན་ངོས་འཛིན་རྒྱུ་མེད། དབྱིན་ཡུལ་དུ་སྡིག་བཤེས་སྐལ་བཟང་གིས་བཀའ་གདམས་གསར་མ་ཟེར་བའི་ཆོས་ཚོགས་རེ་ཡོད་པ་དེ་ལ་ཟེར་གྱི་ཡོད་ན་དམིགས་བསལ་ཡིན་རྒྱུ་རེད། བོད་མིའི་ནང་ན་ཡེ་ཤུ་དང་ཁ་ཆེའི་ཆོས་ལུགས་འཛིན་མཁན་ཡོད་པ་རེད། གལ་ཏེ་ཁོང་ཚོས་ཀྱང་ཆོས་བརྒྱུད་དགོས་ཞེས་གསུངས་ན་སྤྲོད་དགོས་ཀྱི་རེད། ཆོས་ལུགས་མང་པོ་ཡོད་ཀྱང་གཞུང་གི་ངོས་ནས་གཟིགས་སྐྱོང་གཅིག་མཚུངས་གནང་ཐུབ་ན་མཐུན་ལམ་གྱི་སྒོ་ཆེན་ལས་གཞན་གང་ཡང་མ་རེད།
ད་དུང་ཤོད་འདོད་པ་མང་པོ་ཞིག་ཡོད་པས་ག་ལེར་ཞུ་ཆོག
ས་ཇོ་རྩོད་དགོས་དོན་གང་ཡང་མི་འདུག མདོར་བསྡུས་ན་ཇོ་ནང་པ་ལ་སྤྱི་འཐུས་ཤིག་གནང་བཞག་ན་འགྲིག་གི་རེད། ཇོ་ནང་པའི་བསྟན་པ་ལ་སྤྱི་འཐུས་མེད་ནས་འཐུས་ཤོར་ཆེན་པོ་སོང་ཡོད་པ་འདྲ། ད་ལྟའི་ཆར་ཇོ་ནང་དགོན་ཟེར་བ་སིམ་ལ་རུ་ཡོད་པ་དེ་རུ་བལ་བོའི་ཕྲུ་གུ་སུམ་ཅུ་བཞི་བཅུ་ཞིག་ཡོད་པ་རེད། དེ་དག་ལའང་ཇོ་ནང་པ་ལ་སྤྱི་འཐུས་ཤིག་རག་སོང་ན་ཁྱད་པར་ངེས་ཅན་ཡོད་པ་འདྲ། ང་ཚོ་མགོ་ལོག་པའི་གྲྭ་པ་ཁ་ཤས་ཡོད་པ་རེད་དེ། ཚང་མ་སྤྲུལ་སྐུ་བཟོ་རྒྱུའི་འབད་བརྩོན་ལ་གཡེང་ནས་ཐོས་བསམ་སློབ་གཉེར་བྱེད་རྒྱུའི་དུས་ཚོད་ཡོད་པ་མ་རེད། བཙན་བྱོལ་ནང་ཇོ་ནང་པའི་མ་འོངས་པའི་རེ་བ་དེ་ནེ་ཕྲུག་ཆུང་ཆུང་དེ་ཚོ་ལ་བཅོལ་དགོས་པ་རེད། མཁན་པོ་ཆོས་སྣང་སྤྱིར་གཉོམ་ཆུང་ཚུལ་མཐུན་ཞིག་ཡིན་བསམ་གི་ཡོད་མོད། ད་ལོ་ཇོ་ནང་སྨོན་ལམ་ཆེན་མོའི་དྲན་དེབ་ཅེས་པ་ཞིག་བཀྲམ་འདུག དེའི་སློབ་སྟོན་པ་ཁོ་རང་རེད་འདུག