བུ་མོའི་སྐྱེས་སྐར་ལ་བྲིས་པ།
ལྷ་ལུང་རྒྱལ།
༡
རི་ཁའི་འཚོ་བར་དུང་ཞེན་ཟབ་བམ་ཤེས་པའི་ཁྱེའུ་ཉམས་ཆུང་གི།
ངེས་མེད་ཁྱིམ་གྱི་གཤོང་བུར་འཛུམ་པ་ཁོ་བོའི་སྲོག་གི་དྭངས་མར་གྱུར།།
དཀའ་སྡུག་ལོ་ཟླའི་དགུན་ཚིགས་རིང་མོ་དབྱར་གྱི་ལང་ཚོར་རབ་འཁྲུལ་པས།།
བདག་གི་བྲང་ཁུང་མུན་པའི་ཁྱུད་མོ་སྤྲོ་དགའ་ཉི་མའི་འོད་ཀྱིས་ཕྱུང་།།
༢
སྤྲེལ་གྱི་རིགས་གཏོགས་དགེ་བའི་རྗེས་སོ་སྤོབས་པའི་མགོ་བོ་ཡར་ལ་འདེགས།།
མིང་གི་རྔན་པ་ས་སྤྱོད་ཆེན་མོས་ཐུགས་རྗེར་བསྔགས་པའི་གླུ་དབྱངས་ལོངས།།
ཐུ་བྷོད་རྒྱལ་གླུའི་འགྱུར་ཁུག་སྙན་མོ་མགྲིན་པར་འཁྱིལ་བའི་དཔུང་ཁག་ཅིག།
དྲག་ཏུ་འཕྱོ་བའི་རྦ་རླབས་ཇི་བཞིན་ངར་གྱིས་འཚར་རྣམས་ལག་གདང་སྦྲོལ།།
༣
པ་ཕས་སེམས་ཀྱི་གཡུ་ཆུང་དྲུ་དཀར་ཨ་མས་གཟི་མིག་དགུ་བ་བཞིན།།
གཅེས་པར་བསྐྱངས་པའི་རིགས་ཀྱི་མྱུ་གུས་བཙན་པོའི་ཞབས་རྗེས་མ་རྙེད་པའི།།
ཁྲེལ་གྱིས་བཏང་བའི་གཏམ་རྒྱུད་ཁྱུ་ཞིག་རླུང་གིས་གཡོ་བ་བདེན་སྲིད་ན།།
གནའ་དེང་ཤེས་བྱའི་གོ་ལག་ཐོགས་འདི་ཀུན་ལས་རྣམ་པར་རྒྱལ་བའི་རྒྱུ།།
༤
གཉའ་ཁྲི་བཙན་པོ་བོད་པ་ཡིན་མིན་ཁྲི་སྲོང་འཁྲུངས་འདས་ལོ་ཚིགས་དང་།།
རྣམ་དབྱེ་གཉིས་བཞིའི་རྩོད་པ་ལྟ་བུས་མིན་བཞིན་ཡིན་དང་རྫིག་མདོག་གིས།།
ཉི་མ་ཕུད་པ་ཕུང་བའི་རྒྱུའོ་ཕ་ལ་ལན་གཅིག་བལྟས་ཀྱང་ཤེས།།
ཕྱི་གླིང་མི་ཡི་སྡ་དང་ཡི་གེ་གར་བསྐྱོད་གོམ་པའི་རྐང་རྟེན་བྱོས།།
༥
ཙོང་ཁ་པ་ཡི་རྟེན་འབྲེལ་ལྟ་བས་ཤར་ནུབ་མི་ལ་ངོ་མཚར་སྐྱེད།།
བསྟན་འཛིན་རྒྱ་མཚོའི་འཚེ་མེད་ཞི་བས་གནམ་འོག་གོར་མོར་བདེ་བ་བསྐྲུན།།
ཚེ་སྨོན་གླིང་དང་དགེ་ཆོས་ལ་སོགས་ཆོས་སྲིད་དབང་གི་ཁྲིར་འཁོད་དག།
རྨ་ཀླུང་སྒེག་མོས་བསྐྱངས་པ་འདྲ་ན་མགོ་བོ་དང་ཁར་སྨད་དོན་ཅི།།
༦
ཕར་ལ་བལྟས་ཚེ་མཐོ་བ་འདྲ་བས་སྒུར་སྒུར་མགོ་བོ་ས་ལ་དུད།།
རང་ཉིད་གཞན་ལས་ཆུང་བར་དོགས་ནས་ཞུམ་ཞུམ་ངགི་སྐད་ཀྱང་འདར།།
གསེར་གྱི་ཤེས་འཇོན་ཁྱི་ཡི་ཁོལ་བོར་དགའ་བཞིན་གཏོང་བ་འོས་མིན་པས།།
རང་ངོ་རང་གིས་ཟིན་རྒྱུ་གཙོ་ཞེས་མཁས་པས་གསུངས་པ་ལོས་ཀྱང་བདེན།།
༧
ཇོ་མོ་གླང་མའི་རྒྱང་གི་འབོད་པ་མལ་ཡང་རྣ་བའི་རྒྱན་ལ་ཐོགས།།
ཁྲི་གཤོག་རྒྱལ་མོའི་རེ་བའི་འཛུམ་དཀར་སྙིང་གི་ཁང་བའི་སྦུག་ལ་ཆུག།
