མཁོ་འདོན་གནང་མཁནཿ ནང་ཆེན་བཀྲ་ཤིས།
ཡིག་གཟུགས་ཀྱི་འཕེལ་རིམ།
༄༅། གངས་ལྗོངས་ཡི་གེའི་སྣང་བྱེད་ཐོན་མི་སམ་བྷོ་ཊ་མཆོག་གིས་རྒྱལ་པོའི་བཀའ་བཞིན་ཐུགས་བསྐྱེད་ཀྱི་གོ་ཆ་གྱོན། སྙིང་སྟོབས་ཀྱིས་རི་བོ་ཕྲག་ཏུ་བླང་། དཀའ་ཀྱོག་གི་འཕྲང་ཆེན་དུ་མ་བརྒལ་ཏེ། དུས་རབས་བདུན་པ་ཕྱི་ལོ། ༦༣༣ ལོར་རྒྱ་གར་ལ་བཞུད་ཏེ། འཕགས་ཡུལ་གྱི་མཁས་པ་བྲམ་ཟེ་ལི་བྱིན་སོགས་ཀྱི་མདུན་ཡིག་རིགས་དུ་མར་སྦྱང་བརྩོན་གནང་བ་མ་ཟད། མཐར་བོད་རང་གི་སྐད་གཤིས་དང་མཐུན་པའི་ཡི་གེ་འཐུས་སྒོ་ཇེ་ཚང་དུ་བཏང་བའི་མ་ཕྱི་ནི། ཞང་ཞུང་སྨར་ཡིག་དང་། འཕགས་ཡུལ་གྱི་གུཔཏ། ལཉཇ༹། ཝརྟུ་སོགས་བཤད་སྲོལ་མང་དག་ཡོད་ཀྱང་། ཕྱོགས་ཡོངས་ནས་ལེགས་བསྡུས་གནང་ཡོད་པ་སྨོས་མེད་སྙམ་མོ༎
ད་དུང་ངེས་པར་དུ་ཤེས་དགོས་པ་དང་བཤད་འོས་པ་ཞིག་ལ། ལོ་ངོ་བཞི་སྟོང་སྔོན་གྱི་ཞང་ཞུང་སྨར་ཡིག་དང་། སྟག་གཟིག་སྤུངས་ཡིག་ད་ཆ་དངོས་སུ་མཇལ་རྒྱུ་ཡོད་པ་འདི་དག་བོད་ཡིག་ཏུ་ཅི་སྟེ་ངོས་མི་འཇི༹ན༎
ཐོན་མི་ཉིད་ནས་སྲོལ་གཏོད་གནང་བར་དབུ་ཅན་དང་། དབུ་མེད་གཉིས་སུ་ངེས་ལ། ཉིད་ཀྱི་ཕྱག་བཟོའི་དབུ་ཅན་ལ་སྦལ་ནག་ན་ལ་བགྲད་འདྲ་དང་། དེ་རྗེས་བཙན་པོའི་སྐབས་ཀྱི་ཡིག་མཁན། རིན་ཆེན་འབར་ཞེས་པས་སོ་ཕག་གཤིབ་འདྲ། ཆབ་དཀར་བེའུ་ཚེས་བྱ་ཕོ་འཇོལ་འདྲ། དགེ་བསྙེན་དཀོན་མཆོག་དབང་གིས་ནས་སྔོན་སེང་དཀར་ཐོག་བཀྲམ་འདྲ། བྷ་ཤོ་ཁྲམ་མཾ་ཤཱཀྱ་དཀོར་གྱིས་མུ་ཏིག་བསྟར་ལ་བརྒྱུས་འདྲ། ཚེ་སྤོངས་བྱང་ཆུབ་ཀྱིས་སྦུར་ནག་བགྲད་འདྲ། འདྲེ་བ་ཡོན་ཏན་གྱིས་ཉ་མོ་ཆུ་ནང་ནས་ཕྱུང་འདྲ། གྲ་རྒོད་རྣམས་གཉིས་ཀྱིས་སེང་གེ་གནམ་དུ་མཆོང་འདྲ། ཡང་ཡིག་མཁན་ཀ་ཆུང་གིས་སོ་ཕག་གཤིབ་འདྲར་དཔེ་བྱས་པའི་གསར་བཏོད་ལ་ལེབ་ནི་གྲུ་བཞི་བདེ་ལེགས་ཞེས་བྱུང་།
