གནས་ཚུལ་མཁོ་སྤྲོད་པ་བལ་ཡུལ་གནས་སྡོད་པ་དོན་ལྡན།
གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལ་ཁྲིམས་ཐག་བཅད་པའི་ཡིག་ཆ།
ཟླ་འདིའི་སྤྱི་ཚེས་༧ཉིན་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་སུ་བལ་ཡུལ་ལག་འཁྱེར་ཞིབ་བཤེར་ཁུངས་ཀྱིས། དེ་རིང་ཁྱོད་གཏོང་གི་ཡིན། ཁྱོད་གང་དུ་འགྲོ་གི་ཡིན་སོགས་ཀྱི་སྐད་ཆ་དྲིས་པར། ཁོང་གིས་དེའི་ལན་དུ། ང་བོད་དུ་འགྲོ་རྒྱུ་ཡིན་སོགས་ཀྱི་སྐོར་ནས་ལན་བསྐྱོན་ཡོད་འདུག་ལ། ཞིབ་བཤེར་ཁུངས་ཀྱིས་ང་ཚོས་ཁྱོད་ཡར་རྒྱ་གར་ལ་གཏོང་གི་ཡིན། བོད་དུ་གཏོང་ཐུབ་ཀི་མ་རེད། ཅེས་བཤད་ཡོད་འདུག དེ་ནས་ཚེ་བརྟན་རྡོ་རྗེ་ལ་ཉེས་ཆད་ཀྱི་སྐོར་ནས་དེ་ཡིན་འདི་ཡིན་གྱི་གསལ་ཁ་གང་ཡང་མེད་པར་ཁོང་མར་འོག་ཁང་དུ་མངགས་ཡོད་འདུག་ལ། དེ་རྗེས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ལས་བྱེད་ཅིག་ས་དཀར་བསྟན་འཛིན་སར་ཡོང་ནས། ཚེ་བརྟན་རྡོ་རྗེ་དེ་རིང་གཏོང་རྒྱུ་ཡིན་པས། དངུལ་ཆད་བཞི་སྟོང་ལྷག་ཅིག་འཁྱེར་ནས་ཁོང་ལེན་དུ་འགྲོ་དགོས་སྐོར་དང་། དུས་ཚོད་ཕྱིར་འགྱིངས་བྱས་ན་གཏོང་རྒྱུ་མིན་ཟེར་བ་སོགས་ཞིབ་བཤེར་ཁུངས་ཀྱིས་བཤད་པ་དག་ས་དཀར་བསྟན་འཛིན་དང་ངེད་གཉིས་ལ་བཤད་སོང་། དེ་ནས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ལས་བྱེད་དེ་དང་། ས་དཀར་བསྟན་འཛིན། ངེད་གསུམ་པོའི་དངུལ་གྲ་སྒྲིག་བྱས་ནས་འགྲོ་རྒྱུ་བྱས་དུས་དགོངས་དྲོ་ཕྱི་བོ་ཆགས་ཡོད་པས། ལས་ཁུངས་ཁག་གི་སྒོ་བརྒྱབ་ཟིན་པས་འགྲོ་ཐུབ་མ་སོང་། ཕྱི་ཉིན་ས་དཀར་བསྟན་འཛིན་དང་ངེད་གཉིས་ཀྱིས་གསར་འགོད་པ་ཁ་ཤས་དང་། སྣེ་ལེན་ཁང་གི་འབྲེལ་མཐུད་པ་ཚེ་བརྟན་སོགས་ཁྲིད་ནས་ཞིབ་བཤེར་ཁུངས་ལ་སོང་བ་ཡིན་ལ། སྔོན་ལ་ང་ཚེ་བརྟན་རྡོ་རྗེ་ཡོད་སར་སོང་ནས། དངུལ་གྱི་ཆད་པ་སྤྲོད་དགོས་པ་ནི་ཁྲིམས་མཐུན་གྱི་འགྲོ་སྟངས་ཤིག་ཡིན་པས། དངུལ་ཆད་འདི་སྤྲད་དགོས་སྐོར་སོགས་བཤད་པ་ཡིན། དེ་དུས་ཁོང་གིས་དངུལ་ཆད་འདི་བལ་ཡུལ་གཞུང་གི་ཁྲིམས་མཐུན་གྱི་བདེན་དཔང་གི་ཡིག་ཆ་སོགས་ཚད་ལྡན་ཡོད་ན་འགྲིག་གི་རེད། དེ་མིན་ལྐོག་དངུལ་གྱི་ཐད་ནས་ལྕག་སྒོར་གཅིག་ཡིན་ཀྱང་མི་སྤྲད་ཁོ་ཐག་ཡིན་ཟེར། དེ་ནས་ངེད་ཚོ་ཐོག་ཁའི་ལས་ཁང་དུ་སོང་ནས་སྣེ་ལེན་ཁང་གི་འབྲེལ་མཐུད་པ་ཚེ་བརྟན་ལགས་ཀྱིས་ཞིབ་བཤེར་ཁུངས་ཀྱི་ལས་མི་ཚོར་ད་ང་ཚོས་དངུལ་ཆད་སྤྲད་ནས་མི་ཁྲིད་ཀི་ཡིན། ཞེས་བཤད་པར། ཡ་ཡ་ཏོག་ཙམ་སྒུག་དང་ང་ཚོས་ཐག་གཅོད་བྱེད་ཀི་ཡིན་ཟེར། དེ་ནས་གསར་འགོད་པ་དང་ང་ཚོས་ཕལ་ཆེར་ཆུ་ཚོད་གཉིས་རིང་ལ་བསྒུགས་མཐར། སྣེ་ལེན་འབྲེལ་མཐུད་པ་ཚེ་བརྟན་ལ་སྐད་བཏང་ནས་ད་དངུལ་ཆད་ཀྱི་ཁར་ང་ཚོ་ལ་སྙེན་པ་ཞིག་སྤྲོད་དང་གཏོང་གི་ཡིན་ཞེས་བཤད་སོང་། དེར་ང་ཚོས་ངོས་ལེན་མ་བྱས་པས། འོ་ན་རྗེས་ཀྱི་གཟའ་ཟླ་བའི་ཉིན་ཤོག་དང་ཐག་གཅོད་བྱེད་ཀི་ཡིན་ཞེས་བཤད་ཀྱང་། གཟའ་འཁོར་གཅིག་ཙམ་ལ་ཐག་གཅོད་མ་བྱས་པར་བཞག་སོང་ལ། ཁ་སང་སྤྱི་ཚེས་༡༥ཉིན་གཞི་ནས་ཚེ་བརྟན་རྡོ་རྗེ་ཐོག་ཁར་སྐད་བཏང་ནས། “ལས་གཙོ་བ་དེས་ང་ལ་ཁྱེད་རང་དེ་རིང་གློད་གྲོལ་བྱེད་དགོས་ཀྱི་ཡོད་ན། ང་ཚོ་ལ་བལ་སྒོར་སྟོང་ཕྲག་ལྔ་བཅུའི་ཉེས་ཆད་སྤྲོད་དང་། ཁྱོད་རང་སོང་ཆོག་ཟེར། དེ་དུས་ངས་སྐད་ཆ་ཞིག་དྲིས་ན་འགྲིག་གི་རེད་དམ་ཞེས་དྲིས་པ་ན། འགྲིག་གི་རེད་ཟེར། ག་རེ་བྱས་ནས་ངས་སྒོར་མོ་དེ་དག་སྤྲོད་དགོས་པ་རེད་ཅེས་དྲིས་དུས། དེ་ནི་ཁྱེད་རང་རྒྱལ་ཁབ་འདིར་ལག་ཁྱེར་གང་ཡང་མེད་པར་འཛུལ་བའི་ཉེས་པ་རེད། དེ་ཡི་ཉེས་ཆད་དུ་ང་ཚོས་ལས་ཁུངས་ནས་ཐག་གཅོད་བྱས་ནས་ཁྱོད་རང་ལ་ཉེས་པ་དེ་འབབས་པ་རེད།
གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལ་ཁྲིམས་ཐག་བཅད་པའི་ཡིག་ཆ།
དེས་ན་དེ་ནི་ཁྲིམས་ཐོག་གི་ཐག་གཅོད་རེད་དམ་ཞེས་དྲིས་དུས། ཁོས་དེ་ནི་ཁྲིམས་ཐོག་གི་ཐག་གཅོད་མ་རེད། ང་ཚོས་ལས་ཁུངས་ཀྱི་ཐག་གཅོད་རེད་ཟེར་བས། ངས་དེས་ན་ང་རང་གིས་དུས་དེ་རིང་བར་དུ་ཁྱེད་ཅག་གཞུང་གི་ཁྲིམས་ལ་བརྩི་སྲུང་ གིས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་སྒུག་ནས་བསྡད་པ་དེ་ལ་གྲུབ་འབྲས་གང་ཡང་མ་ བྱུང་བ་རེད་དམ། ང་ལ་ཁྲིམས་ཐོག་ནས་ཐག་གཅོད་གཙང་མ་མ་བྱས་པ་དང་ང་རང་གི་ཉེས་པ་འདི་རེད་ཅེས་ ཁྲིམས་ཐོག་ནས་གཏན་འབེབས་མ་བྱས་པར་དུ། ཁྱོད་ཚོ་སྒོར་གཅིག་ཀྱང་སྟེར་རྒྱུར་གྲྭ་སྒྲིག་ང་རང་ལ་རྩ་བ་ནས་མེད་ཅེས་ཞུས་པ་ ཡིན།
