མདའ་ཆབ་བྲག་པས།
ཁྲེལ་གཞུང་མེད་པའི་ཕ་རྒན་ཁྱེད་རང།
སྲིན་པོའི་སྒོ་འགྲམ་འགྲོ་དོན་ཅི་རེད།
མི་རིགས་ཤིག་གི་བདེན་དོན་རྩོད་ན།
རང་གི་གཅེས་ཕྲུག་འཇོག་དོན་ཅི་རེད།
མ་ལོའི་སེམས་ཀྱི་བརྩེ་དུང་ཨེ་ཤེས།
ཇོ་ཇོའི་གདོང་གི་མིག་ཆུ་ཨེ་མཐོང་།
གུས་མོའི་སེམས་ཀྱི་དྲན་གདུང་ཨེ་མཁྱེན།
བཟའ་ཚང་སྐྱིད་པོ་གཏོར་དོན་ཅི་ཡིན།
མཐོ་དམའ་ཀུན་ལ་ཕ་ཞིག་གདའ་འོ།
དབུལ་ཕྱུག་དག་ལ་ཕ་ཞིག་མཆིས་སོ།
གུས་མོ་ཕ་མེད་དྭ་ཕྲུག་བསྐྱུར་པ།
ཐུགས་ཀྱིས་བཟོད་དམ་བརྩེ་བའི་ཕ་ལོ།
བརྩེ་བའི་དུང་སེམས་དྲོད་ཀྱི་ཁྲོད་དུ།
ཕྱག་ཟུང་འཇམ་པོ་གཉིས་ཀྱི་བར་དུ།
བསླབ་བྱ་སྙན་པོ་གསོས་སུ་འདྲེན་པའི།
འཚར་ལོངས་འབྱུང་གི་ཆུག་དང་ཕ་ལོ།
བརྩེ་ལྡན་མ་ལོ་ཁུ་བོ་ངེད་རྣམས།
ཁྱེད་དང་དཔུང་པ་མཉམ་དུ་གཤིབས་ཏེ།
སྟོབས་ཤུགས་གང་ཡོད་གཅིག་ཏུ་སྦྲེལ་ནས།
ལོ་རྒྱུས་ཤིག་གི་བདེན་དོན་རྩོད་ཆོག།
ཁྱེད་ལ་འདུག་གྲོགས་ཆུང་མ་ཡོད་པ།
ཁྱེད་ལ་རྒྱུགས་རོགས་བུ་ཞིག་ཡོད་པ།
ཁྱེད་ལ་བཤད་རོགས་བུ་མོ་ང་ཡོད།
ང་ཚོ་གཡུགས་ནས་རྒྱུགས་དོན་ཅི་ཡིན།
ཕ་ལོ་ཁྱེད་ལ་ཁྲེལ་ཞིག་ཡོད་ན།
མ་ལོ་ངེད་ཚོ་གཡུགས་དོན་ཅི་ཡིན།
ཕ་ལོ་ཁྱེད་ལ་སེམས་ཤིག་ཡོད་ན།
བུ་མོའི་སེམས་པ་རྨས་དོན་ཅི་ཡིན།
སྐར་ཚོགས་ཐམས་ཅད་མཁའ་ལ་འཐིམ་ཞིང་།
སྐྱ་རེངས་བུ་མོས་མགྲོན་དུ་བོས་པའི།
ཉི་མ་སེར་པོ་རི་ལས་ཕེབས་པས།
གཏི་མུག་བུ་མོར་སྒོ་གླེགས་བརྡུང་བྱུང་།
མིག་ཟུང་ལག་པས་མཐེབ་མོས་འཕུར་གྱིན།
ནག་སྣུམ་ཕ་ལོའི་རྒྱ་དེ་དྲན་བྱུང་།
ལག་མཐིལ་སོར་མོས་རེག་འདོད་སྐྱེས་བྱུང་།
བསྙབ་ཅིང་བསྙབ་ཅིང་ཅི་ཙམ་བསྙབས་ཀྱང་།
རེག་ཐུག་མེད་པས་ཚོར་སྣང་ཞིག་གིས།