དེ་རྗེས་ཁྱུང་པོ་གཡུ་ཁྲིས་སྔར་ཡོད་ཀྱི་དབུ་ཅན་གྲགས་ཅན་རྣམས་ཀྱི་ལེགས་ཆ་ཕྱོགས་བསྡུས་གནང་སྟེ། ཡིག་གཟུགས་ཀྱི་སྤྱི་ཁོག་གཏན་ལ་ཕབ་པ་ནས་བཟུང་། ད་བར་དབུ་ཅན་འབྲི་སྟངས་འགྱུར་བ་ཆེར་མ་སོང་། འོན་ཀྱང་མདོ་དབུས་ཁམས་གསུམ་གྱི་དབུ་ཅན་འབྲི་སྟངས་ལ་ཁྱད་པར་ཅུང་ཟད་སྣང་སྟེ། དབུས་གཙང་ཁུལ་དུ་དཀར་ཆ་ལས་ནག་ཆ་ཅུང་ཙམ་ཆེ་ལ་ཡིག་འབྲི་ཚོ་བ་ཡོད། ཁམས་བྲིས་སྡེ་དགེའི་ཤིང་དཔར་ལྟར་ན་དཀར་ནག་ཆ་སྙོམས་ཞིང་བརྗིད་ཉམས་ལྡན། དུས་རབས་ཉི་ཤུ་པའི་མཇུག་ཏུ་ཚེ་ཏན་ཞབས་དྲུང་དང་། རྒན་གྲགས་པ་སོགས་ཀྱི་ཕྱག་རྒྱུན་ལ། ཡིག་གཟུགས་ཀྱི་དཀར་ཆ་ཆེ་ལ་ནག་ཆ་ཅུང་ཙམ་ཆུང་བ། རྐང་པ་ཤིན་ཏུ་བརྙན་ཞིང་སྦོ་ལྡུམ་པ། དབུ་ཅན་གྱི་མཇེ༹ས་རྩལ་ཡིག་གཟུགས་ལྟར་གྱུར་ཏེ་དེངས་སང་མདོ་ཁམས་གཉིས་སུ་དར་ཁྱབ་ཧ་ཅང་ཆེ།
དེ་བཞིན་བསྟན་པ་ཕྱི་དར་ཚུན་དབུ་མེད་ཀྱི་ཡིག་གཟུགས་ལ། ལྡན་མ་རྩེ་མང་གི་ཕྱག་རྒྱུན་ལ་ལྡན་ལུགས་དང་། གཞན་ཡང་ལི་ལུགས་གཉིས་ནས་འཕེལ་རྒྱས་ཆེན་པོ་ཕྱིན་པར། ཁྱབ་ཆེ་བ་དབུས་བྲིས་དང་། ཁམས་བྲིས་གཉིས། དབུས་བྲིས་སམ་གཞུང་བྲིས་ལ། ཚུགས་རིང་། ཚུགས་ཐུང་། དཔེ་ཚུགས། རྒྱུག་ཡིག་གམ་འཁྱུག འཁྱུག་ཆེན། འབྲུ་ཚ་བཅས་དང་། ཁམས་བྲིས་ཕལ་ཆེ་བ་དཔེ་ཚུགས་ཤས་ཆེ་ལ་ཤིན་ཏུ་འཐད་ལྡན་དུ་མཐོང་། དཔེར་ན་ཁམས་ཁྱུང་པོའི་ཁུལ་དུ་རྒུར་ཚ་དང་། ཁྱུང་བྲིས་རིགས་འགའ་ཤས། ཁམས་ནང་ཆེན་ཉེར་ལྔའི་ཁུལ་དུ་ནང་བྲིས་ནོར་བུ་མ་གཙོས་དཔེ་ཚུགས་རིགས་འདྲ་མིན། ཁམས་སྡེ་དགེའི་བྲིས་ཁྲིག་དང་པད་མ་འཁྱུག