དེ་དུས་མི་དེས་ཁོང་ ཁྲོ་དང་བཅས་འདི་ནི་ང་ཚོའི་རྒྱལ་ཁབ་རེད། ཁྱེད་ཅག་འཁྱམས་སྤྲང་ཚོའི་གནས་ཚང་མ་རེད་ཅེས་འཇིགས་རྔམ་གྱིས་བཤད་པ་དང་ང་རང་ལ་ སྐད་ཆ་བཤད་འཕྲོ་གང་ཡང་བཤད་དུ་མ་བཅུགས་པར། ཕྱིར་འོག་ཁང་གི་བཀག་བསྐྱིལ་ཁང་ནང་དུ་བཅུགས་སོང་། ཁོས་བཤད་འཕྲོས་ལ་ཉན་ན་ཁོང་ཚོས་ལས་ཁུངས་ནས་ང་རང་ལ་ཁྲིམས་འདི་ཐག་གཅོད་བྱས་པ་ རེད་ཟེར་ནས་བདེན་དབུང་གི་ཡི་གེ་གང་ཡང་མེད་པར། བར་ནས་སྒོར་མོའི་ཉེས་ཆད་ཁུར་དུ་བཅུགས་ནས་གཏོང་འདོད་པ་དེ་རེད་འདུག དེ་ལྟར་ལེགས་འགྲུབ་མ་བྱུང་སྟབས། ཁོ་རང་གིས་ང་རང་ལ་འཇིགས་རྔམ་བསྟན་ནས་ཁྲིམས་ཁང་གི་ཐག་གཅོད་མ་བྱས་ཐབས་མེད་ ཡིན་པ་ངེས་ཟིན་ཐོབ་པ་ལྟར། འགྲིག་གི་རེད། ང་ཚོས་བལྟས་ཆོག་ཟེར་བ་དང་འདྲ་བར་ང་ལ་སྡུག་ར་སྐུལ་བ་དེ་རེད། དེ་དུས་བར་ནས་མི་ཞིག་གིས་ང་རང་ལ་ཁྱོད་ཀྱིས་ང་ཚོས་བཤད་པ་ཉན་ནས། སྒོར་ཆད་དེ་དག་སྤྲད་ན། ཁྱོད་རང་གི་ནག་ཉེས་དག་གི་རེད་ཟེར་ནས་སྐད་ཆ་ཞིག་བཤད་པར་འབད་བརྩོན་བྱས་ཀྱང་། མི་དེས་རྣམ་འགྱུར་ངན་པའི་སྒོ་ནས་མི་དེ་ལ་ངར་སྐད་བཅས་ང་རང་འོག་ཁང་དུ་བཏང་སོང་།
དེ་རིང་ནི་ང་རང་འདིར་ བཅུགས་ནས་ཉིན་ཉེར་ལྔ་དེ་ཡིན་ལ། དེ་རིང་ཕྱི་དྲོ་ནས་ཁོང་ཚོས་ལས་ཁུངས་ཉིན་གཅིག་དང་ཕྱེད་ཀའི་རིང་དུ་ངལ་གསོ་ ཡིན། འདིའི་རིང་དུ་ཁྲིམས་ཐོག་དུ་ཁྲིད་མ་ཐུབ་པར་གཅིག་བྱས་ན་ང་རང་ཁྲིམས་ཐོག་ལ་མུ་ མཐུད་དུ་མི་བསྐྱེལ་བར་བཙོན་ཁང་དུ་འཇུགས་སྲིད་པ་ཡིན། ང་རང་ལ་ཁྲིམས་ཐོག་ནས་ཐག་གཅོད་ལྟར་བཙོན་ཁང་དུ་བཅུགས་པ་ཡིན་ན། དེ་ལ་ང་རང་གིས་སྔ་ནས་དྭང་ལེན་བྱེད་རྒྱུར་གྲྭ་སྒྲིག་ཡོད་ཀྱང་། མི་འདི་དག་གིས་བྱེད་སྟངས་ལ་བལྟས་དེ་འོང་དུས། རྒྱལ་ཁབ་འདིའི་ལས་ཁུངས་དུ་ཁྲིམས་བརྩི་སྲུང་གིས་མི་ལ་ཐག་གཅོད་བྱེད་མཁན་ཞིག་ གཏན་ནས་མེད་པར། སྒོར་མོ་ལས་གཏན་ནས་སུ་ཡང་ངོ་མི་ཤེས་པའི་ལས་ཁུངས་ཤིག་རེད་འདུག་སྙམ་པ་དེ་ངོས་ སུ་མཐོང་དུ་བཅུགས་སོང་།”འདི་ནི་ཁོང་ཐོག་ཁང་དུ་ཁྲིད་ནས་ཞིབ་བཤེར་ཁུངས་ཀྱིས་ཁོང་ལ་བཤད་པའི་སྐད་ཆ་དག་གླིང་ཚ་ཚེ་བརྟན་རྡོ་རྗེ་ཁོང་རང་ཉིད་ཀྱིས་ཡི་གེར་བྲིས་པ་དེ་རེད། དེ་ནས་ཐོག་ཁང་ནས་མར་ཐོན་དུས་གླིང་ཚ་ཚེ་བརྟན་རྡོ་རྗེས་ང་ལ་ཁ་པར་ཡོང་ནས་དེ་རིང་གཅིག་བྱས་ན་ང་ཁྲིམས་ཐག་གཅོད་ན་ཐང་གི་ཟེར། དེ་ནས་ངས་ས་དཀར་བསྟན་འཛིན་ལ་བཤད་ནས་ངེད་གཉིས་ཁོང་ལ་ལྟ་རུ་སོང་བ་ཡིན། དེ་དུས་ཁོང་གིས་ངེད་གཉིས་ལ་གོང་གི་སྐད་ཆ་དེ་དག་བཤད་ནས་དེ་རིང་ང་ཁྲིམས་ཐག་བཅད་ནས་བཙོན་ཁང་དུ་ཁྲིད་སོང་ན་ང་ལ་ཁྱོད་ཅ་ལག་ལེན་དུ་ཡོང་དགོས་ནི་རེད་ཟེར། དེ་ནས་ངེད་གཉིས་ཚུར་ཡོང་བ་ཡིན། ཕྱི་དྲོ་ཆུ་ཚོད་གསུམ་དང་སྐར་མ་བཅུ་ཡས་མས་ཤིག་ལ་ཁོང་གིས་ང་ལ་ཁ་པར་ཡོང་ནས་ད་ང་བཙོན་ཁང་ལ་ཁྲིད་རན་སོང་བས། ཁྱོད་ངའི་ཅ་ལག་ལེན་དུ་ཡོང་རོགས་གྱིས་ཟེར། དེ་ནས་ང་ཁོང་ཡོད་སར་ཐོན་དུས་སྣེ་ལེན་ཁང་གི་འབྲེལ་མཐུད་པ་ཚེ་བརྟན་ལགས་སླེབས་འདུག་ལ། གླིང་ཚ་ཁོང་གིས་ཅ་ལག་ཚང་མ་ང་ལ་སྤྲད་ནས་སེམས་ཁུལ་མ་བྱེད། ངས་ཞི་བའི་འཐབ་རྩོད་མ་ཤི་བར་དུ་བྱེད་ཀི་ཡིན་སོགས་ཀྱི་སྐོར་ནས་ཁ་བརྡ་མང་པོ་ཞིག་བྱས་སོང་ལ། ད་དུང་ཁྲིམས་ཁང་གིས་ཐག་གཅོད་བྱས་པའི་ཡིག་ཆ་ཚེ་བརྟན་གྱི་ལག་ཏུ་ཡོད་པས། དེ་བསྐྱར་དཔར་བྱས་ནས་མི་མང་གི་ནང་ལ་འགྲེམས་སྤེལ་བྱོས་ཟེར། དེ་ནས་ངས་ཁོང་ལ་ཅ་ལག་ཚོ་ག་རེ་བྱེད་དགོས་ཞེས་དྲིས་དུས། ཁོང་གིས་ང་ལ་ཅ་ལག་དེ་ཚོ་གཞན་སུ་ལའང་སྤྲོད་མི་དགོས། ཁྱོད་ཀྱིས་ཉོལ་སྡོད་དང་ཉིན་ཞིག་ལ་ངས་ཁྱོད་ལ་ལན་ཞིག་སྤྲད་ཡོང་ཟེར། གཞན་ཁ་སང་གི་གསར་འགྱུར་དུ་གློག་ཀླད་སོགས་དེ་གའི་ཉེན་རྟོགས་པས་འཕྲོགས་སོང་བར་བཤད་པ་དག་ནི་ཁུངས་ལྡན་གྱི་གནས་ཚུལ་མ་རེད་ལ། ཁ་སང་བར་ཉིན་ཉེར་ལྔའི་རིང་ཨ་ཚེ་དང་། ས་དཀར་བསྟན་འཛིན། ངེད་གསུམ་གྱིས་རས་མོས་བྱས་ནས་ཁོང་ལ་ཟ་མ་བསྐྱལ་བ་དང་། དགོས་མཁོ་གང་ཡོད་ཀྱི་ཐད་ནས་རོགས་བྱས་པ་ཡིན། འོན་ཀྱང་འདི་གཞན་ལ་བསྒྲགས་དགོས་དོན་མེད་མོད། འགའ་ཤས་ཀྱི་ཁ་ནས་སྙན་སྙན་འགྲིག་འགྲིག་རེ་བཤད་ནས་དོན་ལ་ཁོང་ཚོའི་བདེ་འཇག་ཁོ་ན་ལས་མི་བསམ་པས། འདིའི་རིགས་ལ་གསལ་བཤད་ཅིག་གི་ཚུལ་དུ་ཡང་ཡིན།
༢༠༡༢ ༦ ༡༦ཉིན།
ཚེ་བརྟན་རྡོ་རྗེ་རྒྱ་གར་ནས་བལ་ཡུལ་བར་གྱི་ལམ་ཁ་དག་ནས་ཚོགས་སྡེ་ཡིན་མིན་གྱི་མི་མང་པོས་སྔོན་རྗེས་གཉིས་ཀར་རྒྱུགས་ནས་སྐད་ཆ་འདྲི་བ་དང་པར་བརྒྱབས་སོགས་བྱས་རང་རང་གི་ཟིན་བྲིས་དང་ངོ་དེབ་དག་ཏུ་རང་བློར་འཚམ་པའི་སྐད་ཆ་འདྲ་མིན་མང་པོ་བཤད་སོང་། བལ་ཡུལ་དམག་གིས་འཛིན་བཟུང་དང་བཙོན་འཇུག་བྱས་རྗེས་བཟའ་བཏུང་སྐྱེལ་རེ་ཡང་མེད་པར་བསྡད་ཡོད་ཚུལ་ཁོང་གི་བཙོན་ཁང་གི་ཟིན་ཐོ་སྔ་རྗེས་ལ་བཀོད་འདུག
ད་ནི་ཁོང་ལ་ཁྲིམས་ཆད་བཙོན་འཇུག་དངོས་སུ་ལག་བསྟར་གྱིས་ལོ་ལྔ་ལྷག་ལ་ཁྲིམས་ལ་སྦྱར་སོང་། ཚོགས་སྡེ་ཁག་དང་གསར་འགོད་པ་ཚོས་ཀྱང་དོ་སྣང་མེད་པ་ལྟར་གྲགས་འགུལ་ཅང་མི་འདུག་ན།
སྤྱིར་ཡིན་ན་བོད་མིའི་སྒྲིག་འཛུགས་དང་དེ་མིན་ཚོགས་སྡེ་ཆར་ཆུང་གིས་ནུས་ཤུགས་རྩལ་སྤྲུག་བྱས་ནས་ཁོང་ལ་བཙོན་ལས་ལེན་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེར། དེ་མིན་འབྱུང་གྱི་བཙན་བྱོལ་མིས་ལས་འགུལ་ཆེ་ཕྲའི་ནང་དུ་རྒྱ་བལ་གཉིས་ཀྱིས་བོད་མི་ཚོ་ཁྲིམས་ལ་སྦར་ཏེ་བཙོན་འཇུག་བྱ་རྒྱུའི་ལམ་སྲོལ་ཞིག་ཏུའང་མི་འགྱུར་བའི་ངེས་པ་མི་འདུག་སྙམ།
ཁྲིམས་ཐག་གཅོད་སྟངས་འདི་གསར་འགོད་གསལ་བསྒྲགས་བྱས་ནས་ཡོངས་བསྒྲགས་བྱེད་དགོས་པ་རེད། ནེ་པ་ལའི་མཚོན་པའི་རྒྱལ་སྤྱིའི་གསར་ལམ་ཁག་ནས་དོ་སྣང་སླེབས་ཐུབ་པ་ཞིག་བཟོས་པ་ཡིན་ན། ཁྲིམས་ཐག་གཅོད་མཁན་གྱི་ལས་ཁུངས་ལ་ཡང་དེ་ལས་འཕྲོས་པའི་བཅར་འདྲི་བྱ་རྒྱུ་ཡིན་པ་དང་། ལོ་ལྔར་ཁྲིམས་ཐོག་བཅད་པ་དེ་ཁྲིམས་མཐུན་ཞིག་ཆགས་ཡོད་མེད་སོགས་གསལ་པོ་ཆགས་ཀྱི་རེད་སྙམ། ལྐོག་རྔན་རུལ་སུང་དང་ཁྲིམས་མཐུན་མིན་པའི་བྱ་ངན་སྤེལ་སྡོད་མཁན་དེ་ཚོ་ད་རེས་ཀྱི་གོ་སྐབས་འདི་བཟུང་ནས་གདོང་ལྤགས་ཕྱི་དགོས་པ་རེད། དེ་ལ་ནེ་པ་ལའི་ཚོགས་པ་སྐྱིད་སྡུག་ཁག་ནས་འགན་ཁུར་ཏེ་འགྲོ་སོང་གཏོང་དགོས་ནའང་བཏང་བ་ཡིན་ན། ཚེ་བརྟན་རྡོ་རྗེ་གཅིག་པོ་མིན་པར་མ་འོངས་ན་བཙོན་ཁང་དུ་བཀག་སྐྱིལ་བྱས་ཡོད་པའི་མི་གཞན་པ་མང་པོ་ཞིག་གི་ཐོག་ལའང་གང་བྱུང་མང་བྱུང་མི་བྱེད་པར་ཕན་ཐོགས་ཡོང་སྲིད།