གཟུགས་གཞི་ཡོད་ཚད་སྦྲིད་དེ་ཡལ་སོང་།
མགོ་བོ་ཆུང་ཆུང་ཡར་ལ་བཀྱག་པའི།
མིག་ཟུང་གཉིས་ཀྱིས་ཅེར་རེ་ལྟ་དུས།
མདང་དགོང་འོ་དག་གནང་པའི་ཕ་ལོ།
ད་ནིངས་དཀར་པོའི་གདན་ལ་མི་བཞུགས།
ཁ་ཟས་མཆོད་པའི་ཁང་ཆུང་ནང་དུ།
གུས་མོ་བསྒུག་ཡོད་རེ་བ་བཅངས་ཏེ།
བྲེལ་པས་རྐང་མགོར་ལྷམ་མགོ་མ་གྱོན།
བྲེལ་འཚབ་གཉིས་ཀས་སྨད་གཡོག་མ་གྱོན།
སྟོད་གོས་གྱོན་པ་སེམས་ལ་མ་དྲན།
རྐང་པའི་ཤུགས་ཀྱིས་ས་ལ་བགྲོད་པ།
མགྱོགས་ཚད་རྩལ་དེ་རྐང་མགོར་བཏེགས་ནས།
མྱུར་རྩལ་བང་གིས་གོམ་ཁ་བདས་པའི།
རྒྱུགས་ཐེངས་གཅིག་གིས་དེ་གར་འབྱོར་ཚེ།
སུ་གང་མི་མཐོང་དལ་ཅག་ཅག་གེ།
དྲན་པའི་མདོང་རྩེ་སྙིང་ལ་ཟུག་ཐལ།
ཁྱི་སྨྱོན་ལྟ་བུའི་འདིར་རྒྱུགས་ངང་དུ།
དག་གཙང་དྲི་མེད་ཁྲུས་ཁང་ནང་དེར།
ཁྲུས་ལ་ཞུགས་པར་བསམ་པ་འཁོར་སོང་།
བྲེལ་འཚུང་ངང་གིས་སྒོ་མོ་འབྱེད་དུས།
ཁྲུས་གཞོང་གཅིག་པོ་དཀར་སངས་སངས་སེ།
གློ་བུར་དྲན་པའི་འཛིན་སྟངས་ངོས་ལ།
ཕྱི་དྲོ་དགོང་ཇ་འཐུང་པའི་རྗེས་སུ།
འོད་འཚེར་འཚེར་གྱི་གློག་སྒྲོན་སྤར་ཏེ།
གུས་མོའི་ལག་པར་ལྷོད་ཀྱིས་འཇུས་ཤིང་།
གཙང་ཆབ་ཞལ་རས་ཁྲུས་པ་དྲན་བྱུང་།
གོམ་ཁའི་འདེགས་འཇོག་རྒྱུགས་ལ་བཏེགས་ནས།
ངུ་ངག་འབོད་སྒྲས་ཕ་ལོ་ཞེས་པའི།
ཚམ་མེ་ཚོམ་མེས་སྒོ་ཆུང་ཕྱེས་ཚེ།
རྫ་ཁོག་གཅིག་པུས་ཕ་ལོ་སྒུག་འདྲ།
ངུ་ངག་གཉིས་ཀྱིས་མགྲིན་པར་སྔངས་ཐལ།
མིག་ཀོང་གཉིས་ཀ་མཆི་མས་གང་ཐལ།
ཡ་ཁོག་སྙིང་གི་ཕྱེད་ཀ་འཁྱེར་ཐལ།
གྲོད་ཁོག་རྒྱུ་མའི་ཁུག་མགོ་ཆད་ཐལ།
མཁལ་མ་ཁྲ་རིལ་ཆ་ཡས་ཆག་ཐལ།
བུ་མོ་ལས་ངན་ཕ་མེད་གྱུར་ཐལ།
ཕ་ལོ་ལོ་ལོ་དེ་འདྲ་མ་གནང་།
ཁྱེད་ལ་ཕ་ཡི་སེམས་ཤིག་ཡོད་ན།
ང་ལ་བུ་མོའི་སེམས་ཤིག་ལོས་ཡོད།
