ངས་པོ་རྒྱལ་མཚན།
བོད་མིའི་ངེས་དོན་གྱི་སྐྱབས་མགོན། མུ་གེ་དང་གོད་ཆག་ཆེན་པོའི་དུས་ཀྱི་དཀྱོག་མཚམས་ཆེན་པོ་ཞིག་ཏུ། བོད་མི་རིགས་ཀྱི་དོན་དུ་ཞུམ་པ་མེད་པར་རང་གི་ས་གནས་ས་ཐོག་ཏུ་ཁ་ཡོད་ལག་ཡོད་ཀྱིས་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་གིས་ཕྱག་ལས་གནང་མཁན་ཀུན་གཟིགས་༸པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱིི་རྒྱལ་མཚན་དཔལ་བཟང་པོ་མཆོག བོད་མི་རིགས་ཀྱི་བདེ་སྡུག་དང་སྔོན་བྱོན་མཁས་དབང་རྣམས་ཀྱིས་དཀའ་བ་བརྒྱ་ཕྲག་གིས་བསྒྲུབས་པའི་ཤུལ་བཞག་རིན་ཆེན་ནོར་བུ། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་མེས་པོའི་རིག་གཞུང་ཕུན་སུམ་ཚོགས་པོ། བོད་མི་རིགས་ཀྱི་བླ་དང་སྲོག་གི་བོ་བོར་འདྲེས་པའི་བོད་སྐད་ཡིག་རིག་གནས་འདི་ཉིད་རླུང་འཚུབ་ཁྲོད་ཀྱི་མར་མེ་ལྟ་བུའི་ཡ་ངའི་གནས་སྟངས་འོག་ནས་སྐྱོབ་ཆེད་དགོངས་པ་ཆོས་དབྱིངས་སུ་འཐིམ་ནས་མི་ལོ་ཧྲིལ་པོ་ ༢༠ ལྷག་ཙམ་འདས་ཟིན།
རྒྱ་དམར་ཇག་ཚོགས་ཀྱིས་དེང་དུས་ཀྱི་ཚན་རིག་དང་མཐུན་པའི་བོད་མི་རིགས་ཀྱི་བླ་སྲོག་སྐད་ཡིག་དེ་ཆེས་རྗེས་ལུས་དང་རྨོངས་དད་དུ་བརྩིས་ཏེ་བོད་སྐད་རྒྱག་མཁན་ལ་མཐོང་ཆུང་དང་། བོད་ཆས་གྱོན་མཁན་ལ་འཕྱ་སྨོད་དང་ཁྲེལ་རྒོད་བྱེད་པ། བོད་ཀྱི་སྐད་ཡིག་ནི་ཐ་སྙད་མི་ལྡང་བ་དང་། གནས་ཚུལ་གོ་བརྡ་མི་འཕྲོད་པ། ནུས་པ་མེད་པའི་གད་སྙིགས་རེད་ཟེར་བ་སོགས་ཀྱི་མིང་བཏགས་ནས་རྩ་གཏོར་བཏང་དང་གཏོང་བཞིན་པའི་སྐོར་དང་། བོད་མི་ཡོངས་ལ་ངོ་ལོག་ཟིང་འཁྲུག་པའི་ཉེས་མིང་སྣ་ཚོགས་བཏགས་ཏེ་དྲང་བདེན་མིན་པའི་ཁྲིམས་ཆད་ཀྱིས་མུན་བཙོན་ནང་ཁྲག་དྲི་བྲོ་བའི་མནར་གཅོད་དང་གདུག་རྩུབ། བཙན་ཤེད་བཏང་སྟེ། བོད་མི་འབུམ་ཕྲག་མང་པོ་མུ་གེ་བཀྲེས་ལྟོགས་ཀྱིས་ཕྱི་མའི་སྔ་ལམ་དུ་བཏང་བའི་ཡ་ང་བའི་བདེན་གཏམ་དེ་དག ཁོང་ཉིད་ཀྱིས་ལྕགས་འཁྲབ་ཀྱི་ན་བཟའ་བཞེས་ཏེ་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་ཟུངས་ཟད་ཁྲག་ཐིག་དམར་པོས་ཆེས་ཉམ་ཐག་པའི་གནས་སྟངས་དེ་དག་ཡི་གེའི་གཟུགས་སུ་བཀོད་པ་བོད་འབངས་བདེ་སྡུག་གི་འབོད་སྒྲའམ་ཡོངས་གྲགས་སུ་༼ ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ ༽ཞེས་པ་འདི་ནང་པའི་བསྟན་པ་དང་འགྲོ་བ་རྩེ་གཅིག་ཏུ་གནག་པའི་རྒྱ་དམར་གྱི་སྲིད་བློན་ཀྲུའུ་སོགས་ལ་གནང་བས། སྐབས་དེ་དུས་གུ་ཡངས་ཅན་གྱི་དབུས་གཞུང་གི་མགོ་ཁྲིད་འགའ་ཞིག་གིས་སྙན་ཞུ་འདི་བཞིན་རིན་ཐང་ཡོད་པའི་སྐྱོན་གནད་ཐེར་འདོན་བྱས་པ་ཞིག་ཡིན་པར་ངོས་འཛིན་གྱིས་བོད་ཀྱི་ལས་དོན་ལ་བསྒྱུར་བཅོས་གཏོང་རྒྱུའི་བསམ་འཆར་བཏོན་ཡོད།