གླིང་ཚ་ཚེ་བརྟན་རྡོ་རྗེ་ཁོང་རང་ཉིད་ཀྱི་ལྟོ་གོས་ཆེད་དུ་མིན་པར་བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་ཆེད་དུ་ལས་འགུལ་གོམ་བགྲོད་ཀྱི་བྱ་བཞག་རླབས་ཆེན་འདི་ལ་བཙན་བྱོལ་བོད་གཞུང་དང་ཚོགས་པ་ཆེ་ཆུང་དག་གིས་ངེས་པར་དུ་གདིང་འཇོག་གནང་སྟེ་ཁོང་བཙོན་ཁང་ནས་ལེན་ཐུབ་པ་བྱེད་རྒྱུ་ནི་བོད་གཞུང་དང་ཚོགས་སྡེ་ཆེ་ཆུང་དག་གི་འགན་ཁྲི་ཡིན། མི་འདྲ་མིན་དང་སྐད་ཆ་འདྲ་མིན་ལ་ཁ་གཡར་ཏེ་བཙན་བྱོལ་བོད་གཞུང་དང་ཚོགས་པ་འདྲ་མིན་ཚོས་མ་གོ་མ་མཐོང་གི་རྣམ་འགྱུར་ཞིག་བསྟན་པ་ཡིན་ན་སྤྱིར་བོད་དོན་ཐོག་སེམས་ཤུགས་ག་ཚོད་གཏོང་ཐུབ་ཀྱི་ཡོད་མེད་གསལ་བོ་ཆགས་ཀྱི་རེད་ལ་ལྷག་པར་དུ་ལས་འགུལ་སྤེལ་མཁན་ལ་རྒྱབ་སྐྱོར་མ་བྱས་ཚེ། རྒྱ་ནག་སྲིད་གཞུང་ལ་རོགས་རམ་ལྟ་བུ་ཆགས་མི་འགྲོ་བའི་ངེས་པ་གཏན་ནས་མེད།
དངོས་གནས་བཤད་ན་གླིང་ཚ་ལགས་ལ་འདི་འདྲའི་ཁྲིམས་གཅོད་ཅིག་བྱས་པ་ནི་རྩ་བ་ནས་དྲང་བདེན་ཞིག་མ་རེད་སྙམ། འོན་ཀྱང་། ངས་ཅི་ཡང་མི་ཤེས། དེར་བརྟེན་ཤེས་མཁན་ཞིག་གིས་བལ་ཡུལ་གཞུང་གི་རྩ་ཁྲིམས་ཀྱི་ནང་གི་དོན་ཚན་ཅི་ཞིག་གི་ནང་དུ་འདི་འདྲའི་རིགས་ལ་ཁྲིམས་ཐག་འདི་འདྲ་ཞིག་གཅོད་དགོས་པའི་གསལ་ཁ་ཡོད་མེད་ལ་ཞིབ་འཇུག་བྱེད་དགོས་པ་གལ་ཆེན་པོ་རེད་ལ། རྒྱལ་སྤྱིའི་ཁྲིམས་དང་བསྡུར་ནས་ཁྲིམས་ཆད་འདི་འདྲ་ཞིག་འབབ་མིན་ལའང་ཞིབ་འཇུག་བྱེད་དགོས་པ་ཆེན་པོ་རེད། གལ་སྲིད་ཁྲིམས་ཆད་འདི་དྲང་བདེན་མ་ཡིན་པ་དང་། ཚད་ལས་འདས་པའི་ཐུབ་ཚོད་ཅིག་ཡིན་ན་རྒྱལ་སྤྱིའི་སྒང་ལ་འབོད་སྐུལ་ཞུས་ཏེ་བལ་ཡུལ་གཞུང་ལ་གནོན་ཤུགས་སྤྲོད་ཐབས་བྱེད་དགོས་པ་གླིང་ཚ་ལགས་ལ་རྒྱབ་སྐྱོར་བྱེད་མཁན་དག་གིས་འགན་འཁྲི་ཡིན་པར་འདོད་ལ། མི་མང་ལ་དེའི་སྐོར་གྱི་གོ་རྟོགས་སད་པའི་ཕྱིར་དུ་བགྲོ་གླེང་འདྲ་མིན་གོ་སྒྲིག་བྱེད་དགོས་པའང་གལ་ཆེན་པོ་རེད།