མགོ་ལོག་དང་ཨ་མདོའི་ཁུལ་གྱི་དཔེ་ཚུགས་བཅས་ཁྱད་ལྡན་དུ་མ་ཡོད། གཞན་ཡང་མཁས་མཆོག་ལོ་པཎ་རྣམས་ཀྱིས་མཇ༹ད་པའི་བློ་ལྡན་ཡིག་གསར་སྣ་ཚོགས་དང་། ལྷ་བབ་ཡི་གེ མཁའ་འགྲོའི་བརྡ་ཡིག གཏེར་ཡིག་འདྲ་མིན་སོགས་ཡིག་གཟུགས་མི་འདྲ་བ་བརྒྱ་ལྷག་ཙམ་དངོས་སུ་མཇལ་རྒྱུ་ཡོད༎
ཡིག་གཟུགས་ཀྱི་ཉེར་མཁོའི་ཤེས་བྱ།
༄༅༎ མཁས་མཆོག་མི་ཕམ་གྱིས། ཞ་ནི་མི་ཆེ་ཆར་མི་ཁོག །རྐང་ནི་མི་རིང་ཆུ་མི་འབོག །ལྟོ་བ་མི་ཆེ་མུ་གེ་མེད། །ཉེས་ནི་མ་བྱས་མིག་མ་བཅར། །ཡིག་འབྲུ་ཚོ་ན་བཤའ་མི་དགོས། །ཁྱིམ་མཚེས་དག་ལ་གནོད་མ་བྱེད། ཅེས་གསུང་པ་ལྟར་ཐོག་མར་ཡི་གེ་འབྲི་ཐབས་ཀྱི་མན་ངག་རྐན་དྲུག་མ་ཁུང་དུ་ཆུད་པ་གལ་ཆེ།
སྤྱིར་དབུ་ཅན་དབུ་མེད་གཉིས། ཧུཾ་དང་། བྷྲཱུཾ་གཉིས་འབྲི་ན་ཡིག་གཟུགས་ཀྱི་གནས་ཚད་ཧ་ལམ་རྟོགས་ཐུབ། དེ་ཡང་དབུ་ཅན་ལ་མཚོན་ན། ཧཱུཾ་རབ་སྒོམ་ཆེན་བཞུགས་འདྲའམ་པོ་ཏི་བརྩེགས་འདྲ། །ཧཱུཾ་འབྲིང་མི་རྒན་ལང་འདྲ། །ཧཱུཾ་ཐ་མ་ཁྱི་རྒན་རྐུབ་ཚུགས་སུ་བསྡད་འདྲ། ཞེས་དང་། དབུ་མེད་ལ། བྷྲཱུཾ་མཆོག་རྒྱན་དགུས་སྤྲས་འདྲ། །བྷྲཱུཾ་འབྲིང་སྤྲང་པོ་ལང་འདྲ། །བྷྲཱུཾ་ཐ་མ་བཙོག་པ་བཏང་འདྲ། ཞེས་ཡིག་གཟུགས་འདི་གཉིས་འབྲི་དཀའ་བ་དང་། གལ་ཏེ་བྲིས་ཚུགས་ལེགས་ན་མཇེ༹ས་རྩལ་དང་སྒྱུ་རྩལ་གྱི་རང་བཞིན་ལྡན་པའོ༎