ཐོག་མར་གཡོ་སྒྱུ་ཁྲམ་གསུམ་ལ་བྱང་ཆུབ་པའི་སྲིན་བུ་མའོ་ཡིས་ཀྱང་༧ཀུན་གཟིགས་མཆོག་དང་མཇལ་འཕྲད་ཞུས་ནས་སྙན་ཞུ་འདིའི་སྐོར་ལ་གྲོས་བསྡུར་དང་གླེང་མོལ་ལྟ་བུ་བྱས་ཡོད། དེ་ནས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་མགོ་འཛིན་ལི་ཝུ་ཧན་དང་། ཞི་ཀྲུང་ཞུན་གཉིས་སྙན་ཞུ་འདི་ལ་གྲོས་བསྡུར་ཞིབ་འཇུག་བྱེད་པའི་ལས་བྱེད་དུ་བསྐོ་བཞག་བྱས། ཁོང་ཚོས་བོད་ཀྱི་ལས་དོན་སྐོར་ལ་བསྒྱུར་བཅོས་གཏོང་རྒྱུའི་ཡིག་ཆ་ཁག་བཞི་ཙམ་བཟོས་ཡོད།
༡ རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ལས་དོན་ཤུགས་སྣོན་བྱེད་པ་དང་ལས་ཀ་མཉམ་སྒྲུབ་ཀྱི་འབྲེལ་བ་ལེགས་སྤེལ་གཏོང་བའི་འཆར་ཟིན།
༢ མུ་མཐུད་ནས་ཆོས་དད་རང་མོས་སྲིད་བྱུས་ཀྱི་གཏན་འབེབས་ཁ་ཤས་ལག་བསྟར་བྱེད་པའི་སྐོར་ཀྱི་འཆར་ཟིན།
༣ ངོ་ལོག་ཟིང་འཁྲུག་པ་ཐག་གཅོད་གཏན་འབེབས་ལག་བསྟར་བྱེད་པའི་འཆར་ཟིན།
༤ ལས་བྱེད་པ་གསོ་སྐྱོང་དང་སློབ་གསོ་གཏོང་བའི་ཞིབ་ཕྲའི་ཐབས་ལམ་གྱི་འཆར་ཟིན་བཅས་རེད།
དེ་རྗེས་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་ཚོགས་འདུ་སྐོང་ཚོགས་བྱེད་པའི་སྐབས་ཁྱི་སྤྱང་མའོ་ཡིས་གདོང་རིས་ངོ་མ་ཕྱིར་མངོན་ནས་“༧པཎ་ཆེན་གྱིས་རྔ་མ་གནམ་བཀྱགས་ཤིང་། གནམ་གྲུའི་རྔ་མ་ལས་ཀྱང་མཐོ་བ་རེད” ཅེས་དང་། “ ཁྱེད་ཚོས་༼ཀྲང་ཅིན་ཝུ་སོགས།༽༸པཎ་ཆེན་མི་རིགས་ཀྱི་དབུ་ཁྲིད་ཅིག་ཏུ་གསོ་སྐྱོང་བྱེད་བསམ་གྱིན་ཡོད་མོད། ངས་བལྟས་ན་༸པཎ་ཆེན་གྱིས་མགོ་ཁྲིད་བྱེད་ཐུབ་རྒྱུ་མ་རེད” ཅེས་སོགས་ཆེས་རྣོ་ངར་ཆེ་པའི་སྐྱོན་བརྗོད་བྱེད་རྒྱུ་མགོ་བཙུགས་ཡོད། དེ་རྗེས་ཤ་ཁྲག་རུས་གསུམ་ལ་རྔམ་པའི་རྒྱ་དམར་ཇག་ཚོགས་ཀྱི་དམག་མི་དང་། ལ་རྒྱ་དངུལ་དང་བརྗེ་བོ་བརྒྱབ་པའི་རང་རིགས་ཅོལ་ཆུང་འགས་མང་ཚོགས་ཀྱི་ཁྲོད་དུ་༸ཀུན་གཟིགས་མཆོག་ལ་གུང་ཁྲན་ཏང་ལ་ངོ་རྒོལ། མི་མང་ལ་ངོ་རྒོལ། སྤྱི་ཚོགས་རིང་ལུགས་ལ་ངོ་རྒོལ་ཞེས་ཉེས་ཞྭ་གསུམ་གཡོག་ནས་འཐབ་འཛིང་སྣ་ཚོགས་བཏང་སྟེ་དྲག་པོའི་འོ་བརྒྱལ་བཟོས་ཡོད།
