ལིག་ཞོ་པོ་ཡིས་བརྩམས། ཚེ་རིང་རྡོ་རྗེས་བསྒྱུུར།
མའོ་ཡི་དུས་སྐབས་ཕྱི་མའི་ཀྲུང་གུང་སྲིད་དབང་ནི་སྔར་བཞིན་དུ་སྒེར་གཅོད་ཡིན་ཡང་། སྨྱོ་རྟགས་དེ་ཙམ་མེད་པའི་སྒེར་གཅོད་བློ་རིག་ཅན་དུ་སོང་བས་ཁེ་ཕན་སྡོམ་རྩིས་ལ་ཇེ་བྱང་ནས་ཇེ་བྱང་ཡིན། ལྷག་པར་དུ་དྲུག་བཞིའི་དམར་གསོད་ཆེན་མོའི་རྗེས་སུ། ཀྲུང་གུང་གིས་འབད་པ་གང་འདྲ་བྱས་ཀྱང་རང་གི་ལྟ་གྲུབ་འདུ་ཤེས་ཐོལ་རྒྱག་གིས་ཉམས་རྒུད་འགྲོ་བ་བསྟུངས་ཐབས་མ་རྙེད། དེའི་ཁར་བཅོས་སྒྱུར་རྐང་གྱོལ་ལས་བྱུང་བའི་ཁེ་ཕན་ཁོ་ན་དོན་གཉེར་དང་། ཀུན་ཁྱབ་རུལ་སུངས། དབུལ་ཕྱུག་མཐའ་གཉིས་སུ་ཆད་པ་ལ་སོགས་པའི་རྐྱེན་གྱིས། ཀྲུང་གུང་སྲིད་དབང་གི་ཁྲིམས་མཐུན་ངོ་བོ་ལ་ཁ་བའི་རྗེས་སུ་བད་ཆགས་པ་ལྟར་གྱི་འཇིག་ཉེན་བྱུང་། ཀྲུང་གུང་གིས་ཐ་ན་སྒེར་གཅོད་ཅན་གྱི་མི་རིགས་རིང་ལུགས་རྒྱུད་སྐུལ་བྱས་ཀྱང་དོན་ངོ་མར་དམངས་སེམས་གཅིག་ཏུ་བསྡུ་མ་ཐུབ། དེའི་ཕྱིར། ཀྲུང་གུང་གི་སྲིད་དབང་རྒྱུན་སྐྱོང་ཐབས་གཙོ་བོ་ནི་དཔལ་འབྱོར་འཕེལ་ཚད་མཐོན་པོ་དང་ཁེ་ཕན་ལྐོག་སླུ་ལ་སྐྱབས་སུ་མཆི་བ་ཙམ་ཡིན། རྒུད་མཐར་ལྷུང་བའི་གོང་མའི་སྒེར་འཛིན་སྲོལ་རྒྱུན་དང་དངུལ་དད་རིང་ལུགས་ཁོག་རུལ་གཉིས་ནི་འཆི་ཁའི་ཀྲུང་གུང་སྒེར་གཅོད་དང་ཟུང་དུ་འབྲེལ་ཏེ། འཕྲོག་བཅོམ་གྱི་རྣམ་པ་ལྡན་པའི་མ་རྩ་རིང་ལུགས་སྡུག་ཤོས་དང་ད་ཡོད་ཀྱི་དབང་སྒྱུར་རྣམ་པ་སྐྱ་བོ་རུ་འཕེལ་འགྱུར་བྱུང་། མཐར་སོན་པའི་གོ་སྐབས་རིང་ལུགས་ཀྱི་དབང་སྒྱུར་དེས་ཀྱང་དེང་གི་ཀྲུང་གུང་སྒེར་གཅོད་ལ་རབ་རིབ་དང་ངོས་མང་པའི་ཁྱད་ཆོས་བཏོད།
ཀྲུང་གུང་གི་ནང་ཁུལ་དྲིལ་བསྒྲགས་ནི་སྐད་གདངས་མཐོན་པོའི་སྒྲོག་སྦྱང་ཡིན་ལ། སྐད་གདངས་དམའ་བའི་ཁ་ཏ་བསླབ་བྱ་ཡང་ཡིན། བར་མཚམས་ཅན་གྱི་ལས་འགུལ་ཡིན་ལ་ཉིན་རྒྱུན་གྱི་ཆོས་བཤད་ཀྱང་ཡིན། དམིགས་བསལ་གྱི་ཚོགས་ཆེན་གཟེངས་བསྟོད་ཆོ་ག་ཡིན་ལ་ཡོངས་ཁྱབ་ཀྱི་སྐྱིད་སྡུག་འཚམ་འདྲི་ཡང་ཡིན། ལོངས་སྤྱོད་སྤྲོ་སྐྱིད་ཡིན་ལ་བློ་འབྲིད་མགོ་སྐོར་ཡང་ཡིན། བཙན་ཤེད་ཅན་གྱི་གཞིའི་དབྱངས་རྟ་ཡིན་ལ་སྟབས་བསྟུན་གྱི་མང་ཚོགས་རིག་གནས་ཀྱང་ཡིན། བཙན་ཚུགས་ཀྱི་བརྗེད་ངེས་ཡིན་ལ་སྤྲོ་སྐྱིད་ལ་འཐོམས་པའི་བརྗེད་ངེས་ཀྱང་ཡིན། ད་ལྟའི་ཀྲུང་གུང་སྲིད་དབང་གིས་མི་སྒེར་གྱི་ཁེ་ཕན་གོ་རྟོགས་དང་དམངས་ཁྲོད་ཀྱི་དབང་ཆའི་གོ་རྟོགས་སད་དང་སད་བཞིན་པའི་ཀྲུང་གོ་ལ་མཚོན་ན། ཁེ་ཕན་མ་གཏོགས་གཞན་ཐམས་ཅད་རྫུན་ཡིན་པ་དེ་ཤེས། དེར་བརྟེན། དྲུག་བཞིའི་དོན་རྐྱེན་གྱི་རྗེས་སུ། ཀྲུང་གུང་སྲིད་དབང་གིས་ཤུགས་ཆེན་པོ་བཏོན་ཏེ་ཁེ་ཕན་གྱིས་ལྐོག་སླུ་བྱ་ཡུལ་ཐོག་མ་ནི། སྲིད་དབང་བསྟན་བརླིང་ལ་གནད་འགག་གི་ནུས་པ་ཐོན་པའི་ལྟེ་བའི་གྲོང་ཁྱེར་དང་སྡེ་ཚན་སོ་སོའི་ཤེས་ཡོན་པ་ཡིན། ཀྲུང་གུང་གིས་དབང་བསྒྱུར་བྱ་ཡུལ་གྱི་མི་ཚོར་སྲིད་དབང་ལ་བློ་དཀར་དགོས་པའི་རེ་བ་འདོན་ནའང་། འདི་ནི་མའོ་ཡི་རྣམ་པའི་སྲིད་དབང་གཅིག་སྡུད་ཀྱི་དུས་སྐབས་དང་བསྡུར་ན་སྐད་གདངས་དམའ་ལ་དངོས་ཕན་ཡིན། རང་ཉིད་ལ་མི་རྣམས་ཀྱི་སེམས་བསམ་པའི་རྒྱབ་སྐྱོར་དང་བསྟོད་བསྔགས་རག་ཐབས་མེད་ཟིན་པ་ཀྲུང་གུང་གིས་ཧ་གོ་བས། ཐད་ཀར་བློ་དཀར་དགོས་པའི་ཚད་གཞི་མར་ཕབ། ཚད་གཞི་དེ་མི་གཤིས་རྒྱུ་འབྲས་ཀྱི་མན་དུ་ཕབ་པ་དང་མི་ཆོས་ཁྱད་གསོད་ཀྱི་བལྟ་སྟངས་འབའ་ཞིག་འདོད་པ་སྟེ། རང་འདོད་མིན་བཞིན་དུ་ཀྲུང་གུང་ལ་རྒྱབ་སྐྱོར་དང་བསྟོད་བསྔགས་བྱ་དགོས་པ་དེ་ཡིན། འདི་ནི་མི་གཤིས་ཀྱི་ངན་པའི་ཆ་སྐུལ་སློང་དང་རྒྱ་ཡན་དུ་གཏོང་བ་དང་མཚུངས་ཏེ། རང་སེམས་ཀྱི་རྒྱུ་འབྲས་ལ་རྫུན་བཤད་དགོས་པ་ཡིན།