༈ མཁས་དབང་ཚེ་ཏན་ཞབས་དྲུང་གིས། ཡི་གེ་དག་སྙོམས་མཇེ༹ས་གསུམ་ལས། །མ་དག་སྐྱེས་བུ་སྙིང་མེད་འདྲ། །མི་སྙོམས་རྐང་ལག་འཁྱོར་བ་འདྲ། །མི་མཇེ༹ས་གོས་ངན་གྱོན་པ་འདྲ། །དག་སྙོམས་མཇེ༹ས་གསུམ་ཆ་གང་ཡང་། །མི་ལྡན་ལམ་ཁར་བོར་བ་ཡི། །གོས་ཧྲུལ་ངན་པ་སྐྱུག་བྲོ་འདྲ། །དེ་ཕྱིར་སྔ་མ་སྔ་མ་གཙོ། །གསུམ་ཀ་འཇོ༹མས་ན་བཞིན་མཇེ༹ས་པའི། །དཔའ་བོ་ཟ་འོག་གོས་ཀྱིས་བཀླུབས། །ལུས་དང་ཡན་ལག་ལྟ་ན་སྡུག །ཚོགས་པའི་ཁྲོམ་དུ་འགྲིམས་པ་འདྲ། །ཡི་གེ་སྦྱོང་འདོད་ཐོག་མ་རུ། །འདི་འདྲའི་ཚུལ་གྱིས་ལམ་ལ་དཀྲི། ཞེས་གསུངས་པ་དག་ལས་ཤེས་པར་བྱའོ།
༈ འཇམ་མགོན་ཀོང་སྤྲུལ་གྱིས། སྣག་ཤོག་སྨྱུ་གུ་མ་གཟབ་པར། །ཡི་གེ་གཟབ་འདོད་ཡིག་མཁན་འཁྲུལ། ཞེས་པ་ལྟར་ཐོག་མར་ཉེར་ཆས་ལ་གཟབ་རྒྱུ་གལ་ཆེ།
༡ བོད་སྣག་གི་རྒྱུ། སྒྲོན་ཤིང་ངམ། གྲོ་གའི་ཤུན་པ་སྐམ་པོ་མེར་སྦར་བའི་དྲེག་པའམ། མར་མེའི་མེ་ཏོག གཞན་ཡང་གཏེར་ཁ་སྣ་ཚོགས་ཀྱི་སྡེབ་སྦྱོར་ལ། སྤྱིན་ཁུ་དང་། དབང་ལག་ཁུ་བ། སྐྱེར་ཁུ་དང་ཀ་ར་སོགས་ཀྱིས་ཁ་མདོག་བསྒྱུར་བ་དང་། མདོག་སྣུམ་པ། ཆུ་ཡིས་མི་དགྲ་བའི་ཕན་ནུས་སོགས་ལྡན།
༢ བོད་ཤོག་ནི་ཅུང་མཐུག་ལ་རྩུབ་ཆེ་བས་འབྲས་ཁུ་དངས་མའི་ནང་དུ་སྦངས་བ་དང་། དེ་ནས་གཟི་དང་། དུང་དཀར་སོགས་ཀྱིས་བརྡར་ཏེ་མཉེན་འཇམ་ལྡན་པ་ཞིག་བཟོས་རྗེས་གཞི་ནས་བཀོལ་ཆོག་པ་ཡིན། སྔ་རབ་ཤིང་གི་ཤུན་པ་དང་། ལོ་མ་སོགས་ཀྱང་བེད་སྤྱོད་གཏོང་སྲོལ་ཡོད། དེ་དག་ནི་ལོ་ངོ་བརྒྱ་ཕྲག་དུ་མའི་ཚེ་ཐུབ༎
༣ སྨྱུ་གུ་བཟོ་ན། རྒྱུ་གཙོ་བོ་སྨྱུག་མ། ད་དུང་གཞོག་གྲི བརྡར་རྡོ། གཏུབ་ཤིང་བཅས་འཇོ༹མས་དགོས། ཇི་སྐད་དུ། སྨྱུག་གུ་བཞོགས་པའི་གནད་ཀ་ནི། །ཁམས་རྗི༹ང་ཡུལ་ཁ་གསུམ་ཡིན་ཏེ། །རྩེ་མོར་ཕྱེད་གཉིས་གཞལ་བའི་ཕྱིར། །སུམ་གཉིས་རྗི༹ང་ལ་སུམ་གཅིག་མཆུ། ཞེས་པ་ལྟར་ཡུར་བ་འདྲ་བ། སྨྱུག་རྒྱབ་ནས་བལྟས་ན་གཡས་གཡོན་གྱི་ཆ་གཉིས་ཆེ་ཆུང་མཉམ་པ། རྗི༹ང་ཆུ་ཧ་ཅང་མི་རིང་མི་ཐུང་མི་སྲབ་ཚད་ཐིག་པ་གཅེས། ཡི་གེའི་འབྲུ་ཁོག་ཆེ་ཆུང་ཡང་སྨྱུག་ཁམས་ཆེ་ཆུང་ལ་རག་ལས། ཇི་སྐད་དུ། ཚེག་བྲིས་འབྲི་ན་མཉམ་པར་བཅད། །ཟླུམ་བྲིས་འབྲི་ན་གཉིས་ཆོད་བྱ། །སྨྱུག་ཁམས་ཆིག་ཆོད་བྱས་གྱུར་ན། །ཡི་གེ་ལེགས་པའི་གནད་ཅིག་ཡོད། །སྨྱུག་ཁམས་གཉིས་ཆོད་བྱས་གྱུར་ན། །སྨྱུག་ཁ་སྲ་བའི་གནད་ཅིག་ཡོད། །སུམ་ལྡན་ལྔ་འཇོ༹མས་ཞེས་པའི་དོན། །སྨྱུག་གུའི་མཆུ་ལ་མཁས་གྱུར་ན། །ཡི་གེ་འབྲི་ལ་མཁས་པར་བཤད། ཅེས་པ་ལྟར་ཐོག་མར་སྨྱུ་གུའི་ཤེས་བྱ་ལ་སྦྱང་དགོས། དཔེར་ན། ལཉ་ཝར་གཉིས་ལ་སྨྱུག་ཁམས་གཡས་སུ་གསེག་ཆེན་བྱ། དབུ་མེད་ལ་གསེག་ཆུང་དང་། དབུ་ཅན་ལ་གཡོན་ངོས་སུ་གསེག་ཆུང་བྱ། ཧོར་ཡིག་ལ་གསེག་མེད་སོགས་ཚུལ་བཞིན་ཤེས་པར་བྱའོ༎
༈ སྨྱུག་མ། རྒྱ་སྨྱུག་དང་། རོང་སྨྱུག ལྷོ་སྨྱུག་སོགས་སྐམ་ཐག་ཆོད་རྗེས་ཡུན་རིང་དུད་ཁར་བཏགས་ཏེ། རབ་ཤ་བའི་རྐང་དང་། འབྲིང་ར་ཡི་རྐང་མར། ཡང་ན་མར་ནག་བྱུག་སྟེ་བྱེ་མ་ཚ་བོའམ། ཡོས་ཚ་བོའི་ནང་རན་པར་བཅུག་སྟེ་འཇམ་ཕྱིས་བྱས་ན་རླན་བཤེར་གྱིས་མི་གོས་ཤིང་སྲ་མཁྲེགས་ཆེ། རིང་ཚད་མཐོ་གང་ལས་མི་ཐུང་བ་ཡུ་བའི་རྩེ་མོ་རྣོ་མི་རུང་། གང་ལགས་ཞེ་ན། བྲིས་པ་ཕལ་གྱིས་སྨྱུག་གུ་རྣ་སྟག་ཏུ་འགེལ་བས་རང་གི་མིག་ལ་སྐྱོན་ཤོར་བའི་ལོ་རྒྱུས་མང་། འགའ་ཤས་ཀྱིས་ཤེས་རབ་མཚོན་པས་ཡུ་བ་རྣོ་དགོས་ཟེར། འོན་ཀྱང་བྲིས་པ་ཞ་རར་གྱུར་ན་དགེ་མཚན་མེད་དོ་སྙམ་མོ༎