དེ་ནས་རྒྱ་དམར་འབྱུང་པོའི་དམར་སྲུང་དམག་མིས་༸མཚན་དཀྱིལ་དུ་༸ཀུན་གཟིགས་མཆོག་གི་གཟིམ་ཆུང་ནང་ལ་མཆོངས་ཏེ་སྐུ་ལུས་ལ་༼ཉེ་ལུན་༽འགྱིག་གི་ཐག་པས་དམ་པོར་བསྡམས་པས། ཐག་པ་ཧ་ཅང་གི་ཕྲ་སྟབས་སྐུ་ཤའི་ནང་དུ་ཟུག་ཀྱང་ཐག་པ་ད་དུང་མི་གློད་པར་མ་ཟད་མགོན་པོ་མཆོག་ལ་ཚིག་ངན་སྨྲས་ཏེ་ཉེས་རྡུང་དྲག་པོས་ཕྱག་ཞབས་གཉིས་ལ་ལྕགས་སྒྲོག་བཅིངས་ནས་ཉིན་མཚན་འཁྱོལ་བར་དཀའ་བའི་གཤིན་རྗེའི་གྲོང་ཁྱེར་ལྟ་བུའི་མུན་ནག་གི་བཙོན་ཁང་ནང་དུ་ལོ་ངོ་ཧྲིལ་པོ་དགུ་དང་ཟླ་བ་བརྒྱད་ལྷག་དང་། བཟང་བཙོན་ལ་ལོ་ངོ་བཞི་དང་ཟླ་བ་དྲུག་ལྷག་བཅས་ཁྱོན་སྡོམ་ལོ་ངོ་ ༡༤ ལྷག་གི་དཀའ་སྡུག་མྱངས་ཏེ།ཐ་ན་རིན་ཆེན་སྐུ་སྲོག་ཀྱང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ལྟག་ཆུ་ཆད་པའི་རྫིང་བུ་ལྟ་བུ་དེ་ཉིད་སྐྱོབ་ཆེད་དུ་ཕུལ་ཡོད།
མགོན་པོ་གང་གི་མཆོག་སྤྲུལ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་ལོ་དྲུག་ཙམ་ལ་ཕེབས་དུས་འགོང་པོ་རྒྱ་མིས་འགྲོ་བ་མིའི་ཐོབ་ཐང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་སོགས་ལ་རྒྱབ་འགལ་གྱིས་མཆོག་སྤྲུལ་རིན་པོ་ཆེ་དང་ཡབ་ཡུམ་སྐུ་འཁོར་སོགས་འཁྲུངས་ཡུལ་ནས་རྒྱ་དམར་ཇག་ཚོགས་ཀྱིས་དབང་ཤུགས་དྲག་པོས་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༡༧ ལྷག་འདས་ཟིན་ཡང་། དུས་ཡུན་འདིའི་རིང་ལ་བོད་མིའི་བདེ་སྡུག་དང་རེ་འདོད་ཞུ་ས་བཙན་བྱོལ་གཞུང་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་དེང་སྐབས་རྒྱ་གར་གྱིི་མངའ་སྡེ་གང་སར་ཡོད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས། དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས། ཆབ་སྲིད་བཙོན་ཟུར་མང་པའི་བོད་ཀྱི་དགུ་བཅུ་ལས་འགུལ་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། ཕྱི་རྒྱལ་གྱི་ན་གཞོན་མང་བའི་བོད་རང་བཙན་སློབ་ཕྲུག་ཚོགས་པ། ༸ཀུན་གཟིགས་མཆོག་གིས་ཁྲག་དང་རྔུལ་ཆུའི་འགྲོ་གྲོན་བཏང་བ་ལ་རྟེན་ནས་སྣ་འཛོམ་ཤེས་བྱའི་རྭ་བ་ནས་ལང་ཚོའི་འབྲས་བུ་སྨིན་པའི་བོད་ཀྱི་རྩོམ་པོ་མཐུན་ཚོགས་ལ་སོགས་པའི་གཞུང་མང་གཉིས་ཀྱིས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་རྒྱ་དམར་ཀླ་ཀློའི་བཙན་གནོན་དྲག་པོའི་འོག་ནས་ཡབ་མེས་གོང་མ་རྣམས་ཀྱི་ཁྲག་དང་རྔུལ་ཆུས་བསྐྲུན་པའི་བོད་ཀྱི་དགོན་སྡེ་དང་སློབ་གྲྭ ཆོས་དང་རིག་གཞུང་། དཔལ་འབྱོར། ཤེས་ཡོན། ཁོར་ཡུག་བཅས་ཀྱི་ཐད་ལ་ཐུགས་སྟོབས་ཞུམ་པ་མེད་པའི་ཐོག་ནས་དུས་ཡུན་ཐུང་ངུ་ཞིག་གི་ནང་བོད་ཀྱི་དཔལ་ཡོན་སླར་གསོའི་ཐད་ལ་གང་ཟག་སུ་གང་གིས་ཀྱང་ཚབ་བྱེད་ཐབས་བྲལ་བའི་མཛད་རྗེས་རླབས་ཆེན་བཞག་ཡོད་པ་དེ་དག་གི་བཀའ་དྲིན་དྲན་ཏེ། མཆོག་སྤྲུལ་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་དགེ་འདུན་མཆོག་རྒྱ་དམར་སྲིན་པོའི་མུན་དོང་ར་བ་ནས་མྱུར་དུ་ཀློད་གྲོལ་ཆེད་དུ་ཆུང་སྲིད་རིན་པོ་ཆེའི་སྐུའི་འཁྲུངས་སྐར་སྐབས་གཙོ་བོ་བུད་མེད་ཚོགས་པས་ལས་འགུལ་ཆ་ངེ་ཆུང་ངེ་ཞིག་སྤེལ་བ་མ་གཏོགས་ད་ལྟའི་བར་དུ་ལས་འགུལ་ནུས་ལྡན་ཞིག་གཞུང་སྒེར་སུ་འདྲ་ཞིག་ཀྱང་སྤེལ་མྱོང་མེད། དེར་མ་ཟད་ཉི་ཧོང་དུས་བབ་གསར་ཤོག་གི་རྩོམ་སྒྲིག་པ་ཞིག་གིས་༸པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་ཚར་ཡོད་པ་རེད། ཅེས་པའི་གསར་འགྱུར་དེ་རྒྱལ་སྤྱིའི་གསར་ལམ་ཁག་ཅིག་ཏུ་ཐོན་ཡོད་ནའང་བཙན་བྱོལ་གཞུང་དམངས་གཉིས་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ། དེ་བཞིན་ཕྱི་རྒྱལ་གྱི་གནད་ཡོད་མི་སྣ་ཁག་ལ་དྷ་སར་ཕེབས་དུས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་སྐོར་ལ་གླེང་ཙམ་ཡང་མི་གནང་བ་ནི་རང་གཞུང་གི་བོད་ཀྱི་ཆབ་སྲིད་བཙོན་པའི་ལས་དབང་ལ་ཐུགས་བཞེད་དང་ལྟ་སྟངས་གང་འདྲ་འཛིན་གྱི་ཡོད་མེད་དཔོག་ཐུབ་པ་ཞིག་རེད་སྙམ།
བཙན་བྱོལ་རང་དབང་ལུང་པར་གཞུང་དམངས་གཉིས་ནས་དམིགས་བསལ་གྱིས་༸པཎ་ཆེན་རིན་པོ་ཆེའི་སྐུ་བགེགས་བར་ཆད་ཞི་བར་ཞབས་རིམ་བསྒྲུབ་རྒྱུ་ལྟ་ཅི། ཐ་ན་གཙུག་ལག་ཁང་དུ་ལོ་རེ་དམག་མིས་གུ་རུ་འབུམ་ཚོགས་ཚུགས་སྐབས། གཞུང་གི་བསྟན་སྲིད་ཀྱི་དོན་དུ་ཞབས་རིམ་སྒྲུབ་སྐབས། དཔྱིད་ཆོས་ཆེ་མོ་ལ་སོགས་པ་ཚུགས་སྐབས་རྒྱ་དམར་ཀླ་ཀློས་བཙན་ཤེད་བཏང་བ་བཞིན་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་ཞབས་བརྟན་རྩ་བ་ནས་འདོན་གྱི་མི་འདུག
དེར་མ་ཟད་ད་ལོ་བཀའ་སྤྱི་མཉམ་རུབ་ཐོག་རྒྱལ་སྤྱི་དང་རྒྱ་གར་ནང་ལས་འགུལ་སྤེལ་སྐབས་བོད་ཀྱི་ལས་དོན་སྐོར་ལ་དོན་ཚན་མང་པོ་ཞིག་བྲིས་འདུག་ཀྱང་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་སྐོར་ལ་ཡིག་འབྲུ་ཚིག་གཅིག་ཀྱང་མཐོང་རྒྱུ་མི་འདུག་པས་ཅི་འདྲའི་ཡིད་སྐྱོ་དགོས་པ་ཞིག་མ་རེད་དམ། བོད་ནང་དུ་རྒྱ་དམར་གྱིས་གདུག་རྩུབ་ཆེན་པོས་བོད་མི་སེར་སྐྱ་ཡོངས་ཀྱིས་ཆུང་སྲིད་རིན་པོ་ཆེའི་ཞབས་བརྟན་སྟོན་མི་ཆོག་པ་བཟོས་པ་མ་ཟད། སྐུ་པར་ཙམ་ཡང་ཉར་མི་ཆོག་པ་བཟོས་ཡོད་པ་ཚང་མས་མཁྱེན་གསལ་རེད། རྒྱལ་ཞེན་ཅན་གྱི་གདན་ས་ཁག་གི་གྲྭ་བཙུན་མང་པོ་ཞིག་ལ་ཆུང་སྲིད་རིན་པོ་ཆེའི་སྐུ་པར་ཉར་པའི་ཉེས་མིང་དང་། ཡང་འགའ་རེ་ལ་ཞབས་རྟེན་བཏོན་པའི་ཉེས་མིང་འོག་བཙོན་དུ་བཅུག་ཡོད་པ་མ་ཟད་དགོན་པ་ནས་ཕྱིར་འཕུད་བཏང་བ་ཡང་ཉུང་ཉུང་ཞིག་གཏན་ནས་མིན།
སྨོན་ལམ་ལོག་པའི་རྒྱ་དམར་གདོན་འདྲེའི་གཉའ་གནོན་དང་གདུག་རྩུབ་འོག་ནས་རང་གི་ཕ་རུས་དཀར་པོར་གདུང་ཞེན་ཅན་གྱི་བྱེས་བཞུགས་གདན་ས་ཁག་གི་གྲྭ་བཙུན་དང་རྒྱལ་གཅེས་ལྷག་བསམ་གྱི་རྒྱལ་ས་ལྷ་སའི་གཞོན་སྐྱེས་ཕོ་མོ་མང་པོས་རང་གི་སྙིང་ཉེ་བའི་གྲོགས་ཕན་ཚུན་ལ་དངུལ་བསྡུ་རུབ་ཕྲན་བུ་བྱས་ཏེ་འཁྲུངས་སྐར་བག་བསྲེག་(Cake)ཉོས་ནས་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་ཆུང་སྲིད་རིན་པོ་ཆེའི་སྐུ་བགེགས་ཐ་དག་ཞི་ནས་བོད་བསྟན་སྲིད་དོན་དུ་རྒྱ་དམར་གྱི་བཙོན་ཁང་ནས་མྱུར་དུ་ཀློད་གྲོལ་ཆེད་དུ་ཞབས་བརྟན་དང་ཞབས་རིམ་གང་མང་བསྒྲུབས་དང་སྒྲུབ་བཞིན་ཡོད་ལ། མངོན་གསལ་དོད་པོ་མེད་པའི་ཐོག་ནས་དུས་ལྟར་འཁྲུངས་སྐར་ཡང་སྲུང་གཙི་གནང་གི་ཡོད། ད་ནས་བཟུང་སྟེ་བོད་གཞུང་དམངས་གཉིས་ནས་༸ཀུན་གཟིགས་མཆོག་སྤྲུལ་རིན་པོ་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་ལ་སོགས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་རྗོགས་ཀློད་གྲོལ་གྱི་ཆེད་དུ་ལས་འགུལ་ནུས་ལྡན་ཞིག་སྤེལ་རྒྱུའི་དུས་ལ་སླེབས་འདུག་ཅེས་གསལ་འདེབས་སྙིང་ཁུངས་རུས་པའི་གཏིང་ནས་ཞུ་བཞིན་ཡོད།
༸པཎ་ཆེན་རིན་པོ་ཆེའི་སྐུ་ཚེ་གང་པོ་འོ་བརྒྱལ་འབའ་ཞིག་གིས་དུས་འདས། ཐོག་མར་ཡང་སྲིད་ངོས་འཛིན་སྐོར་ལ་རྙོག་གླེང་གིས་གདན་སར་དུས་ཐོག་ཕེབས་མ་ཐུབ་པ། བར་དུ་རྡུག་རྡེག་བཙོན་འཇུག ཐ་མར་བོད་མི་རིགས་དོན་དུ་རྒྱ་གཞུང་དང་རྩོད་གླེང་སོགས།
༼བོ་བོར༽བཅོས་ངོ་བོར