མ་ལོའི་ལག་ཟུང་ཐོད་པར་བཞག་ཏེ།
སྐས་འཛེགས་གཅིག་གི་སྐས་ཐེམ་སྟེང་དུ།
ལང་མིན་བསྡད་མིན་སྟངས་སྟབས་ཤིག་གིས།
ཁྱེད་རྗེས་མིག་ཆུ་དོར་གྱིན་འདུག་གོ།
ལག་པ་ཆུང་ཆུང་འགྲམ་པར་གླན་ཞིང་།
བསམ་བློ་བཞི་གསུམ་བཅུ་གཉིས་བཏང་སྟེ།
བློ་རྩེ་ཉི་ཤུ་རྩ་ལྔ་འགུལ་ཡང་།
ཁྱེད་རང་རྙེད་པའི་ཐབས་ཤིག་མ་བྱུང་།
ཞོགས་ཀར་ཞིམ་པོའི་འོ་ཇ་མ་འཐུང་།
ཉིན་གུང་མངར་མོའི་དྲོས་ཇ་མ་འཐུང་།
ཕྱི་དྲོ་འཛོམས་པའི་ཁ་ཟས་མ་ཟོས།
ཉི་རྒས་དམར་སེར་ནུབ་རིར་ཡལ་སོང་།
ཕ་ལོ་ཐུག་པའི་ལས་སྐལ་ཆད་སོང་།།
བརྩེ་བའི་ཡབ་ཆེན་དགུང་གི་ཉི་མ། །
དར་ཅིག་འཛོམས་རྗེས་ཁ་ཁར་བུད་སོང་། །
ཕ་དང་བུ་མོའི་བརྩེ་བ་བསམ་ན། །
འབྲལ་བའི་གདམ་ཀ་སུ་ཡིས་ཕོད་དམ། །
འོན་ཏེ་གདོང་དམར་བོད་པའི་ལས་དབང་། །
ནུབ་ཁའི་ཉི་མའི་རྗེས་སུ་སྙེགས་དུས། །
ང་ཡི་ཕ་ལོའི་ཁེར་རྒྱུགས་ར་མདའ། །
རྒྱུགས་དགོས་སེམས་ཀྱིས་མི་ཕོད་རང་ཕོད། །
བཙན་དབང་འོག་གི་མེ་ལྕེ་དམར་བོ། །
ཡབ་ཆེན་སེམས་ཀྱི་ན་ཟུག་ཡིན་དུས། །
བུ་མོ་སྐྱོ་བའི་མིག་ཆུ་དྭངས་མོ། །
སྐྱོ་བའི་བསྣོན་པར་བསྐུར་སྲོལ་གང་ཡོད། །
སྐྱེས་པ་ཕལ་ཆེར་ཕ་རུ་གྱུར་དུས། །
དཔའ་བོའི་སེམས་རྩ་གཉོམ་མེར་ཡོད་དུས། །
ང་ཡི་ཕ་ལོའི་གཅེས་སྲོག་ཕྲ་མོ། །
སྤྱི་ལ་འབུལ་བའི་ཆོད་སེམས་བཞག་འདུག །
ཕ་གིའི་ཁྱིམ་ན་ཕ་མཛོམས་མ་འཛོམས། །
སྐྱིད་པའི་དགོད་སྒྲ་ལྷང་ངེར་ཐོས་དུས། །
ཚེ་སྲོག་གཏའ་མར་བཞག་པའི་ཤུལ་ན། །
སེམས་པ་སྐྱོ་མཁན་མེད་ཚོད་འདུག་ཨང་། །
ཕ་ལོས་སྡུག་གི་རྐང་རྗེས་འདྲུད་དུས། །
སྐྱིད་སྐྱིད་དེ་འདྲ་ངོམས་སོ་མ་གནང་། །
ཁྱེད་ཅག་བོད་པའི་བདེ་དོན་མིན་ན། །
ཕ་བུ་གསོན་བྲལ་སུ་ཡིས་ཕོད་དམ། །