༈ སྨྱུག་ཤུབ་ལྕགས་ཚག་ལ་གསེར་རྩི་བཏང་བའམ། ཟངས་རག་སོགས་ཀྱིས་བཟོ་སྲོལ་ཡོད། གང་ལྟར་ཡང་སྨྱུག་གུ་སྲུང་སྐྱོབ་ཐུབ་པ་ཞིག་དགོས༎
༈ སྣག་བུམ་རྒྱུ། གསེར། དངུལ། ཟངས། རག ལི། འཁར་ར། ལྕགས་སོགས་ལས་གྲུབ་པ། དབྱིབས་ཆུ་སྐྱེས་བུམ་པ་དང་འདྲ་ཞིང་། མགྲིན་པ་ཐུང་བ། ལྟོ་ལྡིར་བས་སྦུབ་ཀྱང་ཕྱི་རུ་མི་འཕོ་བ་དགོས། ནང་གི་ཞབས་འཁོར་དུ་ཞ་ཉེ་བླུག་ན་སྤམ་རྗིད་ཆེ་ལ་སྣག་མི་རུལ་བའི་གནད་ཀ་ཡོད༎ མི་རྣམ་སྤྲུལ་མིང་པས་མཚམས་སྦྱོར་བགྱིས།
བཀླགས་ཟིན་་་་ཡག་པོ་ཞེ་དྲག་རྩོམ་གནང་འདུག
དེང་སང་གློག་ཀླད་ནང་ལ་བོད་ཡིག་དར་ཁྱབ་སོང་བ་འདིས་་་་་བོད་ཡིག་ལག་བྲིས་སྒྱུར་རྩལ་ལ་ཉམས་ཆགས་ཚབ་ཆེན་གཏོང་གིན་འདུག་ག
བཟང་གི་ཡཱ
རྒྱུ་མཚན་རྣལ་མ་སྟོན་རྒྱུ་གང་ཡང་མེད་པའི་མགོ་རྙོག་ཞེ་བོ་ཞིག་བྲིས།་འདུག།
གང་ལྟར་བརྗོད་བྱ་གཙོ་བོ་ནི།
༼ལོ་ངོ་བཞི་སྟོང་སྔོན་གྱི་ཞང་ཞུང་སྨར་ཡིག་དང་། སྟག་གཟིག་སྤུངས་ཡིག་ད་ཆ་དངོས་སུ་མཇལ་རྒྱུ་ཡོད་པ་འདི་དག་བོད་ཡིག་ཏུ་ཅི་སྟེ་ངོས་མི་འཇི༹ན༎༽ཟེར། དོན་དངོས་སུ་ལོ་ངོ་སུམ་སྟོང་བཞི་སྟོང་གི་དུས་ནས་ཡོད་པའི་ལོ་རྒྱུས་ར་སྤྲོད་ཐུབ་ན་བོད་ཡིག་ཏུ་ངོས་འཛིན་དང་འཛིན། འོན་ཅང་དེང་སང་འདྲ་མཚུངས་སུ་བཅོས་བའི་ཀ་མད་སུམ་ཅུ་ཟེར་བ་རེ་ཡོད་པར་བློ་ལྡན་སུ་ཞིག་གིས་ཡིད་ཆས་བྱེད་ཐུབ།
མུ་མཐུད་དུ་འབྲི་རོགས།
གོང་གི་པར་རིས་ནང་ཡོད་པ་དེ་འཇུ་མི་ཕམ་པའི་ཕྱག་བྲིས་ཨེ་རེད།