ངས་པོ་རྒྱལ་མཚན་ལགས་ཐུགས་རྗེ་ཆེ། ༸པཎ་ཆེན་རིན་པོ་ཆེའི་སྐོར་འདིར་ང་ཚོ་གཞུང་མང་གཉིས་ཕྱོགས་ནས་འབད་བརྩོན་ཞིག་མ་གནང་ཚེ། གནས་ཚུལ་གང་འདྲ་ཞིག་ཏུ་འགྱུར་ཆ་མ་འཚལ། ལར་ནས་ང་ཚོའི་གཞུང་འདི་དང་མི་མང་འདི་རྣམས་རང་གི་ལག་ཏུ་ཡོད་པའི་སྣོད་བཅུད་རྣམས་བདག་ཏུ་མི་ཐུབ་ཅིང་། རིན་ཐང་རྩ་བ་ནས་མི་ཤེས་པའི་མི་རིགས་ཕུགས་རྒྱང་གི་དམིགས་ཡུལ་མེད་པ་ཞིག་རེད། རང་གི་ལག་གིས་མ་སྙོག་ཅིང་། ཐབས་ཤེས་མེད་པའི་སྐབས་འདིར་སྔོན་མ་འདི་བྱས་ཡོད་ན། ད་ལྟ་འདི་འདྲ་འོང་གི་རེད། ཟེར་བ་ལྟ་བུའི་འགྱོད་སེམས་ཀྱི་ལོ་རྒྱུས་འབྲི་བ་ལ་དགའ་ཞིང་། འདས་པའི་གནས་ཚུལ་ལ་འཁང་ར་བྱེད་རྒྱུར་དགའ་བའི་མི་རིགས་ཤིག་རེད། ངས་པོ་རྒྱལ་མཚན་ལགས་ཀྱིས་དགོངས་འཆར་གནད་ལ་འཕིགས་པར་སྨྲས་འདུག་པ་ཚང་མས་དོན་འདིར་མཉམ་འཇོག་ཅིག་བྱེད་མ་ཐུབ་ན། འདི་ཡིན་འདི་མིན་མེད་པར་བཞག་ཚེ་རི་ལུག་པ་ཐག་པས་མི་བསྡོམས་པའི་དཔེ་ལྟར་གནས་ཚུལ་གསར་པ་ཞིག་གློ་བུར་ཐོན་ཉེན་ཡོད།
ངས་པོ་རྒྱལ་མཚན་ལགས་ཐུགས་རྗེ་ཆེ།
པན་ཆེན་རིན་པོ་ཆེ་ངོ་མ་བོད་པ་ཚང་ལ་བཀའ་དྲིན་བླ་ན་མ་མཆིས་པ་རེད། ཡིན་ནའང་དེ་འདྲ་དྲན་མཁན་ཉུང་ཉུང་རེད། རྒྱལ་མཚན་ལགས་ཐུགས་རྗེ་ཆེ།
ཁྱོད་ཀྱི་རྩོམ་དེ་དྲང་པོ་དང་། གནད་ལ་ཕིག་པ་ཞིག་འདུག
ཐོག་མར་ངས་པོ་རྒྱལ་ཚན་ལགས་ སུ་ ཐུགས་རྗེ་ཆེ
འོན་ཀྱང་ཞུ་འདོད་པ་ནི་བོད་རབ་བྱུང་བཅུ་ལྔའི་ལྕག་ཁྱི་ ༡༩༡༠ ་ལོར་བོད་གཞུང་ནས་རྒྱ་དམག་འཕར་འཛུགས་བྱེད་རྒྱུར་བཀག་འགོག་བྱས་པར་བརྟན་སྐབས་དེའི་རྒྱ་གཞུང་ཡིས་མ་རང་པར་ཐར་ལས་འགུལ་བྱ་ཐབ་བོད་གཞུང་དང་བཀྲ་ཤི་ལྷུན་བླ་བྲང་དབར་འགལ་ཟླ་བཟོས་དེ་ཡང་སྐབ་དེརལ༧ གོང་ས་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་དང་་བཀའ་བློན་བཤད་སྒྲ་དཔལ་འབྱོར་རྡོ་རྗེ་ ཞོལ་ཁང་དོན་གྲུབ་ཕུན་ཚོགས་ ཆང་ཁྱིམ་ངག་དབང་མཁྱེན་རབ་སྲོགས་རྒྱ་ཀར་རྡར་རྗེ་གླིང་དུ་གཞུག་སྐབས་སྐབས་དེའི་རྒྱ་གཞུང་ཨ་བན་ལན་ཡུའི་ཟེར་བས་རྫུན་གཏམ་གནས་ཚོགས་ཀྲམ་ནས་༧གོངས་ས་མཆོག་གྱི་མཚན་དབང་མེད་པ་ཆགས་ཚུལ་ཁྱབ་བསྒྲགས་ཡི་གེ་ཛུལ་མ་བཀྲམ་པ་དང་ཡང་ཕྱོག་གཞན་ཞིག་ནས་པན་ཅན་རེན་པོ་ཆེ་སྐུ་འཕྲན་དགུ་པ་ལྷ་སར་གདན་འདྲེན་ཞུས་ཏེ་ནོར་བུ་གླིང་ཁའི་སྐལ་བཟང་ཕོ་བྲང་གི་གཟིམ་ཆུང་ནང་བཞུགས་སུ་བཅུག་པ་དང་གོང་མ་ཤོན་ཐོང་གི་བཀའ་ཡིན་ཟེར་ནས་༧་་གོང་ས་མཆོག་གི་མཛད་འཁུར་བཞེས་བཞིན་པའི་བོད་ཀྱི་ཆོས་སྲིད་ཀྱི་འགན་དབང་དེ་པན་ཆེན་རེན་པོ་བཞེས་དགོས་ཞུས་འོན་ཀྱང་པན་ཆེན་རེན་པོ་ཆེ་ནས་ཞལ་ཞེས་གནང་མེད་ཡང་མང་ཚོགས