—– རྒྱུན་ལྡན་མིན་པའི་སེམས་ཁམས་ཀྱི་ངོས་ཤིག
ཀླུ་འབར་ཞུན།
གངས་རི་བཞུས་པའི་ཞུན་མ་འཁྱག་གིས་རེངས་པའི།།
ལྟེ་ཁྲག་འཕོས་པའི་གཡུལ་ས་ཙག་གིས་བསྡམས་ཀྱང་།།
ཡ་སོ་མ་ཁར་འཐམ་པའི་ཤེད་ཤུགས་འཕར་མས།།
ཕྱོགས་ཀྱི་ལྷིང་འཇགས་གཏོར་བའི་རྡོ་ཞིག་འཕངས་ཡོད།།
ཤ་ཡི་བུ་གར་ལྕགས་ཀྱི་མདའ་མདུང་སྦྲེལ་བའི།།
ལས་མཁན་གཤིན་རྗེའི་ཕོ་ཉའི་འགྲོ་འོང་འཚུབ་ཀྱང་།།
ལྕགས་ཀྱི་སྙིང་རྩ་བརྟན་པའི་དཔའ་སྐད་རིང་མོས།།
གངས་ཀྱི་འདབ་མ་དམར་བའི་ཚོན་ཞིག་གཏོར་ཡོད།།
གོམ་གང་མདུན་ལ་སྤོ་བར་སེར་སྣ་ཚ་བའི།།
མཇུག་མ་མེད་པའི་སྤྲེའུས་ཁུ་ཚུར་དཀྲིགས་ཀྱང་།།
ལ་མོའི་ནང་གི་སྙིང་དང་གློ་བ་དཀར་བོར།།
ཆ་ཙམ་གཤིབས་པའི་བར་ཐག་སྟོང་གིས་ཆོད་ཡོད།།
ལས་དབང་རི་ནས་ལུས་པའི་མེ་ཏོག་དཀར་བོ།།
སྦྲ་ཡི་འདབས་སུ་བཞད་པའི་ནམ་ཟླ་རིང་ཡང་།།
འཆི་བའི་རྟེན་འབྲེལ་མ་ཚེས་ངང་རྒྱུད་རིང་མོས།།
འོད་ཀྱི་ཁ་དོག་མཐོང་བའི་ཡིད་ཆེས་རྙེད་ཡོད།།
གློག་འཁྱུག་ཐོག་རྒྱག་དུས་ཀྱིས་ཚེ་གང་བཟུང་ཡང་།།
སྔོ་བསང་དྭངས་པའི་བཞིན་རས་མཇལ་ཤག་བྱས་ཆོག །
ཉི་མ་ཟླ་བའི་བྲང་ས་འོད་ཀྱིས་འཛིན་པར།།
མི་མངོན་སེམས་པའི་དབྱིངས་ལ་ལུང་བསྟན་འཐོབ་ཡོད།།
ཕྱི་ཡི་རེ་བ་ནང་གི་ཚོགས་ཀྱིས་དྲངས་ཤིང་།།
ནང་གི་སེམས་པ་ཕྱི་ཡི་སྒྲ་ལ་ཕྱོགས་པས།།
ཡིད་ཆེས་རེ་བར་གླན་པའི་སྟོང་སྣང་ཧྲག་ཏུ།།
འཇའ་ཚོན་འཛིན་དུ་བདོག་པའི་རྨི་ལམ་འཐག་ཡོད།།
གསེར་གྱི་གཤིས་ལ་མུ་ཏིག་ཚོམ་བུས་བྲན་ཞིང་།།
ཕོད་པ་སྟོང་གིས་དོན་ལྔ་སྣོད་དྲུག་ཟིན་པའི།།
རྒྱང་བཞུད་པ་ཚོའི་འོད་ཀྱི་རྣམ་ཤེས་གོང་བུ།།
བདེན་པའི་མཐུ་དང་སྨོན་ལམ་གཙང་མས་བཀྱགས་ཡོད།།
ངག་སྒོའི་འབར་ཤུགས་དམར་བོ་མེ་ལ་འཁུ་བའི།།
གཡས་འཐེན་གཡོན་འབུད་བྱ་བར་རྟག་ཏུ་བྲེལ་བའི།།
འགྱིག་གི་གདོང་ལ་ཚོན་གྱི་རི་མོ་ཕབ་པའི།།
སྤུས་ཞན་མི་ལ་བཀྲ་ཤིས་བདེ་ལེགས་ཞུ་འོ།།
༢༠༡༢ ལོའི་ཟླ་ ༦ ཚེས་ ༢༢ དགོང་མོར་བྲིས།
