རྫ ་ཚེ་རིང་བཀྲ་ཤིས།
(རྩོམ་འདི་འབྲི་སྐབས་ང་ལ་དངོས་སུ་ད་ལྟའི་སྐབས་ཀྱི་ཕ་ཡུལ་གྱི་དབྱར་སྟག་གླང་གི་ཟླ་བ་ཡུད་ཙམ་པོ་དེ་ལྷག་ཏུ་དྲན་པ་ཞིག་བྱུང་བར་མ་ཟད། པར་དེ་རང་ལ་ལྟ་གིན་ལྟ་གིན་ཕ་ཡུལ་གྱི་རྣམ་པ་ཡིད་ལ་དུང་ངེར་ཤར་བའི་ངང་བྲིས་པ་ཡང་ཡིན། དེས་ན་པར་འདི་ནི་རྩོམ་ཡིག་འདིའི་རྩ་བ་དང་འགྲེལ་པ་གཉིས་ཀ་ཡིན་ནོ)
རྒྱང་རིང་ཕ་མཐའི་སྤྲིན་དཀར་འདབ་མ་དུམ་བུ་དུམ་བུར་གྱེན་དུ་གསེག་སྟེ་གནམ་གྱི་མཐའ་ནས་མཐོངས་ལ་ཕྱོགས་ཏེ་འགྲོ། །
ཕྱོགས་ཀྱི་རི་ཚོགས་ཕྲེང་བར་བསྒྲིགས་པའི་འདབ་མའི་ཁོ་ལག་དེ་དག་པདྨའི་ལོ་འདབ་སར་པ་བཞིན་དུ་ཡངས་ཤིང་ཕྱེ། །
ཁྲ་ཆེམ་གཅར་དུ་བཀྲམ་པའི་འབྲོག་གི་གྲོང་བརྡལ་དག་ནི་མུ་མེད་རི་ཡི་སུལ་ན་མུ་ནས་མུ་རུ་བསྟར་ཏེ་ཆགས། །
ནམ་ཟླའི་དཔལ་མོ་དབྱར་ཞེས་བྱ་བ་ཁུ་བྱུག་དང་བཅས་ཁྱེད་དང་ལྷན་དུ་མཐའ་ཡས་སྤང་ལྗོངས་ཡངས་པོར་རྒྱུ་ཞིང་རྩེན། །
དེ་ཚེ་བདག་ཡིད་སྤྲིན་གྱི་ཐོད་ཆིངས་དང་ནི་ཉི་འོད་དེ་དག་བཞིན་དུ་མཛེས་པའི་རྩྭ ཐང་དེ་ལ་ཐོལ་གྱིས་འཁྱུད་པར་གྱུར། །
འཕགས་ཡུལ་ནས་མཉམ་དུ་བསྡད་པའི་གྲོགས་པོ་ཕྱིས་བོད་དུ་ཕྱིན་པ་བསོད་ནམས་དོན་གྲུབ་ལགས་ཀྱིས་ཁོང་གི་ངོ་དེབ་ཏུ། དེ་རིང་བླངས་པའི་ཁོང་ད་ལྟ་བཞུགས་སའི་ཁོང་གི་ཕ་ཡུལ་ནང་ཆེན་གྱི་པར། ‘‘ཉི་འོད་འོག་གི་ནང་ཆེན་ཤར་མདའ་གྲོང་’’ཞེས་པ་ཞིག་བཞག་འདུག་པར་ཐད་ཀར་དྲ་ཐོག་ནས་འཚམས་འདྲི་དང་བཅས་རྩོམ་ཐུང་འདི་བྲིས་རྗེས་ཚིག་རྐང་མི་མཉམ་པ་སོགས་ཅུང་ཟད་བཅོས་པ་ཡིན།
སྤྱི་ལོ་༢༠༡༢ཟླ་༦ཚེས་༡༡་གུ་དགུང་མོ་ཆུ་ཚོད་༡༡་ཙམ་ལ་ཐའེ་ཝན་གླིང་ཕྲན་དུ།
པར་རིས་རྩ་འགྲེལ་མ་་་་་་ངོ་མ་ཡག་གི་་་་་་
ཡག་པོ་འདུག
གྲོང་ཁྱེར་བསྐྱུར་ཏེ་ཕ་ཡུལ་འགྲོ་བའི་འདུན་པ་དང་།། སྒོར་མོ་འདོར་ནས་ཆོས་ལ་བསམ་པའི་གོ་སྐབས་རེ།། ལས་བྲེལ་ཅན་པ་ས་མཐའི་གྲོགས་པོ་ང་ཚོ་ལ།། ཐད་ཀར་བསྟེར་བའི་སྙན་རྩོམ་འདི་ལ་ཁོ་བོས་བསྔགས།།
རྩོམ་རྩལ་ལ་བཤད་རྒྱུ་ཡོད་ནི་མ་རེད། ཁྱོད་འདྲ་མོ་ཟིག་འདི་ན་མེད་ཁི་བ།