ཨ་རིའི་ལྕགས་མོ་འཚོ་ལ་བྲིས་པའི་སྙན་ངག་ལས་ཁག་དང་པོ།
བོང་སྟག་རི་ལུ། ༼མཚོ་ནུབ་༽
ཁ་སང་ཁྱེད་ཀྱི་ཕ་ཡུལ་འཁོར་ཞག་ཏུ་ཐེངས་ཤིག་ཕྱིན་ཅིང༌།
མེ་ཏོག་གིས་བརྒྱན་པའི་ཡུལ་ལྗོངས་དང༌།
ནོར་ནག་གིས་འཁྱུད་པའི་རྩྭ་ཐང་མཐོང་དུས།
ངས་ཁྱེད་རང་སྙིང་ནས་དྲན་ཞིང༌།
གནས་འདི་ནས།
མེ་ཏོག་གི་དྲི་བསུང་མ་ཡལ་བའི་གནས་འདི་ནས།
གངས་རིའི་བཀྲག་མདངས།
ང་ཚོ་མྱུར་བར་ལྷན་འཛོམས་ཀྱི་གོ་སྐབས་ཤིག་ཡོད་ན་ཅི་མ་རུང་སྙམ།
ད་དུང༌། ཚོར་བ་ཞིག་ལ།
ཁྱེད་ཀྱི་ཕྱིར་མིག་ལྟ་བུའི་སྤྲིན་པ་དེ་ཕ་ཡུལ་གྱི་རི་རྩེ་ན་འཕྱོ་ཞིང༌།
ཁྱེད་ཀྱི་མིག་ཆུ་ལྟ་བུའི་ཆུ་ཕྲན་དག་ཕ་ཡུལ་གྱི་རི་ལུང་ན་འཛུམ་ལ།
ཁྱེད་ཀྱི་སྙིང་གཏམ་ལྟ་བུའི་སྦྲང་ཆར་ཞིག་ཡུལ་མི་ཚོའི་སེམས་ངོགས་སུ་བབས།
སྐབས་འདིར། ང་ལ་མེ་དཔུང་ལྟ་བུའི། སྨན་ཆང་ལྟ་བུའི།
ཉི་ཟླའི་ལས་དབང་གླེང་བའི་གྲོགས་པོ་ཞིག་ཇི་འདྲའི་མཁོ་ཨང༌།
ཡིན་ན་ཡང༌།
ཞེ་མཐུན་ཞིག་མེད་པས།
ངས་ད་གཟོད་ཁ་མཐུན་ཚོར་འགྲོགས་ནས་ཉི་མ་ཕུད་པ་ཡིན།
དེ་རིང་ཁྱེད་ཀྱི་ཕ་ས་ནས། ཁྱེད་ཀྱི་ཕ་ཡུལ་ནས།
ཁྱེད་ཀྱི་གཏམ་རྒྱུད་ཐོས་དུས།
ཁྱེད་ཀྱིས་ཉི་ཟླ་ཡི་ལས་དབང་བསམ་ནས་བུད་སོང་བའི་ཉི་མོ་དེ་ནས།
ཁྱེད་ཀྱིས་སྐར་ཚོགས་ཀྱི་གནས་མལ་བསམ་ནས་བུད་སོང་བའི་ཉིན་མོ་དེ་ནས།
ཤུལ་དུ་སྦྲ་ནག་ཅིག་བསྐྱུར་སོང་ཟེར།
ཕ་མ་གཉིས་ལུས་སོང་ཟེར།
ད་ལྟ་རྒས་མི་འདོད་པའི་སྦྲ་ནག་ཁེར་རྐྱང༌།
ནམ་ཡང་གཞན་དབང་གི་རླུང་ཁ་ན་ཟད།
ད་ལྟ་རྒས་མི་འདོད་པའི་ཕ་མ་གཉིས།
ནམ་ཡང་གཞན་དབང་གི་ལག་རྟེན་ལ་འཁེན།
མེས་པོ་མང་པོ་ཞིག་དེ་ལྟར་བཞུད་རྗེས།
སྦྲ་ནག་མང་པོ་ཞིག་དེ་ལྟར་ལྟེབས་སོང༌།
སྦྲ་ནག་མང་པོ་ཞིག་དེ་ལྟར་ལྟེབས་རྗེས།
གཏམ་རྒྱུད་མང་པོ་ཞིག་དེ་ལྟར་ཡལ་སོང༌།
ཨ་ཅེ་ལགས། ཁྱེད་ཕེབས་རན་སོང༌།
ཡུལ་མི་མང་པོ་ཞིག་དགའ་ལྷང་ལྷང་གིས།
ཕ་ས་བསྐྱུར་ནས།
སྦྲ་ནག་བསྐྱུར་ནས།
རྩྭ་ཐང་བསྐྱུར་ནས།
གྲོང་ཁྱེར་ཞིག་བསྙེགས་བཞིན་ཐོན་ཡོད།
བྱིས་པ་ཚོས་ཀྱང་དགའ་ལྷང་ལྷང་གིས།
མར་རྩམ་མི་བྲོ་བའི་སློབ་གྲྭ་ཞིག་འགྲིམས་བཞིན་འདུག
ཨ་ཅེ་ལགས། ངོ་མི་ཤེས་པའི་ཨ་ཅེ་ལགས།
ངས་སྣང་ཚུལ་འདི་དག་མཐོང་ན།
ད་ལྟ། ཅང་ཤེས་རྟ་ཕོ་དག་རྫཽགས་ཤུལ་ན།
ང་ཚོའི་ཕ་ཡུལ་ལ་རྟ་མཆོག་གི་ཡུལ་གྲུ་ཟེར།
ད་ལྟ། ལྷ་མཚོ་སྔོན་མོ་དེ་བསྐམས་ཚར་རྗེས།
ང་ཚོའི་ཕ་ཡུལ་ལ་ལྷ་མཚོའི་འབྱུང་ཡུལ་ཟེར།
འདི་ནི་ཤེས་ཡོན་དང་འབྱོར་ཕྱུག་གིས་གཏམས་པའི་ཕ་ཡུལ་གྱི་འཕོ་འགྱུར་རེད།
ཨ་ཅེ་ལགས།
ཁྱེད་ལ་གཏམ་རྒྱུད་ཅིག་བརྗོད་ན།
ཁྱེད་ཉིད་གཏམ་རྒྱུད་ལ་ཉན་འདོད་ཨེ་ཡོད།
ཁ་སང་དེ་རིང་ལ། ངས་ཁྱེད་རང་སྙིང་ནས་དྲན་ཨང༌།
ཁྱེད་དྲན་ནས་མིག་མཐའི་མཆི་མ་སྐམ་ལ་ཉེ།
༢༠༠༨།༧།༡༢ ར་བཟི་བའི་མཚན་མོ་ཞིག་ལ།