ཀྲུང་གུང་གིས་ལྟ་བ་མི་མཐུན་པའི་ཆབ་སྲིད་སྟོབས་ཤུགས་ཀྱི་མགོ་གནོན་སྟངས་ནི། རྗེས་འདེད་དང་ལྐོག་ཉན་དང་བཙོན་འཇུག་ཡིན་ལ། ཁེ་ཕན་གྱིས་ལྐོག་སླུ་དང་ཞེད་སྣང་གིས་དབང་དུ་བསྡུ་བའང་ཡིན། ཁྲིམས་ངན་པ་དང་སྒྲིག་སྲོལ་ཐབས་ཆག་ཡིན་ལ་བར་སྟོང་སྐྱ་བོ་ཡང་ཡིན། སྲིད་དབང་རང་བཞིན་གྱི་སྒེར་གཅོད་ཡིན་ལ་སྤྱི་ཚོགས་ནག་པོའི་རང་བཞིན་ཅན་གྱི་དྲག་སྤྱོད་ཀྱང་ཡིན། ཡོངས་གྲགས་ཀྱི་སྐྱོན་བརྗོད་ཡིན་ལ་གསང་བའི་དག་ཐེར་ཡང་ཡིན། བྱེད་ཐབས་བཙན་པོ་ཡིན་ལ་ངོ་སྲུང་བློ་འགུག་ཀྱང་ཡིན་༼ལྟ་བ་མི་མཐུན་པའི་མི་སྣར་ལྟ་རྟོག་གི་འགན་འཁུར་བའི་ཉེན་རྟོག་པ་ཚོས་རྒྱུན་དུ་*གྲོགས་པོ་ཞིག་སྒྲིག*་ཟེར་བའི་བཤད་སྟངས་ཀྱིས་ཁ་བརྡ་བྱེད་པ་ཡིན༽། ཐ་ན་གཉའ་མི་ཆག་པའི་ངོ་རྒོལ་བ་རྣམས་ལ་དག་ཐེར་བྱེད་སྐབས། ཉེན་རྟོག་པ་ཚོས་རང་ཉིད་ལ་ཁག་མེད་ཚུལ་བརྗོད་སའི་སྟོང་ཆ་ཞིག་འཇོག་པ་སྟེ། ལྟ་གྲུབ་འདུ་ཤེས་ཀྱི་ཁ་ཚིག་མཐོན་པོ་སྒྲོག་པ་བཞག་སྟེ་འཚོ་རྟེན་གྱི་གཞུང་ལུགས་བསྣམས་ནས་ཉེན་རྟོག་པའི་ལས་ཀར་ཉེས་འགེབ་བྱེད་པ་ཡིན། ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་འཛིན་པའི་མི་སྣ་ལ་དྲག་གནོན་བྱེད་པའི་ཚེ། དྲང་བདེན་བཟང་སྤྱོད་ཀྱི་འགུག་ཤུགས་ལྡན་ཞིང་རྒྱལ་སྤྱིར་གྲགས་པའི་དམངས་ཁྲོད་དཔའ་བོ་སྐྱེད་པར་གཡོལ་ཅི་ཐུབ་བྱེད་པ་ཡིན། ཀྲུང་གུང་གིས་ལྟ་བ་མི་མཐུན་པའི་མི་སྣ་གྲགས་ཅན་འུ་ཐུག་གིས་སྐྱབས་བཅོལ་དུ་འགྲོ་རུ་བཅུག་སྟེ་མདའ་གཅིག་གིས་གླ་བ་གཉིས་སོད་པའི་ནུས་པ་འདོན་པ་བསླབས་ནས་ཤེས་པ་ནི་འདི་ལྟ་སྟེ། དེ་ལ་འཚོ་བའི་ལམ་ཁ་ཞིག་བཏོན་ནས་རྒྱལ་སྤྱིའི་རྒྱུགས་ཆེ་བའི་སྤྱི་ཚོགས་ཀྱི་ངོ་སྲུང་བའི་ཞོར་དུ། ཁ་ཐུག་ཏུ་ཡོད་པའི་ཆབ་སྲིད་ཀྱི་འགྲན་ཡ་དེའང་རང་ཤུགས་ཀྱིས་གཙང་སེལ་འབྱུང་། རྒྱལ་ནང་མང་ཚོགས་ཁྲོད་དུ་ལྟ་བ་མི་མཐུན་པའི་མི་སྣའི་དྲང་བདེན་གྱི་སྣང་བརྙན་ལ་དམའ་འབེབ་དང་ཉམས་རྒུད་ཐེབས། ཐབས་འདི་ལ་བརྟེན་ནས་དམངས་ཁྲོད་ངོ་རྒོལ་སྟོབས་ཤུགས་ཀྱི་སྤྱི་ཚོགས་འདུ་བྱེད་ཀྱི་ནུས་པ་དང་སྒུལ་ཤུགས་ཉམས་དམས་སུ་གཏོང་བ་ཡིན། ཉན་འཕྲང་ཅན་གྱི་དུས་ལ་འཕྲད་པའམ་དབང་ཆ་འཇིག་པར་དངངས་སྐྲག་ཚད་ལས་འདས་པ་བྱུང་ན་སྨྱོ་ཧམ་གྱི་ཐབས་ཇུས་འདོན་པ་མ་གཏོགས། གཞན་ཀྲུང་གུང་གིས་ལས་འགུལ་གྱི་རྣམ་པ་ཡོངས་གྲགས་ཅན་ལག་བསྟར་བྱེད་རྒྱུ་ཇེ་ཉུང་ནས་ཇེ་ཉུང་ཡིན་པ་དང་། དེ་ལས་ལྡོག་སྟེ་ལྐོག་གཡོ་དང་ཀྱག་ཀྱོག་ཡིན་ཞིང་ཐ་ན་ཚོར་རྟོགས་དཀའ་བའི་དག་ཐེར་བྱ་སྟངས་རིགས་བེད་སྤྱོད་པ་ཡིན། ཀྲུང་གུང་གིས་གསང་བ་ཡིན་ལ་རེ་རེ་བཞིན་འཐོར་ཞིག་ཏུ་གཏོང་ཐུབ་པའི་བྱ་ཐབས་ལག་ལེན་བྱེད་པ་དང་། དམངས་ཁྲོད་ཀྱི་ཁ་གཏད་རྣམས་ཅི་ནུས་ཀྱིས་ཁ་རོག་གེར་འབུར་འཇོམས་བྱེད་པར་འདོད། བརྡ་འཕྲིན་བཀག་སྡོམ་གྱི་ཐབས་ལ་བརྟེན་ནས་དྲག་གནོན་ལས་མཆེད་པའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་ཇི་ཐུབ་དང་།ཀྲུང་གོ་སྐམ་ས་ཆེན་མོའི་ལྟ་བ་མི་མཐུན་པའི་མི་སྣ་ནི་རང་ཡུལ་ལས་ཡུལ་གྲུ་གཞན་ན་གྲགས་ཆེ་བའི་འགལ་ཟླ་ཡི་གནས་སུ་འཕེན་པ་ཡིན། ལྟ་བ་མི་མཐུན་པའི་མི་སྣ་དེ་དག་ནི་རྒྱལ་སྤྱིའི་སྟེང་ན་མིང་གྲགས་ཤིན་ཏུ་ཆེ་ཡང་། རང་ས་རང་ཡུལ་ན་མང་ཚོགས་རང་བཞིན་གྱི་གྲགས་སྐད་མེད་པར་འཁོར་རྒྱ་ཆུང་ཆུང་ནང་ན་མིང་དུ་གྲགས་པའི་མི་སྣ་ཙམ་ཡིན།
ཀྲུང་གུང་གིས་ཁེ་ཕན་ལག་ཏུ་ཆུད་པའི་༼མཆན། དཔོན་པོ་དང་ཚོང་པར་གོ་དགོས༽གནས་རིམ་ཅན་ལ་ཡང་བློ་བདེ་རྐྱང་མི་བྱེད་པ་དང་། དེ་ཚོར་སྲུང་སྐྱོབ་དང་རྒྱ་ཡན་དུ་གཏོང་ལ། དོགས་ཟོན་དང་ཚོད་འཛིན་ཡང་བྱེད་པ་ཡིན། སྒེར་གཅོད་སྲིད་དབང་དེས་བསམ་བཞིན་དུ་རབ་རིབ་དང་སྟབས་བསྟུན་གྱི་སྒྲིག་སྲོལ་སྐྱ་