དེའི་ནང་དུ་ཁོང་ལ་སྐྱབས་རྗེ་རྡོ་རྗེ་འཆང་མཁན་རབས་དང་པོ་ཁྲི་རབས་དང་པོ་གདན་རབས་དང་པོ་སྤྲུལ་སྐུ་སོགས་མཚན་གྱི་ཆེ་བསྟོད་ཧ་ཅང་མང་པོ་ཞིག་བརྩེགས་ལུགས་ལ་བལྟས་ན་ཁོང་གིས་ཀྱང་ཇོ་ནང་པའི་བསྟན་པ་ལ་ཕན་ཐོགས་ཤིག་ཡོད་ས་མ་རེད། མགོ་ལོག་གི་སྤྲུལ་སྐུའི་ན་ཚ་དེ་འགོས་ཚར་འདུག སྤྱི་འཐུས་ཤིག་ཡོད་ན་ཕལ་ཆེན་ཕན་ཐོགས་ཆེན་པོ་ཞིག་ཡོང་རྒྱུ་ཡིན་པ་འདྲ། གང་ལྟར་ང་ཚོའི་ཇོ་ནང་པར་སྤྱི་འཐུས་ཤིག་རག་པར་རྒྱབ་སྐྱོར་བྱེད་དགོས་པ་རེད།
ས་ཇོ་རྩོད་དགོས་དོན་གང་ཡང་མི་འདུག མདོར་བསྡུས་ན་ཇོ་ནང་བ་ལ་སྤྱི་འཐུས་ཤིག་གནང་བཞག་ན་འགྲིག་གི་རེད། ཇོ་ནང་བའི་བསྟན་པ་ལ་སྤྱི་འཐུས་མེད་ནས་འཐུས་ཤོར་ཆེན་པོ་སོང་ཡོད་པ་འདྲ། ད་ལྟའི་ཆར་ཇོ་ནང་དགོན་པ་སིམ་ལ་རུ་ཡོད་པ་དེ་རུ་བལ་བོའི་ཕྲུ་གུ་སུམ་ཅུ་བཞི་བཅུ་ཞིག་ཡོད་པ་རེད། དེ་དག་ལའང་ཇོ་ནང་བ་ལ་སྤྱི་འཐུས་ཤིག་རེག་སོང་ན་ཁྱད་པར་ངེས་ཅན་ཡོད་པ་འདྲ། ང་ཚོ་མགོ་ལོག་པའི་གྲྭ་བ་ཁ་ཤས་སིམ་ལ་དགོན་པ་རུ་ཡོད་པ་རེད་དེ། ཚང་མ་སྤྲུལ་སྐུ་བཟོ་རྒྱུའི་འབད་བརྩོན་ལ་གཡེང་ནས་ཐོས་བསམ་སློབ་གཉེར་བྱེད་རྒྱུའི་དུས་ཚོད་ཡོད་པ་མ་རེད། རྔ་བའི་གྲྭ་བ་ཁ་ཤས་ཡོད་པ་རེད་དེ་ཚོང་ལ་གཡེང་ནས་སློབ་གཉེར་བྱེད་ཁོམ་ཡོད་པ་མ་རེད། བཙན་བྱོལ་ནང་ཇོ་ནང་བའི་མ་འོངས་པའི་རེ་བ་དེ་ནེ་ཕྲུག་ཆུང་ཆུང་དེ་ཚོ་ལ་བཅོལ་དགོས་པ་རེད། མཁན་པོ་ཆོས་སྣང་སྤྱིར་གཉོམ་ཆུང་ཚུལ་མཐུན་ཞིག་གྲྭ་བ་ཡག་པོ་ཞིག་ཡིན་བསམ་གི་ཡོད་མོད། ད་ལོ་ཇོ་ནང་སྨོན་ལམ་ཆེན་མོའི་དྲན་དེབ་ཅེས་པ་ཞིག་བཀྲམ་འདུག དེའི་སློབ་སྟོན་པ་ཁོ་རང་རེད་འདུག དེའི་ནང་དུ་ཁོང་ལ་སྐྱབས་རྗེ་རྡོ་རྗེ་འཆང་མཁན་རབས་དང་པོ་ཁྲི་རབས་དང་པོ་གདན་རབས་དང་པོ་སྤྲུལ་སྐུ་སོགས་མཚན་གྱི་ཆེ་བསྟོད་ཧ་ཅང་མང་པོ་ཞིག་བརྩེགས་ལུགས་ལ་བལྟས་ན་ཁོང་གིས་ཀྱང་ཇོ་ནང་བའི་བསྟན་པ་ལ་ཕན་ཐོགས་ཤིག་ཡོད་ས་མ་རེད། མགོ་ལོག་གི་སྤྲུལ་སྐུའི་ན་ཡམས་དེ་འགོས་ཚར་འདུག