ཤར་མཁན་སྤྲུལ་འཇམ་དཔལ་བློ་གྲོས།
དྲི་བྲལ་སྟོང་ཆེན་ལྷ་མོར་སྦྲུམ་པའི་རབ་འབྱམས་སྣང་བའི་དག་ཆེན་དབྱིངས། །ཀུན་ཁྱབ་གཡུང་དྲུང་རྡུལ་བྲལ་ལོངས་སྤྱོད་ལྷ་ཡི་དགའ་བ་སྟོང་ཕྲག་འབུམ། །མི་མཇེད་ཞིང་དུ་སྣ་ཚོགས་མཁྱེན་བརྩེའི་འོད་དཀར་ཟློས་པ་འགྲོ་བའི་དཔལ། །སྐུ་གསུམ་ཡེ་ལྡན་བླ་མ་གཤེགས་པའི་མུན་ནག་གདུལ་བྱའི་མིག་ལ་གདུང་། །
རྫོགས་ལྡན་ཆོས་མཆོག་འཕགས་ཡུལ་འབྲས་དཀར་སྤུངས་ནས་ཆུ་འཛིན་དབྱིངས་སུ་ཐིམ། །སྦས་ཡུལ་གངས་དཀར་འདབ་སྟོང་གྲོང་ནས་གསེར་ལྡན་མ་ལ་འདྲེན་པ་རྨད། །འོན་ཏེ་ད་དུང་ཟབ་ལམ་རྡོ་རྗེའི་ལམ་མཆོག་པད་ཚལ་ལག་འགྲོའི་ཁྲོམ་པའི་རྒྱ། །མ་བསྐྱེད་ངེས་དོན་བསྟན་པའི་ཁུར་ཆེན་བོར་ནས་གཤེགས་པ་ཀྱེ་མ་ཧུད། །
ཕྱིར་མི་ལྡོག་པ་གཞན་སྟོང་དབུ་མ་རིན་ཆེན་དབྱིག །རྒྱུད་རྒྱལ་ཀཱ་ལ་ཙཀྲའི་མན་ངག་གསང་བའི་མཛོད། །ཟུང་དུ་འཇུག་པ་རྫོགས་ལྡན་གསང་བ་རྡོ་རྗེའི་ཆོས། །ཧོར་བོད་བསྟན་པའི་རྒྱན་དུ་ད་དུང་མ་འཕེལ་ནོངས། །
བཀའ་གདམས་གསར་མའི་ཕ་ཆོས་དུང་དཀར་སྒྲ། །ལེགས་བཤད་གླུ་རུ་ལེན་མཁས་ཙོང་ཁ་པའི། །གཞུང་ཀུན་གདམས་པར་འཆར་བའི་ཆེ་བ་བཞི། །ཆེན་པོ་ཧོར་དུ་ད་དུང་དག་སྤེལ་འོས། །
སྙིགས་ལྔའི་རྒུད་པ་སེལ་བའི་སྨན་གྱི་མཆོག །དུས་ཀྱི་འཁོར་ལོའི་མན་ངག་རྒྱ་མཚོའི་སྲས། །ཉ་གང་ཟླ་བ་གླིང་བདུན་མཚོ་བཞི་རུ། མ་བགྲོད་སྔོན་ནས་གཟུགས་སྐུའི་ཟླ་གཞོན་སྒྲིབ། །
སྐྱབས་མགོན་རྒྱལ་བའི་ཕྱག་གཡས་སྤྱན་ཟུང་ཁྱེད། །བོད་སོག་ཆོས་སྲིད་ཀུན་གསལ་སྒེག་མོའི་རྒྱན། །ཇོ་ནང་རྫོགས་ལྡན་བསྟན་པའི་བདག་པོའི་འགན། །ད་དུང་མ་བསྐོང་སྐུ་ཉིད་གང་དུ་བཞུད། །
གངས་ཅན་མགོན་པོས་ངེས་དོན་བསྟན་པའི་ཁུར་ཆེན་བསྩལ་བ་དྲན། །མ་ཅིག་གཅོད་ཀྱི་གདམས་པ་ཌ་མ་རུ་ཡི་གདངས་ནས་དྲན། །ཆེན་པོ་ཧོར་གྱི་རྒྱུ་སྐར་དབུས་ན་དྲི་མེད་ཟླ་བ་དྲན། །ཀུན་མཁྱེན་དོལ་བུའི་རྫོགས་ལྡན་བསྟན་པ་སྤེལ་ལ་དེ་བས་དྲན། །
དྲན་པའི་གདུང་ཤུགས་དཔའ་བོ་མཁའ་འགྲོའི་གསོན། །དད་དང་དམ་ཚིག་ཡིད་དམ་ལྷ་ཡིས་མཁྱེན། །བྱམས་བརྩེའི་རྗེས་ཆགས་གུས་འབངས་ཀུན་ལ་གཟིགས། །འཁྲུལ་མེད་ཡང་སྤྲུལ་ཟླ་བ་གཞོན་ནུ་ཕེབས། །
ཞིང་མཆོག་ཤམྦྷ་ལ་ཡི་རྫོགས་ལྡན་ཆོས། །དྲག་པོའི་སྒྱུ་འཕྲུལ་ཞི་བདེའི་དཔལ་ཡོན་འབུམ། །ཤར་ནུབ་གླིང་བདུན་ཁྱབ་པར་རྡོ་རྗེའི་ལུང་། །མངོན་དུ་འགྱུར་བའི་འགན་དབང་བརྗེད་ཕོད་དམ། །
འཕགས་ཡུལ་གྲུབ་དབང་གངས་ཅན་དཔལ་དུ་སྤྲུལ། །ངེས་དོན་བསྟན་པའི་གསལ་བྱེད་སྒྲོལ་བའི་མགོན། །ཧོར་ཡུལ་ཆོས་ཀྱི་ཉི་མ་རྗེ་བཙུན་པ། །རྫོགས་ལྡན་བསྟན་པ་སྤེལ་ལ་སླར་ཡང་བྱོན། །
ཕྱི་རྐྱེན་ཀླ་ཀློས་འབྱུང་ཁམས་དུག་གིས་སྦགས། །ནང་རྐྱེན་ཆགས་སྡང་རྨོངས་མུན་འཐིབས་པས་སྦགས། །ངེས་དོན་ཆོས་ཀྱི་རིན་ཐང་བརྙན་དུ་འཕོས། །མཁྱེན་བརྩེ་ནུས་ལྡན་སེམས་དཔས་མ་གཟིགས་སམ། །
རྣམ་རྟོག་འཁོར་ལོའི་ཆུ་འཛིན་འབུམ་གྱིས་མི་རྟོག་ཉི་མ་གཞོན་ནུ་སྒྲིབ། །ཟོལ་ཟོག་ཚུལ་འཆོས་འཕྲུལ་གྱིས་འཕོ་མེད་ཉལ་འགྲོའི་དྭངས་གཙང་རྙོག །གཅེས་འཛིན་མཐུག་པོའི་རྫུན་ཚིག་མཚོན་གྱིས་བདེན་པའི་བུ་ཆུང་མགོ་བོ་བྲེགས། །འཇིགས་མེད་སེམས་དཔའི་རྒྱལ་སྲས་བསྟན་འགྲོའི་གཉེན་ཞིག་མྱུར་དུ་ཕེབས། །
སྲིད་ཞིའི་འཁོར་བསྒྱུར་གནས་ལུགས་གཞན་སྟོང་གསེར་གྱི་འཁོར་ལོ་རྩིབས་སྟོང་ཅན། །རྒྱུད་རྒྱལ་དུས་ཀྱི་འཁོར་ལོ་ཟུང་འཇུག་སྟོང་གཟུགས་བདེ་ཆེན་ཕྱག་རྒྱ་ཅན། །རིགས་ལྡན་དྲག་པོའི་སྒྱུ་འཕྲུལ་འཛམ་གླིང་ཞི་བདེའི་དཔལ་ཡོན་བྱེ་བ་འབུམ། །རྫོགས་ལྡན་རྒྱལ་རྔ་ད་དུང་མ་བརྡུང་གོ་ལའི་ཁུར་ཆེན་ཤུལ་ན་ཡོད། །