བོད་ཀྱི་ཞི་བའི་འཐབ་རྩོད་པ་ཚེ་བརྟན་རྡོ་རྗེ་ལ་རྗེས་སུ་ཡི་རངས་ཡོད། རྨོག་རུ་བསྟན་པ་ཟེར་བའི་གདན་སའི་གདོན་རྫས་འདི་ཚོ་གུས་བཀུར་མེད།རྒྱུ་མཚན་ཁོས་ལྷོ་ཕྱོགས་ཕོ་ཉའི་སྒྲིག་འཛུགས་ཚང་སྒེར་ཟས་སྒེར་གཅོད་བྱེད་དེ་སྐབས་དེའི་ལས་བྱེད་རྣམས་གླ་ཆ་སོགས་མ་སྤྲད་པར་དཀའ་ངལ་ལྷུང་བཅུག་ཡོད་པའི་ལོ་རྒྱུས་མང་བོ་ཡོད།ལྷག་པར་ཨུ་རུ་སུ་ལ་སོང་ནས་བླ་བརྫུས་བྱས་ཏེ་དངུལ་བསྡུ་རུབ་བྱེད་པའི་པར་དང་གནས་ཚུལ་གསལ་བོ་ཡོད།
གོང་གི་ཚིག་དུམ་འདི་ཨ་རིག་འགྱུར་མེད་ཀྱི་ཟིན་བྲིས་ནང་འདུག་པ་བཞིན་ང་བསོད་ནམས་ཀྱི་བཀོད་པ་ལས། བོད་ཀྱི་བུ་ཟེར་བ་དེར་འབྲེལ་བ་མེད།
རྒྱལ་ཁབ་སུ་ཞིག་ཡིན་རུང་དྲང་བདེན་མ་བྱུང་ཚེ་ཁྲིམས་རྩོད་པ་གླས་ཏེ་ཁྲིམས་གཏུག་བྱས་ཆོག་གི་མ་རེད་པས། ང་ཚོ་ཚོགས་པ་ཁག་ག་རེ་གཉིད་པ་རེད་དམ་རྫི་བ་རེད། གོ་མེད་ཚོར་མེད་འདི་འདྲ་ཨེ་སྲིད། ད་དུང་ཡང་ཁྱོད་དང་ང་ཞེས་རྩོད་ནས་འདུག་རྒྱུ་ཡིན་ན།
ཨ་མདོ་བ་ཚོ་བོད་མི་རིགས་ཀྱི་ཆེད་དུ་ཤི་འཐམ་རོ་འཐམ་བྱས་རུང་། ཕན་ཐོགས་མེད་པ་འདྲ། གཞན་གྱི་མིག་ལམ་གྱི་འཁྲམ་སྟོན་ཙམ་རེད།
ཨ་མདོ་བས་རང་སྲོག་ལ་གཅེས་སྤྲས་བྱེད་རོགས།
ལོ་ལྔ་ཡི་ལོ་ཐག་ལ་ངོ་རྒོད་ཡོད། ནུས་ཤུགས་ཡོད་དགུ་བཏོན་ན་ཁོང་ཕྱིར་ལེན་མི་ཐུབ་པ་ཞིག་ཡིན་རྒྱུ་མ་རེད་འདོད། ཡིན་ན་ཡང་ཁོས་ལས་འགུལ་དེ་ཡང་བསྐྱར་བལ་ཡུལ་རྒྱུད་ནས་བྱེད་ན་བླང་དང་མ་བླང་གི་དགོས་བ་དབྱེ་མི་ཐུབ་པ་ཞིག་འདུག རྒྱ་བལ་གཉིས་ལག་སྦྲེལ་རེད། ད་ཚང་མས་ཁོང་གི་རེ་མདུན་ལྟར་རོགས་པ་རེ་ཨེ་ཐུབ་ལྟ།
ཡིག་ཆ་དང་པོའི་ནང་དོན་སྙིང་པོ་ནི། LANGTSA TSETEN DORGEE ལགས། ཆོག་མཆན་ཡིག་ཆ་མེད་པར་རྒྱལ་ནང་ལ་འཛུལ་པར་བརྟེན་ཉེས་ཆད་སྒོར་༥༠༠༠༠སྟོང་ཁྲག་ལྔ་བཅུ་བཀལ་བ་དང་། དེ་མ་བསྒྲུབས་ན་ཁྲིམས་ཁང་གོང་མར་གྱོད་གཏུགས་བྱ་རྒྱུ་ཞེས་འཁོད་འདུག
ཡིག་ཆ་གཉིས་པ་ཀློག་ཐབས་བྱ་བཞིན་ཡོད་ལགས།
གླིང་ཚ་གློད་གྲོལ་ཡོང་བར་བོད་མིའི་སྒྲིག་འཛུགས་དང་། ཚོགས་པ་ཁག་གིས་ཐབས་ཤེས་བྱས་ན་དེ་ཙམ་དཀའ་ཁག་ཡོད་རྒྱུ་མ་རེད། དེའི་ཐད་ཚང་མས་ཕྱ་གྲུ་མཉམ་འདེགས་གནང་རོགས་ཞུ། དེ་ལྟར་མ་བྱས་ན་མ་འོངས་པར་བོད་དོན་ལ་སེམས་ཤུགས་ཅན་གང་མང་ཞིག་སེམས་ཤུགས་ཆགས་རྒྱུའི་ཉེན་ཁ་མེད་པ་མ་རེད། དེ་དུས་བོད་སྤྱི་བ་ལ་གྱོང་ཆེན་པོ་ཞིག་རེད་སྙམ།