ཕལ་ཆེར་ཁོང་ཡང་དྲག་ཐབས་ཡོད་རྒྱུ་མ་རེད། ད་ཇོ་ནང་བ་ལ་སྤྱི་འཐུས་ཤིག་ཡོད་ན་ཕལ་ཆེན་ཕན་ཐོགས་ཆེན་པོ་ཞིག་ཡོང་རྒྱུ་ཡིན་པ་འདྲ། གང་ལྟར་ང་ཚོའི་ཇོ་ནང་བར་སྤྱི་འཐུས་ཤིག་རག་པར་རྒྱབ་སྐྱོར་བྱེད་དགོས་པ་རེད།
དགོངས་དག་ཉམས་མྱོང་གིས་མ་འདེང་བར་འགོད་ནོར་ཤོར་སོང༌། གླེང་སྟེགས་འདིར་བསུབ་ས་ནི་མི་འདུག དྲ་བདག་ཚོས་མཆན་གོང་མ་དེ་བསུབ་རོགས་ཞུ་གི་ཡོད། ཚར་གཉིས་བཀོད་པ་དེ་ནོར་བ་རེད།
དྲ་གྲོགས་བསོད་ཚེ་ལགས། ད་ང་ཚོ་ལ་སྤྱི་འཐུས་གསར་པ་ཞིག་དགོས་ས་རེད་དམ། བསམ་བློ་ཞིག་གཏོང་དང༌། ཁྱོད་ཀྱི་གསུང་པར་རྒྱབ་སྐྱོར་དང་ཡི་རང་ཡོད། བལ་ཕྲུག་དང་སོག་ཕྲུག་འགའ་ལས་བོད་མིའི་རྩ་དོན་ལ་ཕན་པའི་མི་ཡོད་པ་ཞིག་ངས་ཀྱང་མ་མཐོང༌། དེ་འདྲ་ཡིན་ན་ང་ཚོའི་སྤྱི་ཚོགས་ནང་ཁ་ཆེ་ཡང་མང་དག་ཡོད་པར་ཁོང་རྣམས་ལ་ཡང་དེ་བཞིན་གྱི་ཐོབ་ཐང་སྦྱིན་དགོས་པས། དེ་ལྟར་གྲུབ་ཐུབ་ཞིག་འདུག་གམ། དེ་བཞིན་ཡེ་ཤུ་ཡང་ཡོད་པ་མཁྱེན་གསལ་རེད། རྗེས་སུ་ཐུགས་ཆོག བསམ་བློ་གཏོང་རོགས།
ཆོས་དོན་ལས་ཁོངས་གི་བདག་དབང་འོག་། ཆོས་ལུགས་ཚང་མ་འདྲ་མཉམ་ཡིན་དགོས་པ་ལས་། ཆོས་ལུགས་པའི་མི་འབོར་གྱི་དབང་ཤུགས་ཀྱིས་། ཆོས་ལུགས་ལ་ཆད་པར་དབྱེ་ན་། རྒྱ་ཆེའི་མི་དམངས་མཐུན་འགྲུལ་གཏོར་ཤིགས་ཀྱི་རྒྱུ་རྐྱེན་གཙོ་བོ་ཆགས་རྒྱུ་ཡིན་པ་མ་སྲད་། འཛམ་གླིང་མི་དམངས་ཀྱི་མདུན་ཏུ་། འགྲོ་བ་མིའི་ཐོབ་ཐང་རྩོད་འཁན་དང་ལས་རྒྱུ་འབྲས་ཡི་ཆོས་བཤད་པ་རྣམ་གྱི་ངོ་ཚ་ཉོ་རྒྱུ་རེད་། །
ཇོ་ནང་ལ་སྤྱི་འཐུས་ཐོབ་ཐང་སྤྲད་ད་སྤྲད། དང་པོ་བཙན་བྱོལ་ནང་ཁྱེད་ཚོར་མི་གྲངས་ག་ཚོད་ཡོད་མེད་ཀྱི་གྲངས་འབོར་ཁྱེར་ཤོག གྲངས་འབོར་ཁ་ཆེ་དང་ཡེ་ཤེས་པ་ལས་མང་ང་ཡོད་ན་སྤྱི་འཐུས་ཀྱི་ཐོབ་ཐང་སྤྲད་ཆོག
ཡིན་ན་ཡང་། ལོ་རྗེས་མ་ནས་ཆོས་ལུགས་སྤྱི་འཐུས་ཚང་མ་བསྡུ་གསོག་རྒྱག་གི་ཡིན། དེ་ཚོ་རྙོག་དྲའི་ཁུག་སྣོད་ཐལ་བ་ཞིག་རེད།
ངས་བལྟས་ན་དམངས་གཙོའི་གཞུང་ཞིག་གི་ནང་མི་འབོར་མང་ཉུང་གི་ཐོག་ནས་ཐོབ་ཐང་སྤྲོད་རྒྱུ་ཞིག་གཏད་ནས་མ་རེད་སྙམ། གལ་ཏེ་ཡིན་ན་རྒྱ་གཞུང་ནས་ང་ཚོ་ལ་རང་དབང་གི་ཐོབ་ཐང་སོགས་སྤྲད་ཀྱི་མེད་པ་དེའང་རྒྱུ་མཚན་ལྡན་པ་ཞིག་རེད་དམ། དམངས་གཙོའི་གཞུང་ཞིག་ལ་མཚོན་ན་ཆོས་ལུགས་དང་ཆོལ་ཁ། གྲངས་མང་ཉུང་གི་དབྱེ་འབྱེད་རིགས་གཏད་ནས་མེད་པར་ཐོབ་ཐང་འདྲ་མཉམ་སྤྲད་དགོས་པ་དེ་འོས་འགན་གཙོ་བོ་ཞིག་རེད་སྙམ། མགོན་པོ་ཕྱག་གཉིས་པ་མཆོག་གིས་ཐག་གཅོད་གནང་སྟངས་ལ་བལྟས་ན་རྗེས་མའི་བཀའ་བློན་ཁྲི་བ་ཁོང་ཡིན་ས་རེད་དཱ། བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་དཱ། ཀུ་རེ་ཡིན། ཧ་ཧ་ཧ་ཧ་གཟིམ་རྒྱ་གནང་གོ།
ངས་དུས་ཚོད་རིང་པོ་ཞིག་བེད་སྤྱོད་བཏང་ནས་ཇོ་ས་གཉིས་ཀྱི་སྐོར་ལ་འདྲི་ཞིབ་བྱས་པ་ཡིན། དགའ་འོས་པའི་དོན་དག་ཞིག་རྙེད་པ་ནི། ས་སྐྱ་པ་སྤྱི་ཡོངས་ཀྱིས་ཇོ་ནང་ས་སྐྱའི་ཁུངས་རེད་ཟེར་གྱིན་མེད་པ་འདྲ། འོན་ཀྱང་ས་སྐྱའི་སྤྱི་འཐུས་ཀྱིས་སྒེར་གྱི་མཚན་ཐོག་ནས་རྩོམ་ཡིག་རེ་སྤེལ་ཡོད་མོད། དེ་ནི་གང་ཟག་སྒེར་གྱི་ལྟ་བ་ཡིན་ལ། ས་སྐྱ་པ་ཕལ་ཆེར་གྱིས་ཀྱང་ཁོང་སྒེར་གྱི་ལྟ་བར་གཟིགས་ཀྱིན་ཡོད་པ་འདྲ། དེ་བཞིན་ཇོ་ནང་པའི་གྲྭ་བཙུན་སྐོར་ཞིག་དང་གླེང་མོལ་བྱུང་། ཁོང་རྣམ་པས་ཀྱང་ཇོ་ནང་ས་སྐྱའི་ཁུངས་ཡིན་མིན་གྱི་དོགས་གཞི་སུ་ལ་ཡང་ཡོད་པ་མ་རེད། གལ་ཏེ་ས་སྐྱ་སྤྱིའི་ངོས་ནས་ཇོ་ནང་ས་སྐྱའི་ཁུངས་རེད་ཅེས་གསུང་པའི་དབང་དུ་བཏང་ན་ཡང་། དེ་ནི་འདས་མ་ད་གསུམ་ལ་མ་བྱུང་འབྱུང་མི་སྲིད་པ་ཞིག་རེད། རྒྱུ་མཚན་ཅི་ཡིན་མི་ཤེས་མོད། གཙོ་བོ་རང་གཞུང་གིས་ང་ཚོ་ཇོ་ནང་གཞི་བྱེས་གཉིས་ཀྱི་སྙན་ཞུ་ཁག་ལ་དོ་སྣང་ཤིག་གི་རིལ་མ་ཙམ་ཡང་གནང་གིན་མེད་པ་མ་ཟད། ད་དུང་ང་ཚོར་མཐོང་ཆུང་དང་ཐུབ་ཚོད་གནང་གིན་ཡོད་པའི་རྣམ་པ་ཡང་མངོན་གྱིན་འདུག གང་ལྟར་ངེད་ཚོའི་རེ་བ་ནི་ད་ནས་བཟུང་རང་གཞུང་གིས་ང་ཚོར་ཆོས་བརྒྱུད་ཀྱི་ཐོབ་ཐང་སྤྲད་ཀྱང་རུང་མ་སྤྲད་ཀྱང་རུང་། ཇོ་ས་གཉིས་ཀྱི་འབྲེལ་ལམ་སྔར་བཞིན་དམ་གཙང་ཡོང་བའི་རེ་བ་ཡོད་ལ། དེའི་ཆེད་ང་ཚོས་འབད་བརྩོན་ཀྱང་བྱེད་བཞིན་ཡོད། ད་ལོ་ཡང་བོད་དུ་ཇོ་ནང་ཀུན་ཕན་ལྷན་ཚོགས་འཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་ཡང་ཇོ་ནང་ཆོས་བརྒྱུད་ཀྱི་ཐོབ་ཐང་སྐོར་ཡང་གླེང་སློང་གནང་འདུག་མོད། ཚོགས་ཞུགས་པ་ཕལ་ཆེར་གྱིས། ད་ནི་ང་ཚོས་རྒྱ་གར་གྱི་བཙན་བྱོལ་བོད་གཞུང་ལ་རེ་སྐུལ་མི་བྱེད་ཐག་གཅོད་ཡིན། ༧གོང་ས་མཆོག་གིས་ང་ཚོར་བརྩེ་གཟིགས་གནང་གིན་ཡོད་པ་ལས། གཞུང་རང་གི་ངོས་ནས་ང་ཚོར་སྣང་མེད་བྱས་པར་གྲངས་ཀ་མེད་ཅེས་བློ་ཕམ་དང་ཡིད་ཆད་ཁོ་ན་གསུང་གིན་འདུག་ཞེས་གསུངས་བྱུང་།