ངེས་དོན་བསྟན་པ་ད་དུང་མ་རྒྱས་རྒྱབ་ཏུ་ལུས། །སྙིགས་འགྲོའི་རྒུད་པ་ད་དུང་མ་སེལ་ཤུལ་ན་ཡོད། །གངས་ལྗོངས་ཁྲག་དང་མིག་ཆུ་མ་ཆད་མེ་ལ་བཅོལ། །མཐུ་སྟོབས་ཕྱག་ན་རྡོ་རྗེའི་མཁྱེན་བརྩེ་མྱུར་དུ་ཕེབས། །
ཕྱོགས་བཅུའི་རྒྱལ་བས་བྱིན་ཆེན་ཕེབས་ལ་བྱོན། །ཡིད་དམ་དཔའ་བོའི་མཐུ་སྟོབས་སྣོམས་ལ་བྱོན། །ཞིང་སྐྱེས་མཁའ་འགྲོའི་མན་ངག་ལོངས་ལ་ཕེབས། །བསྟན་དང་འགྲོ་ལ་ཕན་ནུས་མཆོག་ཅིག་ཕེབས། །
ཆོས་ཉིད་བདེན་དོན་རྒྱ་མཚོའི་གོས་ཅན་ལས། །དད་འདུན་གདུང་ཤུགས་སྙིང་རྗེའི་རླུང་འགྲོས་ཀྱིས། རྒྱུ་འབྲས་རྟེན་འབྱུང་ཚོགས་པའི་སྐྱ་རེངས་གིས། །སྨོན་པའི་མུན་འཇོམས་ཉི་གཞོན་མྱུར་དུ་སྤྲོས།། །།
ཞེས་ལྷག་བསམ་མཆོག་གིས་ཕྱུག་པ་ཛཾ་ཐང་བ་ངག་དབང་ཆོས་འཛིན་གྱིས་རྒྱ་ནག་ཁྲུའུ་ཏུའུ་གྲོང་ཁྱེར་ནས་བསྐུལ་ངོར། སོག་ཁལ་ཁ་རྗེ་བཙུན་དམ་པའི་མཚན་དཔེའི་ཞལ་རས་དངོས་སུ་མཇལ་ཞིང་། གསུང་གི་བདུད་རྩི་དང་ཐུགས་ཀྱི་མཁྱེན་བརྩེ་ལོངས་སུ་སྤྱོད་པ་ཤར་མཁན་སྤྲུལ་འཇམ་དཔལ་བློ་གྲོས་ཀྱིས། དགའ་བ་བཅུ་དྲུག་གི་གྲངས་སུ་བྱས་པའི་རྗེས་དྲན་སྨོན་ཚིག་ཅན་འདི། སངས་རྒྱས་མྱ་ངན་ལས་འདས་ལོ་༢༥༥༦ རབ་གནས་ལྕགས་འབྲུག་ས་ག་ཟླ་བའི་ཚེས་༢༠ ལ་ནུབ་ཕྱོགས་ཨོ་གླིང་ཆེན་པོའི་ལྷོ་རྒྱུད། རིས་མེད་ཆོས་ཀྱི་ལྟེ་གནས་ཇོ་ནང་ཆོས་ཚོགས་སྟོང་གཟུགས་བདེ་ཆེན་གླིང་ནས་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་བྲིས་པ་དགེའོ།། །།
སློབ་མས་དད་པའི་མེ་ལྕེ་སྤར་ནས་བླ་མའི་གསང་གསུམ་སྤྲིན་དཀར་རྣམས།།
ཟོག་པོར་སྐྲུན་པའི་དུ་བ་འཕྲུར་ནས་དད་ལྡན་སོམས་ཉིའི་གཡངས་དུ་དྲངས།།
སྐབས་འགར་ཆོས་ཀྱི་རྒྱལ་པོར་དབང་བཀུར་ལ་ལར་བྱིས་པ་ལོ་བརྒྱད་ཚུལ།།
བསྟོད་སྨད་མ་ངེས་དབྱར་གྱི་ནམ་མཁར་ན་བུན་དཀྲིགས་ནས་ཉི་ཟླ་སྒྲིབ།།