ང་དང་ནུ་བོར་གཅེས་མདོག་བསྟན་ཏེ། །
ཕ་ལོ་ཁྲེལ་མེད་ཡིན་མདོག་མ་བཤད། །
བུ་ལ་བརྩེ་བ་ཡོད་མདོག་བསྟན་ནས། །
སྤྱི་དོན་བྱེད་ཐབས་མེད་མདོག་མ་གནང་། །
དཔའ་བོ་ཚེ་བརྟན་རྡོ་རྗེའི་བུ་མོའི་ཚབ་ཏུ་རང་སེམས་སྐྱོ་སྐྱོའི་ངང་བྲིས།
བུ་མོའི་སྐྱོ་གླུ།
ཡུལ་འཛམ་གླིང་འདི་ན་ཉི་མ་གཅིག
གསེར་གྱི་ལེར་ཤར་ན་སྐྱིད་ཅིག་ཡོད
མག་འཚུབ་བེ་ནུབ་ན་སྡུག་ཅིག་འདུག
གན་རྟག་ཏུ་ཤར་བའི་སྨོན་ལམ་འདེབས།
གླུ་བ་མ་འགྲོ་ཡང་འདུག་བདེ་བྱོས།
ང་འཇིག་རྟེན་འདི་ན་ཕ་གཅིག་ཡོད།
འཛུམ་གྱི་ལེར་བཞུགས་དུས་སྐྱིད་ཅིག་ཡོད།
ནག་རོག་གེ་འགྲོ་དུས་སྡུག་ཅིག་འདུག
གན་རྒྱུན་དུ་བཞུགས་པའི་སྨོན་ལམ་འདེབས།
བོད་མི་དཔའ་བོ་ཚེ་བསྟན་རྡོ་རྗེ།།
བུ་མོའི་ཕྱོགས་སུ་སྐྱོ་བ་མི་དགོས།།
བརྩེ་བའི་བུ་་ཕྲུག་མིང་སྲིང་གཉིས་པོ།།
འབྱོར་བ་ལྡན་པའི་རྒྱལ་ཁབ་ཅིག་ཏུ།།
དྲིན་ཅན་མ་ལོས་བདག་སྐྱོང་བཟང་གི །
ཤེས་ཡོན་སློབ་པའི་གོ་སྐབས་ཡག་གི །
གཞོན་པའི་ལང་ཚོ་རྒྱས་པའི་དུས་སུ།།
ཕ་ལོའི་སེམས་ཀྱི་བྱམས་བརྩེ་ཤེས་གི །
ཆོད་སེམས་བརྟན་པོའི་སྙིང་སྟོབས་ཤེས་གི །
གཞིས་ལུས་བོད་མིའི་སྡུག་བསྔལ་ཤེས་གི །
དཔའ་བོ་ཁྱེད་ཀྱིས་སེམས་ཁྲལ་མི་དགོས།།
གཞིས་ལུས་བོད་ཀྱི་དཔའ་བོ་དཔའ་མོས།།
གཅེས་པའི་ལུས་སྲོག་མེ་ལ་བསྒྲོན་ཐ།།
བརྩེ་བའི་བུ་ཕྲུག་ཤུལ་དུ་ལྷག་ཐ།།
འོ་དོད་འབོད་པའི་རང་དབང་དེ་མེད།།
ཤེས་ཡོན་སྦྱོང་བའི་གོ་སྐབས་དེ་མེད།།
མ་འོངས་པ་ཡི་མདུན་ལམ་དེ་མེད།།
དེ་འདྲའི་རིགས་ལ་ཐུགས་བསམ་གནང་རོགས།།
དྲིན་ཆེན་མ་ལོའི་བྱམས་བརྩེ་འོག་ན།།
སྐྱིད་ལ་སྡུག་གི་འཇིག་རྟེན་འདི་ན།།
ཕ་ཞིག་ཡོད་པའི་སེམས་པ་ང་མེད།།
ཡི་གེ་རྫུན་མ་འབྲི་ཡི་མ་འདུག།
ང་ལ་དུངས་བའི་བྱམས་སྐྱོང་མེད་ན།།
ཕ་ཞིག་ཡིན་པའི་བསམ་པ་རྫུན་མ།།
ཡོད་པ་ཙམ་ལས་མེད་ན་སྐྱིད་པས།།
ཡི་གེ་རྫུན་མ་འབྲི་ཡི་མ་འདུག།
ཁོ་རང་ག་རེ་བྱེད་ན་བྱེད་ཆུགས།
ཤར་ལ་བརྒྱབ་པའི་མ་སྨད་གསུམ་པོར།།
དེ་ཡི་དོན་ལ་འབྲེལ་བ་མེད་པས།།
ཡི་གེ་རྫུན་མ་འབྲི་ཡི་མ་འདུག།
ཕ་ལ་ཕ་ཡི་འོས་འགན་མེད་ན།།
ཁུ་ཁྲག་ཙམ་གྱིས་ཕ་ལ་མི་འདོད།།
བུ་མོར་རེ་བ་ཅི་ཡང་མེད་པས།།
ཡི་གེ་རྫུན་མ་འབྲི་ཡི་མ་འདུག།
བུ་ཕྲུག་འདི་མོ་ཆུང་དུས་ཞིག་ལ།།
དགོས་བའི་ཕ་དེས་ལུས་གཏོང་ཐུབ་ན།།
སྐད་ཆ་གསལ་པོ་གསལ་པོ་ཡིན་པས།།
ཡི་གེ་རྫུན་མ་འབྲི་ཡི་མ་འདུག།
ལུས་གཏོང་མ་རེད་་བློས་གཏོང་ཐུབ་ན་རེད།
ཆེས་ཐོག་མིའི་དྲ་རྒྱ་འདི་ནང་ལ་འཛུལ་ཐུབ་པའི་རེ་བ་བྱེད་རྒྱུ་ཡོད་ན་དེ་དོན་དགོངས་གནང་ཡོང་བ་མཁྱེན་མཁྱེན། དམིགས་ཡུལ་ནི་རང་ཉིད་གི་ཤེས་ཡོན་དང་བསམ་བློ་བོད་ཡིག་གི་ཤེས་ཚད་སོགས་ཡར་ངོ་ཟླ་བ་ལྟར་གོང་འཕེལ་གཏོང་ཆེད་ཡིན་པས་ཁྱེད་དྲ་གྲོགས་ཡོང་ཀྱི་ངའི་དམིགས་ཡུལ་ལ་རྒྱབ་སྐྱོར་ཡོང་བའི་རེ་བ་ཧ་ཅང་བྱེད་རྒྱུ་ཡོད་ལ་མཐར་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་ཞུ་ཞུ། །
བཟའ་ཚང་འཛོམས་པའི་དགོད་སྒྲ།།
ལུས་ལས་ཆད་པའི་གཅེས་ཕྲུག།།
སྙིང་གི་ཚུལ་ལུ་འདྲ་བོ།།
སེམས་ནས་བརྗེད་ཐབས་མེད་གི།
ཧ་ཧ་ཡག་པོ་བྲིས་འདུག། ཚེ་རྡོར་ལགས་སེམས་ཤུགས་མ་ཆག།
དལ་ཅིག་གྲོང་པོར་ཉོན་ཅིག།།
ཨ་ཕས་ཚིག་གསུམ་བཤད་འདོད།།
སྐྱིད་ཀྱི་དགོད་སྒྲའི་ཁྲོད་ནས།།
མི་ཚེ་སྐྱེལ་བ་ལུས་འདོད།།
མི་རིགས་ཤིག་གི་ཆེད་དུ།།
རང་གི་གཅེས་པའི་སྲོག་དང་།།
རིག་གཞུང་ཞིག་གི་ཚེ་སྲོག།།
བསྡུར་ཐབས་གང་ནས་ཡོད་གི།