སྙན་ངག་འབྲི་བའི་ཡིད་འགྱུ་འཁྱུག་རྩལ་མྱུར།།
ནང་གི་ཚོགས་ཀྱིས་དུས་ནས་དུས་སུ་མནར།།
རེ་བར་གླན་པའི་ཚོར་བའི་སྨིག་སྤྲིན་དེ།།
ནང་སྟོང་ཕྱི་རྫིག་སྲ་མཁྲེགས་རི་ལ་བརྡབས།།
ལྗང་བུའི་སྙན་ངག་ཡིན་པ་འདྲ། གོ་རྒྱུ་ཚོར་རྒྱུ་མི་འདུག
བརྗོད་དོན་གོ་དཀའ་བའི་སྙན་ངག
རྟོགས་ཚོགས་རྒྱུ་བ་རྒོད་པའི་གྲོང་ཁྱེར་ན།།
རིག་པའི་བུ་ཆུང་གཅེར་རྒྱུད་བྱེད་པའི་ཚེ།།
སྙན་དང་མི་སྙན་བཟང་ངན་གཙང་བཙོག་སོགས།།
སྙན་ངག་མཁན་པོའི་བློ་ན་ཅི་ཞིག་འཁོར།།
རྒྱུག་་་་ཅེས་རོགས།
ཁ་གསལ་ཙམ་འབྲི་དགོས་རྒྱུ་གལ་ཆེ། མཁས་དབང་དགེ་ཆོས་ནས་སྙན་ངག་ཟེར་ན་ཆག་ལོའི་བདེ་སྨོན་འདྲ་བ་ཞིག་དགོས་ཨང་གསུང་འདུག
མུན་ཁུང་ནས་མདའ་འཕངས་པ་དམིགས་ཡུལ་མེད་པ་ཡང་མི་སྲིད། དེ་ལས་ཁ་གསལ་པོ་ཞིག་བཟོས་ན་ཡག་པོ་འདུག།
དྲ་གྲོགས་ཚོས་རྩོམ་ཡིག་འདིར་དོ་སྣང་གནང་བར་བཀའ་དྲིན་ཆེ། ཁོ་བོས་རྩོམ་ཡིག་འདི་ཐོག་མར་བོད་ནང་གི་དྲ་བར་འགོད་འདུན་གྱིས་ཅུང་ཙམ་ཁ་དམ་པོའི་སྒོ་ནས་བྲིས་པ་ཡིན། ཡིན་ན་ཡང་། བྲིས་ཚར་རྗེས་ཞིབ་ཀློག་ཅིག་བྱས་ཚེ་བོད་ནང་གི་དྲ་བར་བཀོད་ན་དྲ་བའི་བདེ་འཇགས་ལ་གནོད་པར་འདོད་དེ་སྤེལ་སྤོབས་མ་ཐུབ་པས་འདིར་བཀོད་པ་ཡིན།
ཀ་ར་ཞལ་ལ་བཏབ་འདྲ་མཚན་བྲལ་ཅན་སྙན་ངག །
ཁ་ལ་ཡང་ཡང་བཟས་ཀྱང་མངར་རྐྱང་རང་ལགས་པས།།
ག་བར་ས་ན་གཞན་ཕན་བྱ་བ་རང་མངའ་ན།།
ང་རྒྱལ་རྒྱགས་པ་སྤངས་ནས་ཡང་ནས་སླར་གདམས་འཚལ།།
མཚན་བྲལ་སྙན་ངག་ཟབ་ཡངས་མ།།
བཀླགས་ཀྱང་གདམས་པ་གསལ་དཀའ་བ།།
ཡང་གསལ་སྣང་བ་མ་སྩལ་ན།།
བསྟན་བྱ་འགའ་ཤས་བདག་འདྲར་དཀའ།།
ཡག་གི་འདོད་སོང་། ཁམས་ཚན་གཅིག་པའི་ཞེན་ཁོག་ཡིན་ན་ཡང་ཐང་།
ཀླུ་སྨྱོན་གྱིས་མིང་གི་མགོར་ཀླུ་ཞེས་པ་ཞིག་ཡོད་ཚད་ཀླུ་འབུམ་ཁམས་ཚན་ནས་ཡིན་སྣང་བཟུང་འདུག ཧ་ཧ་ཧ་ ཀླུ་ཆུ། ཀླུ་ཚང་། ཀླུ་འབུམ། ཀླུ་ཐང་། ཀླུ་འཁྱིལ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་