དེ་འདྲ་ཡིན་དུས་ངས་འདིར་སྐལ་བ་མེད་སར་སྐེ་བསྲིང་ནས་བཤད་དོན་གཙོ་བོ། ཇོ་ས་གཉིས་ཀྱིས་སྔར་བཞིན་དམ་གཙང་རྡོག་རྩ་གཅིག་སྒྲིལ་གྱིས། རྒྱལ་བསྟན་སྤྱི་དང་བྱེ་བྲག་ཇོ་ས་གཉིས་ཀྱི་བསྟན་རྒྱུན་མི་ཉམས་རྒྱུན་འཛིན་ཐོག་ཤུགས་སྣོན་གནང་རྒྱུའི་གསོལ་འདེབས་སྙིང་ནས་ཞུ་བ་ཡིན། དེ་བཞིན་བཙན་བྱོལ་གཞུང་གི་ངོས་ནས་ཀྱང་། ཇོ་ནང་པར་ཆོས་བརྒྱུད་ཀྱི་ཐོབ་ཐང་གནང་ན་ཕན་ལས་གནོད་པ་ཆེ་བ་ཞིག་ཏུ་གཟིགས་ཀྱིན་མེད་ན། ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་ན་མི་ལེགས་སམ། ད་ལྟའི་བོད་མིའི་དཀའ་སྡུག་གི་གནས་སྟངས་འདི་འདྲའི་འོག་ཏུ་གཞུང་དམངས་དམ་ཚིག་མཐུན་རྒྱུ་གལ་ཆེ་ལ། ལྷག་པར་དུ་གཞི་བྱེས་གཉིས་ཀྱི་མཐུན་ལམ་དེ་བས་ཀྱང་གལ་ཆེ་བས། རང་གཞུང་གིས་ཐུགས་དགོངས་བཞེས་ཕྱོགས་མ་ནོར་བ་གནང་རྒྱུ་ཤིན་ཏུ་གལ་ཆེ་བས་ཅིས་ཀྱང་ཐུགས་ཞིབ་གནང་རོགས་ཞེས་ཞུ་འདོད་བྱུང་།
དངོས་གནས་བཤད་ན་ཇོ་ནང་ལ་ཆོས་བརྒྱུད་ཐོབ་ཐང་སྤྲད་གི་རེད། མང་གཙོའི་གཞུང་ཡིན།
སྤྱི་མཐུས་ཕྱོགས་ནས་དེ་ཟིག་འགོ་ན་གི་རེད། སྐུ་ངོ་འགའ་ལ་ལྟ་ཚུལ་ཆེ།
ས་སྐྱའི་ཕྱོགས་ནས་གནོད་པ་མེད། ཆོ་འཕྲུལ་ཡིན།
གང་ལྟར་གོང་དུ་ཕུལ་བའི་སྙན་ཞུར་རྒྱབ་སྐྱོར་ཡོད། དངོས་གནས་ཡིན།
ནུའུ་ཟུ་ལན་ནས་ཕུལ།
བོད་ཀྱི་ཆོས་བརྒྱུད་ཡིན་ན་ཆོས་བརྒྱུད་ཆེན་པོ་བཞི་ཁོ་ན་ཡིན་དགོས་ངེས་ཀྱི་ཁྲིམས་ཡིག་སྐོར་སྤྱི་མཐུས་ལ་དྲི་བ་རླུང་འཕྲིན་བརྒྱུད་འདོན་གི་ཡིན། དེ་ལུགས་མཛོད་བོད་ཡུལ་ནས་བྲིས།
༧རྒྱལ་དབང་རིན་པོ་ཆེ་དང་༧ཀརྨ་པ་ ༧ གོང་མ་རིན་པོ་ཆེ་སོགས་ཆོས་བརྒྱུད་དབུ་ཁྲིད་ཚོའི་རྒྱབ་སྐྱོར་ཡོད་ཚོད་རེད།
ས་སྐྱ་སྤྱི་ཡོངས་ཀྱིས་ཇོ་ནང་ས་སྐྱའི་ཁུངས་ཡིན་ཟེར་གི་མེད་པ་འདྲ། སྤྱི་མཐུས་སྒེར་ཐོག་ནས་རྩོམ་ཡིག་རེ་སྤེལ་ཡོད་དེ་ལ་གནད་དོན་ཅི་ཡོད། རྨྲ་བརྗོད་རང་དབང་ཡིན། གཙོ་བོ་སྤྱི་མཐུས་སྐོར་ཧ་ཅང་་་་་་་་་་་་་་་་་་་་་་་ཆེ་གི་་་་་་་་་་་་་་་་་