ངོ་མ་ཡི་གེ་རྫུན་མ་རྐྱང་རྐྱང་བྲིས་ནས་འདུག། གང་ལྟར་བུ་མོས་དེ་འདྲ་ཞིག་བསམ་གྱི་ཡོད་མེད་སུས་ཤེས། གཅིག་བྱས་ན་ནང་མིས་སྔོན་ནས་ཞེན་པ་ལོག་ཏེ་ཁག་ཁག་སོང་ཚར་བ་ཞིག་ཡིན་སུས་ཤེས། གང་ལྟར་ནུབ་ཕྱོགས་སུ་ཧ་ཅང་གི་ཨ་གསར་ཚ་པོ་དང་བཟའ་ཚང་བར་ན་འདུ་ཤེས་མེད་པ་ཁ་བྲལ་ཆོག་ཆོག་ཕལ་ཆེ་བ་རེད།
དགེར་སེམས་མ་བཏོགས་ཅི་ཡང་མེད་པའི།།
མི་བུ་འདི་ཚོ་སྙིང་རྗེའི་ཡུལ་ཡིན།།
མི་ཡི་ཡུལ་འདིར་མི་ལུས་བླང་ཡང་།།
ཕག་པ་ཞིག་དང་ཁྱད་པར་ཅི་ཡོད།།
སྤྱི་དོན་བཟང་པོ་སྙིང་ལ་བཅང་སྟེ།།
དགེར་དོན་འཕངས་མེད་བཏང་བའི་དཔའ་རྒོད།།
དགྲ་ཡི་ལག་ནས་རང་སྲོག་ཤོར་རུང་།།
ཞབས་རྗེས་སེར་པོ་གསེར་གྱིས་འབྲི་ངེས།།
ཤི་ན་མི་དགའ་གསོན་ན་དགའ།
གསོན་ནས་བུ་ཕྲུག་གསོས་ན་དགའ།
འཆི་བ་མི་དཀའ་གསོན་པ་དཀའ།
གསོན་པའི་རང་དབང་སྩོད་པ་དཀའ།
བཤད་པ་མི་དཀའ་སྒྲུབ་པ་དཀའ།
བསྒྲུབས་ནས་འབྲས་བུ་མངོན་པ་དཀའ།
སྟོད་པ་མི་དཀའ་མངན་པ་དཀའ།
མངན་པའི་གོ་བ་ལོན་པ་དཀའ།
འཛོམ་པ་མི་དཀའ་འབྲལ་པ་དཀའ།
བྲལ་པའི་གདུང་པ་སྲན་པ་དཀའ།
མཐུན་པ་མི་དཀའ་འཐོར་པ་དཀའ།
ཐོར་ནས་སོ་སོ་སྡོད་པ་དཀའ།
སྩོད་པ་ལ་རྩོད་པ་ཞེས་བཅོས་རོགས།
གསོན་པ་མི་དགའ་ཤི་བ་དགའ།།
རང་དབང་མེད་རྣམས་ཤི་ན་དགའ།།
འཆི་བ་མི་དཀའ་གསོན་པ་དཀའ།།
གཞན་དབང་འོག་ནས་གསོན་པ་དཀའ།།
སྒྲུབ་པ་མི་དཀའ་བཤད་པ་དཀའ།།
གནས་ལུགས་ཇི་བཞིན་བཤད་པ་དཀའ།།
འབྲལ་བ་མི་དཀའ་འཛོམ་པ་དཀའ།།
གཞི་བྱེས་ལྷན་དུ་འཛོམ་པ་དཀའ།།
འཐོར་བ་མི་དཀའ་མཐུན་པ་དཀའ།།
རིགས་གཉིས་གཅིག་ཏུ་མཐུན་པ་དཀའ།།
ཁོམ་པ་ཡོད་ནི་ཚོ་འདིར་ཕེབས་ནས་གླུ་ཤག་ལ་ཉོན་དང་། གླུ་ཤག་བདེ་མོ་རེ་བླངས་ཡོད་ཀི