ཁལ་ཁ་རྗེ་བཙུན་དམ་པ་ཚང་ལ་མཇལ་མྱོང་། དེ་ཡང་སྤྱི་ལོ་ཉིས་སྟོང་གཅིག་ལོ་ཡིན། ངས་རྡ་ས་ནས་སྟོན་པའི་འཁྲུངས་སྐར་ཤོག་བྱང་དཔར་སྐྲུན་ཆེད་རྡ་སར་བཞུགས་པའི་བླ་མ་ཚོར་ཞལ་འདེབས་བསླངས། དེ་དུས་ང་ཁོང་གི་གཟིམ་ཁང་དུ་བཅར། སྐུ་བགྲེས་ཉམས་ཆེ་ཞིང་མཇལ་སྤྲོ་བ་བཀའ་མོལ་ཞི་འཇམ་ངང་གསུང་བ་ཞིག་བཞུགས། ངས་རང་གི་འོང་དོན་རྣམས་སྙན་གསེང་ཞུ་དུས་ཁོང་གི་མཆོད་བཤམས་ཀྱི་སྟོད་ཅིག་ཏུ་བཤམས་པའི་གུ་རུ་རིན་པོ་ཆེའི་སྐུ་པར་ཨོ་རྒྱན་ང་འདྲ་མ་ཞེས་པ་དེ་འདྲ་ཞིག་རླུང་གིས་སྤུར་རམ་གང་ལྟར་བར་སྣང་དུ་འཁོར་བཞིན་ངའི་པང་དུ་བབས། དར་ཅིག་ཁོང་གིས་ཅང་མི་གསུངས་པར་བཞུགས། དེ་ནས་ཁོང་གིས་ང་ལ་ཞལ་འདེབས་གནང་། དེ་ནས་བཟུང་ངས་མཇལ་མ་མྱོང་། ན་ཉིན་ཁོང་གིས་སྐུ་འཁྲུངས་འདས་ལ་རང་དབང་ཡོད་པའི་དན་རྟགས་དུ་མ་དང་བཅས་དགོངས་པ་རྫོགས་པ་ཐོས།
ཇོ་ནང་རང་ལུགས་འཛིན་པའི་བཤེས་གཉེན་ཚོགས།།
མི་མངོན་ཆོས་ཀྱི་དབྱིངས་སུ་ངལ་གསོས་ན།།
ཟབ་གསང་དུས་ཀྱི་འཁོར་ལོའི་བསྟན་པའི་འོད།།
ཕྱོགས་རིས་ཆུ་འཛིན་ནག་པོས་ཀློང་དུ་ཤོར།།
ངེས་དོན་བསྟན་པའི་རྒྱན་གཅིག་སྒྲོལ་བའི་མགོན།།
རིས་མེད་བསྟན་པ་སྐྱོང་མཛད་འགྲོ་བའི་གཉེན།།
འཇམ་དཔལ་རྣམ་གྲོལ་ཆོས་ཀྱི་རྒྱལ་མཚན་མཆོག །
སླར་ཡང་ངེས་དོན་བསྟན་པའི་གཙུག་རྒྱན་དུ།།
མི་འགྱང་མྱུར་དུ་འབྱོན་པའི་སྨོན་ལམ་ཞུ།།
གློག་མཁན་རྣམས། བརྗོད་དོན་གཏིང་ཟབ་པའི་བརྩོམ་ཞིག་འདི་མ་རེད་དམ། གཏིང་ཟབ་པའི་བརྩོམ་ལ་མཆན་རྒྱབ་མཁན་མང་བོ་མི་འདུག་མོད།
ཤར་མཁན་སྤྲུལ་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞུ།
ངོས་གནས་ཡག་པོ་འདུག ངོ་སོ་བསྟོད། ཐུགས་རྗེ་ཆེ་བླ་མ་ལགས།
༡འཇམ་དབྱངས་གཞོན་ནུ་མཆོག་གི་ཤེས་རབ་དང་།།
༢དཔལ་ལྡན་ཕྱག་ན་རྡོ་རྗེའི་མཐུ་སྟོབས་སྟེང་།།
༣རྣམ་འདྲེན་རྒྱལ་ཀུན་ཐུགས་རྗེའི་ཀློང་ཆེན་དུ།།
༤གྲོལ་མཛད་རྗེ་བཙུན་དམ་པ་མྱུར་བྱོན་ཤོག།།