་ནང་སྐྲོག་རྐྱེན་སྣ་ཚོགས་བཟོས་དཔེར་ན་༧་་གོང་ས་མཆོག་ཞུག་མེད་པའི་དུས་སྐབས་སུ་པན་ཆེན་སྐུ་འཁོར་ནས་གནས་དུས་ཚོད་རྩིས་བྱེད་ཀྱི་འདུག་གཙང་པས་དབུས་པར་བརྙས་བརྙས་བྱས་བྱས་ཀྱི་འཆལ་གཏམ་རྔམ་པོ་ཆེ་འཕེལ་བའིགླིང་ངན་མང་པོ་ངྱུ་བ་སྐབ་དེར་མང་ཚོག་ནང་དམངས་ཁྲོད་ཀྱི་གཞས་ཚིགས་སུ་ཡང་་་་་ནམ་ཞིག་ལངས་པ་མ་གཏོགས་ རྐུ་མའི་གཡའ་ཞིག་བྱུང་ངོ་་་་ཞེས་དང་་་སྟག་ཤི་ཡང་སྡེར་ངོ་སྐམ་ཀྱི་མ་རེད་ལྦ་ཤི་ཡང་གྲ་སྦུ་ཉམས་ཀྱི་མ་རེད་ཞེས་སོགས་ཟུར་ཟ་ཚིགས་རྒྱག་མང་པོ་བྱུང་བས་ན་ འདོར་ན་བཀའ་ཁྲི་མཆོག་གི་དགོང་ཞེས་ལྟར་ཆིག་སྒྲིལ་ནུས་པ་གོང་ཐོར་གཏོང་རྒྱུ་ནི་ང་ཚོའི་ལན་འགན་རེད་མཉམས
ཕུན་དབང་ལགས། ཕྱོགས་གཅིག་གི་བསམ་ཚུལ་ཁོ་ན་བཤད་དེ་ན་ཚ་རྙིང་པ་བླངས་ནས་ཆོ་ཨེ་ཡོད། མ་གཞི་དེའི་སྐོར་དྲང་་བདེན་གྱི་རྩོམ་གཅིག་བྲིས་ན་འབུར་བཅོམ་རང་གནང་ཡོད། ངོ་མ་བཤད་ན་སྐབས་དེ་དུས་སྐུ་ངོ་ཚོས་བོད་སྤྱི་བ་དང་། མི་མང་གི་དོན་དུ་ལས་ཀ་སྣེ་དྲག་པ་གཅིག་གནང་བའི་ལོ་རྒྱུས་ཡོད་ན་ཤོད་དང་།
དྲ་གྲོགས་ཚོས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ།
༸རྒྱལ་དབང་བཅུ་གསུམ་པ་དང་༸པཎ་ཆེན་དགུ་པའི་སྐབས་སུ་ཞབས་ཕྱི་ཚོའི་དབར་ལ་ང་མཐོ་ང་བཙན་ལྟ་བུའི་རྩོད་གླེང་ཕྲན་བུ་བྱུང་ཡོད་ཀྱང་། ༸རྒྱལ་མཆོག་རྣམ་གཉིས་ཀྱི་བར་ལ་ཐུགས་སྣང་མི་མཐུན་པ་གང་ཡང་མེད།
རྒྱལ་དབང་བཅུ་གསུམ་པའི་ཡང་སྲིད་བརྩད་གཅོད་སྐབས་སུ་༸པཎ་ཆེན་དགུ་པ་ཆེན་པོས་ཐུགས་འགན་བླ་ན་མེད་པ་བཞེས་ཡོད། ༸པཎ་ཆེན་བཅུ་པ་ཆེན་པོ་དགོངས་པ་རྫོགས་ནས་ལོ་ངོ་ཉི་ཤུ་འཁོར་མྱ་ངན་དུས་དྲན་སྐབས་སུ་ ༸གོང་ས་བཅུ་བཞི་པ་ཆེན་པོས་༼ང་ངོས་འཛིན་གནང་མཁན་༸པཎ་ཆེན་དགུ་པ་རེད།༽ཅེས་དངོས་སུ་གསུངས་ཡོད།
ད་ལྟ་ང་ཚོས་བྱུང་ཟིན་གྱི་བྱ་བར་བསྐྱར་ཟློས་ཙམ་མ་ཡིན་པར་ང་ཚོའི་མིག་མདུན་དུ་ལྷགས་པའི་དཀའ་ངལ་རྣམས་སེལ་ཐབས་ཤིག་གནང་རྒྱུ་གལ་ཆེར་མཐོང་།
ངས་པོ་ལགས་ང་ཡང་དེ་འདྲ་རང་བསམ་གྱི། ཡིན་ཡང་མི་ངན་བཟའ་རུ་ཁ་ནས་དོན་མེད་ཀླན་ཀ་བཟོསནས་་སྤྱི་ཚོགས་འདི་དཀྲུགས་གང་ཐུབ་་བྱ་གི།
ཁྱེད་ཀྱི་གསུངས་པ་བདེན། སྐབས་དེའི་བོད་ཀྱི་དཔོན་ངན་ཚོས་༸པཎ་ཆེན་དགུ་པར་འོ་བརྒྱལ་ཚད་མེད་བཟོས་ནས་རྒྱ་ནག་ལ་བྲོས་བྱོལ་དུ་ཕེབས་དགོས་བྱུང་བ། རང་གི་གདན་སར་ཕྱིར་ཕེབས་གནང་བར་ཡང་འགོག་རྐྱེན་སྣ་ཚོགས་བཟོས། ༸པཎ་ཆེན་བཅུ་པའི་ཡང་སྲིད་འཁྲུལ་མེད་དེར་ཁས་ལེན་རྩ་བ་ནས་བྱས་མེད། བོད་འདི་རྒྱ་ལག་ཏུ་སྤྲོད་མཁན་ཡང་ཟ་འདྲེ་དེ་ཚོ་རེད། འོན་ཀྱང་༸རྒྱལ་བ་༸པཎ་ཆེན་རྣམ་གཉིས་དབར་ལ་མི་མཐུན་པ་རྩ་བ་ནས་མ་མཆིས།