བོ་ཞིག་གི་རྒྱུན་སྐྱོང་བར་བྱེད། རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བ་འུར་སྒྲོག་བྱེད་ལ། དོན་ངོ་མའི་དབང་ཤེད་ཀྱིས་སྐྱོང་བ་ཡང་བརྩོན་ལེན་བྱེད་པ་ཡིན། དབང་དྲག་ཅན་ཚོ་དང་ཤེས་ལྡན་པ་ཚོར་རྒྱུ་ཐོག་ཏུ་བརྒྱབ་ཏེ་ཕྱུག་པོར་ཆགས་པར་སྐུལ་བ་བྱེད་ལ། ཁེ་ཕན་ལག་ཏུ་ཆུད་པའི་མི་ཡོད་ཚད་ཀྱི་མ་རྩ་གསོག་འཇོག་ལ་ཐོག་མ་ནས་ཡོད་པའི་ཉེས་པ་ལྕི་མོ་ཡང་འདོགས་པ་ཡིན། དཔོན་པོ་རེ་རེས་དབང་ཆར་བརྟེན་ནས་སྒེར་དོན་སྒྲུབ་པ་དང་། ཚོང་པ་རེ་རེས་ལྐོན་བརྔན་འབུལ་བ་དང་ཁྲལ་སྐུང་ཁྲལ་ཆད་བྱེད་པ། ཤེས་ཡོན་པ་རེ་རེས་དབང་དྲག་ཅན་ལ་རྒྱབ་རྟེན་བཅོལ་བ། ཕྱུག་པོ་ཚོས་རྒྱུ་ནོར་སྐར་མ་གང་ཙམ་བསགས་པ་ཡང་མི་གཙང་བར་བྱེད་པ་ཡིན། སྒེར་གཅོད་པའི་ལག་ཏུ་མི་གང་རུང་ལ་དུས་ངེས་མེད་དུ་ནག་འདེད་བྱ་ཆོག་པའི་འཆང་ས་ཞིག་ཡོད་པ་ན། ཁ་སང་མཉམ་དུ་བུ་མོར་རྩེ་བའི་དུས་སུ་སྤུན་ཟླ་ཟེར་ཡང་། དེ་རིང་བཀག་ཉར་དབང་ཡིག་སྟོན་སྲིད་པ་ཡིན། སྔ་དྲོ་སྒེར་གྱི་རྒྱུ་ནོར་སྒོར་དུང་ཕྱུར་ཁྲི་ཡི་བདག་པོར་གྱུར་བའི་ཁེ་ལས་པ་དཔེ་ལེགས་ཅན་ཡིན་པ་དང་། གོ་ས་མཐོ་བའི་དཔོན་པོ་ཞིག་དང་ལྷན་དུ་དར་ཚོན་གཅོད་པའི་མཛད་སྒོར་ཞུགས་པ་ལ། ཕྱི་དྲོ་ཅི་ཡང་མེད་པའི་དཔལ་འབྱོར་ཉེས་ཅན་ཆགས་པ་དང་སྤྱི་ཚོགས་ཡོངས་ཀྱི་མཆིལ་ཞགས་ཐེབས་སྲིད། སྔ་ལོའི་དུས་ན་མི་ཀུན་ཡིད་སྨོན་ཤོར་སའི་འཁྲབ་སྟོན་པ་ཞིག་ཡིན་པ་ལ། ད་ལོའི་དུས་སུ་རྒྱལ་ཡོངས་ལ་གྲགས་པའི་བཙོན་པར་འགྱུར་སྲིད། དུས་སྔ་མ་དེར་ད་དུང་སྟེགས་བུའི་ཐོག་ན་*མཚོན་བྱེད་གསུམ་གྱི་དགོངས་པའི་* ་སྐུལ་སློང་སྙན་ཞུ་འབུལ་བ་ཞིག་ཡིན་པ་ལ། དུས་ཕྱི་མ་དེ་ལ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་དཔྱོད་ལྷན་ཁང་གིས་དམིགས་བསལ་ཞིབ་དཔྱོད་བྱ་ཡུལ་དུ་འགྱུར་སྲིད་པ་ལྟ་བུ་སོགས་ཡོད། ཁྲིམས་འགལ་གྱིས་རྒྱུ་ནོར་སྒྲུབ་པ་ཡོངས་ཁྱབ་ཏུ་སོང་ཟིན་པའི་དོན་དངོས་དེའི་མདུན་དུ། ཀྲུང་གུང་གིས་ཁྲིམས་སྲོལ་སྔར་བས་མང་བ་ཟམ་མི་ཆད་པར་བཟོ་བ་དང་། ལྐོ་ཟ་རུལ་སུངས་འགོག་པ་དང་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་དགོས་ཚུལ་བར་མི་ཆད་པར་ནན་བརྗོད་བྱེད་ནའང་། ཁྲིམས་ཡོད་ཀྱང་མི་བསྟུན་པ། ཁྲིམས་འཆའ་ཡང་ནན་པོ་མིན་པ། ཁྲིམས་བཟུང་ཡང་ཁྲིམས་འགལ་བྱེད་པ་སོགས་ཀྱི་བྱ་སྤྱོད་རིགས་ནམ་ཡང་རྒྱ་ཡན་དུ་གཏོང་བ་ཡིན། མའོ་ཡི་དུས་སྐབས་ཕྱི་མའི་སྲིད་དབང་དེ་ལྟ་གྲུབ་འདུ་ཤེས་སྟེང་གི་དཀར་ནག་འབྱེད་པ་ལ་སྔར་ནས་མི་དགའ། འོན་ཀྱང་དེང་རབས་དཔལ་ཡོན་ལས་བྱུང་བའི་དབང་ཆའི་ཚད་གཞི་ལ་དེ་ལས་ཀྱང་མི་དགའ་བར། ལྟ་གྲུབ་འདུ་ཤེས་ཐད་ནས་རྩོད་གླེང་མི་བྱེད་པ་དང་། ཁྲིམས་ལུགས་མག་མོག་དང་ཁྲིམས་གང་འདོད་དུ་ལག་ལེན་བྱེད་པ་བཅས་ལ་ཡིད་མགུ་བ་ཡིན། དབང་སྒྱུར་རིམ་པ་མཐོན་པོའི་ངོས་ནས་བརྗོད་ན། འདི་ནི་དབང་རྩོད་ཛ་དྲག་གི་ཁྲོད་དུ་དབང་དྲག་ཅན་ཡོད་ཚད་ལ་འཇིགས་སྐུལ་བྱེད་ཀྱི་མཚོན་རྣོན་པོ་བཟང་ཤོས་ཡིན། དེས་དཔོན་པོ་དང་ཕྱུག་པོ་ཚོ་སྤ་བཀོང་དུ་བཅུག་སྟེ་རང་ཉིད་ལ་བློ་དཀར་ཧུར་ཐག་བྱ་རུ་འཇུག་ཆོག་པ་དང་། མ་མཐར་རང་ཉིད་ཀྱི་ཆེ་མཐོའི་དབང་ཆ་ལ་ཞི་འཇམ་གྱི་གླགས་ཕྲ་མོ་ཙམ་ཡང་འཚོལ་མི་ཕོད་པ་བཟོ་ཆོག ཁྲིམས་ལག་ལེན་བྱེད་པའི་དཔོན་པོ་བྱེ་བྲག་པའི་ངོས་ནས་བརྗོད་ན། ཁེ་ཕན་གྱིས་ཁ་ལོ་སྒྱུར་བའི་སྟབས་ཀྱིས་ཁོ་ཚོ་དབང་སྒྱུར་སྐྱ་བོ་འདི་ལྟ་བུར་ཤིན་ཏུ་དགའ། རྒྱུ་མཚན་ནི་འདིས་ཁོ་ཚོའི་ཁྲིམས་འགལ་གྱིས་གསོག་པའི་ལྐོག་ནོར་ལ་རིན་གོང་སྒྲིག་པའི་བར་སྟོང་མཆོག་ཏུ་གྱུར་བ་འདོན་ཐུབ། ཚོད་འཛིན་ཐབས་ཇུས་འདི་འདྲ་བ་ནི་ད་ཆར་ཚོང་གཉེར་ལ་ཞུགས་ཟིན་པའི་ལྟ་བ་མི་མཐུན་པའི་ཤེས་ཡོན་པ་སྔོན་མ་ཚོ་ལ་ཡང་བཀོལ་ཏེ། ཁོ་ཚོར་འཚོ་རྟེན་གྱི་ལམ་ཁ་སྟེར་བའི་མོད་ལ་ཉེས་འགེལ་བྱ་ཆོག་པའི་འཆང་ས་ཞིག་ཀྱང་རང་ལག་ཏུ་བཟུང་། མི་འདི་རྣམས་དམངས་ཁྲོད་ངོ་རྒོལ་ཕྱོགས་ཁག་ཏུ་ཕྱིར་ལོག་པའི་སྲིད་མཐའ་ནི་ཕན་ནུས་དང་ལྡན་པར་རྦད་དེ་བཀག
དེ་ལྟ་མོད་ཀྱང་། མཐར་སོན་པའི་གོ་སྐབས་རིང་ལུགས་ཀྱི་ངོ་བོ་ལྡན་པའི་སྟབས་ཀྱིས། དངོས་ཕན་ཅན་དང་སྒྱུར་སླ་ལ་བཅོས་བདེ་བའི་ཚོད་འཛིན་བྱ་ཐབས་འདིས་ཏག་ཏག་སྒེར་གཅོད་ཆབ་སྲིད་ཀྱི་དུས་མཐའི་ཡུལ་ལྗོངས་མཚོན་ཏེ། ལམ་ལུགས་རང་ངོས་ན་ཨི་ཁུང་གང་སར་རྡོལ་བ་དང་། དབང་སྒྱུར་ཁྲིམས་མཐུན་གྱི་ངོ་བོ་དང་ཕན་ནུས་འཕྲལ་དུ་ཤོར་བ། དབང་སྒྱུར་བ་པོ་དང་དབང་བསྒྱུར་བྱའི་མི་གཉིས་ནི་ཁེ་ཕན་ཁོ་ན་དོན་དུ་གཉེར་བའི་སྟབས་བསྟུན་གྱི་མཉམ་འབྲེལ་ལ་བརྟེན་པ། འབྱོར་འབྲིང་གི་འཚོ་བ་བསྐྲུན་པའི་ཁས་ལེན་གྱིས་ལྐོག་སླུ་ཐུབ་པའི་བློ་དཀར་གཞུང་དྲང་ནི་རུལ་ཐག་ཆོད་པའི་རྣམ་ཤེས་ཉག་ཅིག་ཡིན་པ་དང་།ཁེ་ཕན་གཙུག་བཀུར་གྱིས་ཁ་ལོ་སྒྱུར་བ་ན་དཔོན་པོ་དཀར་གཙང་ཡིན་པ་ཕལ་ཆེར་གཅིག་ཀྱང་མེད་པ་དང་། དངུལ་གཙང་མ་ཡིན་པ་སྐར་གང་ཡང་མེད། ཡི་གེ་དྲང་གཏམ་ཡིན་པ་འབྲུ་གཅིག་ཀྱང་མེད། དེའི་ཕྱིར་ཀྲུང་གུང་གི་བྱེད་ཐབས་འདི་ཡོད་ཚད་ནི་སྒེར་གཅོད་པས་འཆི་ལ་ཐུག་པའི་དབང་སྒྱུར་རྒྱུན་སྐྱོང་བའི་སྟབས་བསྟུན་གྱི་ཐབས་བཀོད་ཡིན་པ་དང་། གས་སྲུབས་གྲངས་མེད་ཤོར་ཟིན་པའི་སྒེར་གཅོད་ཁང་བརྩེགས་ཆེན་པོ་འདི་ཡུན་རིང་པོར་སྐྱོར་ཐབས་གཏན་ནས་མེད།
སྤྱི་ལོ་ ༢༠༠༦ ཟླ་ ༣ ཚེས་ ༡༣ ཉིན་ལ་པེ་ཅིང་དུ་རང་ཁྱིམ་ནས་བྲིས།
རྩོམ་ཁུངས་ནི། ༼ལྟ་ཞིབ༽་དྲ་བ།
རྩོམ་འདི་རྙིང་པ་རེད་འདུག
དེང་སྐབས་ཀྱི་རུལ་སུང་རྒྱ་དམར་གྱི་ངོ་གདོང་གི་རྫུན་འབག་བཤུས་འདུག །