རྒྱལ་བའི་དཀའ་སློབ་རིང་ཐུང་འདྲ་མིན་མི་གོ་ན་ཡང་ལན་རེར་ཀློག།
ཕ་ཡི་སེམས་ཀྱི་རེ་བའི་གཏམ་དག་མཆོག་གི་སྨན་ཡིན་དགའ་བས་ཟོ།།
༨
ཆེན་པོ་དཔོན་གྱི་སྲས་དང་སྲས་མོའི་སྐྱེས་སྐར་ཤ་ཆང་སྡེར་ཁས་བསུ།།
ཉམས་ཆུང་མི་ལ་སྐྱེས་སྟོན་ཕར་ཞོག་སྐྱེས་ཚེས་ནམ་ཡིན་བཤད་རྒྱུ་མེད།།
དེ་ལྟ་ནའང་འཁོས་ཆུང་ཕ་ཡི་སེམས་ཀྱི་མཚོ་མོའི་གྲྭ་གཅིག་ཏུ།།
ཁྱོད་ཀྱི་སྐྱེས་སྐར་གཅེས་པར་ཉར་ལ་དགའ་བར་གྱིས་ཤིག་བསོད་ནམས་རེད།།
༩
བྱིན་རླབས་ཚན་ཁའི་གཟི་འོད་འབར་བའི་རིན་ཆེན་དང་པོའི་མཆོད་རྐོང་ནང་།།
འབྲུ་མར་སེར་པོའི་མཆོད་མེ་རྐང་གཅིག་མེད་ཀྱང་གཡར་དེ་ལྷ་ལ་འབུལ།།
སྣང་གསལ་མར་མེའི་འོད་སྣང་ལྟ་བུའི་ཟབ་ཅིང་གསལ་བའི་བློ་རིག་ཞིག།
སྐྱེས་ཞིང་མི་ཉམས་རེ་བས་ཡིན་ནོ་ཁ་བྲོ་ཚེ་རིང་བཀྲ་ཤིས་ཤོག།
རྒན་ལྷ་ལུང་མཆོག་གི་བུ་མོ་ཚེ་བྷེ་ལགས་ཀྱི་སྐྱེས་སྐར་ལ་སྙིང་ཁོངས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། བུ་མོ་ཚེ་བྷེ་ལགས་ནི་རིག་ཡག་མ་ཞིག་ཡིན་སྟབས། ཁོ་མོར་ཏན་ཏན་མདུན་ལམ་ཡག་པོ་ཞིག་ཡོད་པ་རེད།
སྐྱེས་པའི་ཚེས་ལ་རྟགས་ཤིག་འཇོག་པ་ནུབ་ཕྱོགས་གླིང་ནས་མཆེད་པར་སྐད།། འདས་པའི་ཚེས་ལ་སྐྱེལ་ཞིག་སྒྲིག་པ་སྒང་བ་བོད་པའི་ལུགས་སུ་འབོད།། སྐྱེ་འཆིའི་བཞུད་ལམ་རིང་མོའི་འདབ་ནས་མི་མཐུན་ལས་ལུགས་གསོན་པོ་རེ།། ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་བའི་བྱ་གཞག་འདི་ཀོ་ཆུ་རིས་ཙམ།།
ཨ་ཕའི་ཡི་གེ་འདི་ནི་བུ་མོའི་སྐྱེས་སྐར་ལ་སྤྲད་ན་རན་པོ་ཡོད་དམ། ཁ་ཆེམས་དུ་བཞག་ན་རན་པོ་འདུག་གམ། སྤྱིར་བཏང་གི་དྲི་བ་ཞིག་ཡིན། དྲ་གྲོགས་ཚོ། སྐྱེས་སྐར་ནི་སྐྱིད་སྐྱིད་གཏོང་བའི་དུས་ཞིག་རེད། ཉིན་མོ་དེར་ངའི་ཨ་ཕས་ང་ལ་ཁ་ཏ་སློབ་གསོའི་ཡི་གེ་འདྲ་སྟེར་ན་ང་ནི་ཉོབ་ནས་ཤི་འགྲོ་ས་རེད།
ངས་བལ་ཡུལ་ནས་རྒན་ལགས་ཀྱི་བུ་མོའི་སྐྱེ་སྐར་ལ་རྟེན་འབྲེལ་ཞུ་བཞིན་ཡོད་ལགས།
མྱི་རྡང་འདི་སྔོན་མ་མཚོ་སྔོན་དགེ་ཐོན་སློབ་ཆེན་ན་ཡོད་དུས་ངོ་ཤེས་ཀི་ཡོད
རྒན་ལགས་ཀྱི་རྩོམ་འདི་ཀློག་གིན་ཀློག་གིན་སྙན་ནས་སྙན་དུ་འགྲོ་ཡི་འདུག སྒྱུ་རྩལ་བརྩམས་ཆོས་ཟེར་བ་འདི་ལྟ་བུར་བརྗོད་པ་ལོས་ཡིན་སྙམ། བུ་མོའི་སྐྱེས་སྐར་ལ་བཀྲིས་བདེ་ལེགས་གྲངས་མེད་ཞུ།
ཡིག་ནོར་དང་དོན་སོགས་གྲངས་མང་མཆིས་སོ་