འོ་ན་སྐུ་གྲགས་རྣམས་ནི་༧་་་་གོང་ས་མཆོག་གི་ཐུགས་ཀྱི་ཐུགས་ཚབ་གསུང་གི་གསུང་ཚབ་སྐུ་ཡི་སྐུ་ཚབ་བཅས་ཡིན་པས་ཚངས་མར་དབྱུག་པ་ལེབ་རྡུང་བྱས་ན་ག་ནས་འོས། དཔེར་ན་སྲིད་ཚབ་གླུ་ཁང་བ་ལྟ་བུ་ནི་བོད་མི་རིག་གི་དཔའ་བོ་ཞིག་རེད་ལ་ཁོང་གི་སྐུ་ཚེ་གང་པོར་བོད་མི་རིག་གི་དོན་དུ་ཕུལ་ཡོད་ང་ཚོས་དུས་ནམ་ཡང་ཁོང་དང་ཁོང་འདྲ་བའི་གཞུང་ཞབས་པ་རྣམས་ཀྱི་མརྫས་རྗེས་ནག་སུབ་དུ་གཏང་ན་ག་ནས་འགྲིག་ལར་ནས་སྐུ་གྲགས་ཁོ་ནས་བོད་རྒྱ་ལག་དུ་ཞག་པ་ག་ནས་ཡིན་དཔེར་ན་བེ་རི་དགེ་རྟག་སྤྲུལ་སྐུ་ལ་སོགས་པས་མདོ་སྤྱི་བཀའ་བློན་རྣམས་མཛས་བཀའ་ཆེན་པོ་བཟོས་པ་གཞི་བྱེད་ཚངས་མས་ཁྱེན་གསལ་རེད། ད་དུང་གསལ་པོ་དགོས་ན་རྫེས་སུ་རྒྱས་ཤས་ཞུ་རྒྱུ་ཡིན
སྐྱུར་རྩི་ལགས། ཕུན་དབང་ལགས་ཀྱིས་ལུང་འདྲེན་གནང་བ་འདི་སྐབས་དེའི་ཕྱིའི་སྣང་ཚུལ་གཙོ་བོར་བྱས་ཏེ། བརྗོད་པ་ལས་ཕྱོགས་གཅིག་གི་བསམ་ཚུལ་ཁོ་ན་བཤད་མི་འདུག ལྷག་པར་༸པཎ་ཆེན་རིན་པོ་ཆེར་སྒྲོ་བཏགས་དང་བཀུར་འདེབས་ཚིག་གཅིག་ཞུས་མི་འདུག འདི་འདྲ་བར་ན་ཚ་རྙིང་པ་གསུངས་ན་ཁྱོད་རང་བློ་སྦུག་ཤིན་ཏུ་དོག་པར་རྟོགས། ཁྱོད་རང་གིས་ན་ཚ་རྙིང་པ་བླངས་ནས་ཆོ་ཨེ་ཡོད། མ་གཞི་དེའི་སྐོར་དྲང་་བདེན་གྱི་རྩོམ་གཅིག་བྲིས་ན་འབུར་བཅོམ་རང་གནང་ཡོད། ངོ་མ་བཤད་ན་སྐབས་དེ་དུས་སྐུ་ངོ་ཚོས་བོད་སྤྱི་བ་དང་། མི་མང་གི་དོན་དུ་ལས་ཀ་སྣེ་དྲག་པ་གཅིག་གནང་བའི་ལོ་རྒྱུས་ཡོད་ན་ཤོད་དང་། གསུངས་འདུག སྐབས་དེའི་སྐུ་ངོ་རྣམས་ཕྱི་ནས་བལྟས་ཚེ་གོས་ཆེན་སེར་པོ་བསྣབས་པའི་རྫིག་ཉམས་ཅན་ཞིག་ཏུ་མཐོང་ཡང་། དེང་དུས་དང་མི་འདྲ་བར་དུས་ཟིང་ཞིག་ལངས་ཚེ་ཁོང་ཚོ་སྔོན་ལ་འགྲོ་བའི་ར་མདའ་བྱེད་དགོས་ཀྱི་འདུག
ཚང་མར་རྒྱུགས་པ་ལེབ་རྡུང་རང་མ་གནོངས། མི་དྲག་བཀའ་དྲིན་ཅན་གྲངས་མེད་ཡོད་རེད། ད་ནི་དུས་རབས་དང་མི་རབས་གང་ཞིག་གི་སྐབས་སུ་སླེབས་འདུག་དགོངས་པ་བཞེས། དྲན་བདེན་གྱི་རྩོམ་ཞིག་ཡོད་ན་བྲི་རན་འདུག་ འབུར་འཇོམས་གནང་མཁན་ཡོད་མ་རེད། ངས་མནའ་བསྐྱལ་ཆོག
ཇོ་ཇོ་ལག་གིས་བློ་ཟུར་ཞིབ་དཔྱད་གནང་བར་ཐུག་རྗེ་ཆེ
མུ་མཐུད་དུ་འབྲི་རོགས།