གཉིས་པའི་ནང་དོན་གསར་པ་ནི། དུས་བབ་ལས། ཁོང་ལ་ལོ་ ༥ དང་ཟླ་ ༥ ཉིན་ ༢༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་པ་འཁོད་འདུག ཟེར་བ་དང་མཚུངས་འདུག
མི་འདི་ལ་རོགས་བྱེད་མཁན་མེད་ཚེ།བོད་ལ་རྒྱབ་སྐྱོར་བྱེད་མཁན་དང་བོད་མི་འཐབ་རྩོད་པ་ཞིག་མེད་པ་རང་བཞིན་མ་ཡིན་ནམ།དོན་ཆེན་ལ་དོན་ཆུང་གི་ལྟ་བ་འཛིན་མཁན་གཞུང་སྒེར་གཉིས་ལ་གུས་མཆན།
སུས་བོད་ཀྱི་ཆེད་དུ་ལས་ཀ་བྱེད་ན་དེ་ལ་ཡིད་རངས་དང་གུས་པ་ཡོད། སད་ལོ་ཟེར་མཁན་སྨྱོན་པ་དེས་ཆོལ་ཁ་དཀྲུགས་བརྩིས་བྱེད་ཀྱི་འདུག་ཚང་མས་ཤེས་པ་གྱིས་རོགས། ཁྲིམས་རྩོད་པ་གྲགས་ཅན་འཚལ་ནས་གོང་གི་ཁྲིམས་ཐག་དེ་འསྒྱུར་བཅོས་གཏོང་ཐབས་བྱེད་དགོས།
ཨ་ཨ་ཨ། མར་གྱིས་ཚུལ་ལུ་ཉོས། སྐྱིད་ཀྱིས་སྡུག་ཉོས་ཟེར་བ་འདི་མིན་ནམ།
ལྟེ་ཁྲག་དམར་པོ་ཁ་བའི་ལྗོངས་སུ་འཐོར། ཞབས་ཀྱི་རལ་ཁ་འཕགས་པའི་་ཡུལ་ལྟམས་ནས།
ཐུགས་ཀྱིས་བཞེད་པ་བདེན་་དོན་ལ་དགྱེས་ཤིང་། རང་ལུས་འདོམ་གང་གདོང་དམར་བོད་པའི་ཆེད།
ཤི་ཡང་མི་གཞོམ་ཕོ་རྒོད་ཆོལ་གསུམ་ལས། མདོ་སྨད་ཨ་མདོའི་རིགས་ལས་འཁྲུང་པ་ཡི།
གླིང་ཚ་ཚེ་བརྟན་མི་ཡི་ནོར་བུ་མཆོག།
གླིང་ཚང་ཚེ་བརྟན་རྡོ་རྗེས་ལགས་ཀྱི་སྙིང་སྟོབས་དང་སེམས་ཤུགས་དེ་མི་མང་པོ་ཞིག་ལ་ཚོར་བ་གསར་པ་གཏར་ངེས་རེད་་་་་་་་་་ད་དུང་མི་མང་པོ་ཞིག་གིས་གླིང་ཚང་ཚེ་བརྟན་རྡོ་རྗེ་ལ་ཁ་རྡུང་བྱས་པ་ཆ་ཚང་ཁོ་རང་གིས་ལེན་དངོས་སུ་མ་བརྒྱབས་ན་ཤུགས་ཀྱི་རྒྱབ་ཡོད་རེད་་་་་་་་་་་་་་་་
འོ་རེད་གླིང་ཚང་་་་་ཚེ་བརྟན་རྡོ་རྗེ་ཁོང་ནས་དེ་སྔར་བོད་དོན་ཆེད་ལས་འགུལ་གང་འདྲ་བྱས་ཡོད་མེད་ཤེས་འདོད་ཡོད། རྣམ་པ་ཚོས་འགྲེལ་བརྗོད་གནང་ཐུབ་ན་དགེ་མཚན་ཆེན་པོ་ཡོད་ས་རེད། ངས་བྱས་ན་བོད་མི་སྒྲིགས་འཛུགས་ནས་ཁོང་མར་བཏོན་ཡག་ལ་འབད་བརྩོན་ལྷད་མེད་བྱེད་ཀྱི་མ་རེད། གང་ཡིན་ཟེར་ན་ལས་བསླ་པོ་ཐོག་ལ་བཏོན་པ་ཡིན་ན། ཁོང་ཚོར་ཁྱབ་སྒྲགས་བྱེད་ཡག་མེད་པ་་་བརྡ་སར་བོད་དོན་ལས་ཁུངས་ཁག་ལ་་་་ལས་ཀ་ཡང་མེད་པ།།