འདི་འདྲ་བྱུང་ན་ཡག་པོ་མེད། ང་ཚོ་གཞེས་ལུས་པ་ཚོའི་བཙན་བྱོལ་གཞུང་དེ་འདྲ་ཡིན་པ་ཧ་གོ་མེད།
མ་གཞི་སྔོན་ནས་བོད་ལ་འདི་འདྲ་བྱུང་སྐྱེན་་་་་་་་་་་་་་་་་་་་་
བླ་རུང་སློབ་གླིང་ནས་བྲིས།
ང་ཚོ་མི་འགོ་༢༧ནས་བསམ་འཆར་བཏོན་པ་ཡིན། གསེར་རྟ་སློབ་གླིང་ན་བོད་ཀྱི་ཆོས་བརྒྱུད་ལྔའི་སློབ་གཉེར་བ་ཡོད་ལ་ཧ་ཅང་འགྲིགས་མཐུན་ཡིན། ཇོ་ནང་རི་ཆོས་༧མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ནས་ཁྲིད་གི་ཡོད།
བཙན་བྱོལ་གཞུང་ནས་འདི་དོན་མགྱོགས་མྱུར་ངང་བཀོད་སྒྲིགས་བྱེད་རོགས་ཞུ།
བོད་ནང་ནས་གླེང་སློངས་ཧ་ཅང་ཆེ།
ང་ནི་བླ་བྲང་གི་ཡིན།
འཇིག་རྟེན་འདིར་མི་ཡི་བསམ་ཚུལ་མི་གཅིག་པ་ལ་བརྟེན་ནས་སངས་རྒྱས་ཀྱིས་ཆོས་ཚུལ་མི་འདྲ་བ་དུ་མ་ཞིག་གསུངས་པ་བཞིན་རང་རེ་བོད་འདིར་ཡང་ཆོས་ཚུལ་གཅིག་གིས་ཀུན་ལ་ཕན་བདེ་སྐྲུན་མི་ཐུབ་པར་དགོངས་ཏེ་རྒྱལ་བ་གོང་མ་དག་གིས་ཆོས་ཚུལ་མི་འདྲ་བ་གསུངས་པ་དེ་དག་བོད་གཞུང་གིས་ངོས་མ་བྱེད་ན་ཆོས་དད་རང་མོས་ཟེར་བ་གཏོང་གཏམ་མ་ཡིན་ནམ།
སྤྱིར་བོད་གཞུང་འདིར་དགེ་ལུགས་ལ་ཞེན་རྒོག་ཆེ་བས་ཆོས་ལུགས་རེ་རེ་ཡང་མེད་ན་དགའ།
སྔོན་བོད་ཀྱི་ཆོས་ལུགས་ཚང་མ་དགེ་ལུགས་ལ་བསྒྱུར་རྒྱུའི་ཐབས་ཤེས་རྩལ་དགུ་སྟོན་ཡོད་ཀྱང་བསྒྱུར་མ་ཐུབ་ནས་ས་གནས་ཀྱི་བྱང་སེམས་ཁ་ཤེས་ཀྱི་སྐུ་སྲོག་འཕྲོག་ཡོད།
ད་ནས་བཟུང་བོད་འདིར་ཆོས་ལུགས་གང་ཡོད་པ་དེ་དག་ལ་གཏོར་གཤིགས་གཏང་བ་དང་གཞན་གྱི་ཆོས་ལུགས་བསྒྱུར་བ་སོགས་བྱུང་ན་སུ་འདྲ་ཡིན་ཀྱང་དངོས་ཤུགས་རྒྱུད་གསུམ་གྱིས་གདོང་ལེན་བྱེད་རྒྱུ་ཡིན།