ལོ་ངོ་བཞི་སྟོང་སྔོན་གྱི་ཞང་ཞུང་སྨར་ཡིག་དང་། སྟག་གཟིག་སྤུངས་ཡིག་བོད་ཡིག་ཡིན་མིན་ཐད་མཁས་པས་རྩོད་པ་ཡོད་ཀྱང་། དེ་དག་གཟུགས་མཚོན་ཡི་གེ་ཡིན་པར་འདོད། སློབ་དཔོན་ཐོན་མིས་གསར་གཏོད་མཛད་པ་ནི་སྔར་ཡོད་དེ་དག་གི་སྟེང་དུ་བོད་རང་གི་སྐད་དང་མཐུན་པའི་སྒྲ་མཚོན་ཡི་གེ་ཀ་ཁ་ག་ང་སོགས་གསལ་བྱེད་ཡི་གེ་དང་དབྱངས་ཡིག་ཨི་ཨུ་ཨེ་ཨོ་བཞི་སྟེ་དབྱངས་གསལ་གྱི་ཡི་གེ་འདི་དག་རེད། དག་ཡིག་ངག་སྒྲོན་ལས། དབྱངས་ལྔ་ཡ་ར་ལ་ཝའི་འདོགས།།ཞེས་ཨ་ཡིག་དབྱངས་དང་གསལ་བྱེད་གཉིས་ཀ་ཡིན་པར་བཞེད་པ་ས་སྐྱ་པཎ་ཌི་ཏ་དང་དཔལ་ཁང་ལོ་ཙཱ་བ་སོགས་ཀྱི་མཁས་པའི་བཞེད་ཚུལ་མང་ངོ།།
མེ་དཀར་ལགས། དཔར་རིས་འདི་འཇུ་མི་ཕམ་མིན་པ་འདྲ། དེངས་སྐབས་བོད་དུ་གནས་སྡོད་འབྲུག་པ་མི་ཕམ་རྣམ་རྒྱལ་ཟེར་མཁན་ཞིག་གིས་བྲིས་རེད་ཟེར། ངས་ད་དུང་བྷྲུཾ་ཡིག་གྱི་དཔེ་མཚོན་ཞིག་དང་། མ་ཎི་སོགས་བྲིས་མ་འདྲ་མིན་མཐོང་མྱོང། ཁོ་པའི་བོད་ཡིག་སོགས་ཀྱི་སྒྱུ་རྩལ་྄མདོ་དབུས་ཁམས་གསུམ་དང་། མཚད་ཨེ་ཤིའི་ཡའི་ཁུལ་དུ་དར་ཁྱབ་དང་རིན་ཐང་ཆེན་པོ་རེད་ཟེར་ཐོས།
ང་ཚོ་བོད་ཀྱི་སྤྱི་ཚོགས་ནང་དུ་ཁ་དང་ལག་པ་གཉིས་ཀ་འཛོམས་པའི་མི་འདི་འདྲ་མང་ཞིག་ཡོད་ན་ཅི་མ་རུང་སྙམ།
༧ གོང་དུ་ཞང་ཞུང་སྨར་ཆེན་དང་སྨར་ཆུང་བོད་ཡིག་རེད་ཟེར། དེ་དག་བོད་ཡིག་ག་ལ་ཡིན་ཏེ་མིན། ཞང་ཡིག་ཞང་ཡིག་རང་ཡིན་ལ་བོད་ཡིག་བོད་ཡིག་རང་ཡིན། བོད་ཀྱི་དབུ་ཅན་ནི་ཞང་ཞུང་སྨར་ཆུང་ལས་བྱུང་བར་མངོན་སུམ་ཚད་མས་གྲུབ་སྟེ། དབུ་ཅན་ཀློག་ཤེས་ན་སྨར་ཆུང་ཕལ་ཆེར་ཀློག་ཤེས་པས་འདི་ལས་ལྷག་པའི་སྒྲུབ་བྱེད་ཞིག་གང་དགོས། དབུ་མེད་ནི་ལྷ་བབ་ཡི་གེའི་གཟུགས་འགྱུར་ཡིན་པ་བལྟས་པ་ཙམ་གྱིས་ཤེས་ནུས། དབུ་ཅན་དང་དབུ་མེད་གཉིས་རྒྱ་གར་ལན་ཚ་དང་ཝར་ཏུ་གཉིས་དང་རྩ་བ་ནས་འདྲ་བའི་ཕྱོགས་མེད་ཟེར་ན་ཕལ་ཆེན་བདེན། དེས་ན་བོད་ཀྱི་ཡི་གེ་དབུ་ཅན་དང་དབུ་མེད་གཉིས་ཐོན་མིས་བྱས་ཟེར་བ་དེ་ནི་ཁུངས་ལུང་མེད་པའི་གཏམ་རྙོག་ཅིག་ཡིན་པར་གསལ། གལ་སྲིད་ཐོན་མི་དེ་འདྲའི་བྱས་རྗེས་ཅན་གྱི་མི་ཤིག་ཡིན་ན་ཆོས་རྒྱལ་རྣམས་ཀྱིས་ཁོང་གི་གསལ་བའི་རྡོ་ཡི་མེ་ལོང་ཞིག་མ་སློང་ཐབས་མེད་ཡིན་པས་དེ་ནི་སྟོན་རྒྱུ་མི་འདུག ཏོན་ཧུང་ཡིག་རྙིང་ནང་ལ་ཐོན་མི་ཟེར་བའི་མིང་ཙམ་མེད། ད་དུང་བོད་ཡིག་ཐོན་མིས་བྱས་ཟེར་བ་གང་ལབ་གི་ཡོད།
བོན་པོ་ཚང་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡག་པོ་ཡོད་ན། ནང་པ་ཚང་ལ་རྐུ་མ་རྒྱབ་པ་གྱིས། རང་གི་འབུལ་དུ་ཐོན་པའི་ཡོན་རྣམས་ངོམ་ཤོག་དང་ཕ་བཟང་བུ་རྣམས། མ་གཏོགས་ཁུང་མེད་ལུང་མེད་ཀྱི་གཏམ་ཁོ་ན་བཤད་པ་འདི་ཁ་འཐེན་ནས་སྣ་ནང་འོང་དཀའ་བའི་དཔེ་ལས་མ་འདས་སོ། མ་རབས་ཚོ།
ཁམས་བྲིས་བྲི་སྲོལ་དེ་ཁམས་ནང་ཆེན་དང་དེའི་གཡས་གཡོན་ས་ཁུལ་གྱི་བྲི་སྲོལ་ཞིག་ཡིན། དེ་མིན་འབའ་དང་། ལི་ཐང་། སྨར་ཁམས། སྣང་བཟང་། འཇུ་ཀོང་རྒྱལ་གསུམ་སོགས་སུ་དེ་འདྲ་བྲི་སྲོལ་ཡོད་པ་མཐོང་མ་བྱུང་། དེས་ན་ཁམས་བྲིས་མ་རེད། ནང་བྲིས་རེད།
ཞང་ཞུང་སྨར་ཆུང་ནི་བོད་ཀྱི་དབུ་ཅན་ལས་བྱུང་བར་མངོན་སུམ་ཚད་མས་གྲུབ་སྟེ། དབུ་ཅན་ཀློག་ཤེས་ན་སྨར་ཆུང་ཕལ་ཆེར་ཀློག་ཤེས་པས་འདི་ལས་ལྷག་པའི་སྒྲུབ་བྱེད་ཞིག་གང་དགོས།
དེ་ལྟར་ན་ཞང་ཞུང་སྨར་ཆེན་གྱི་ཡི་གེ་འདི་ལ་ལོ་རྒྱུས་ལྔ་སྟོང་ལྷག་ཕྱིན་པའི་དཔང་རྟགས་ཐོན་སོང་བས།དེ་བྱེད་དུས་བོད་ཡིག་ནི་དེ་ལས་ཀྱང་སྔ་བར་ཁྱོད་ཀྱིས་ཁས་ལེན་དགོས།
དེ་ལྟར་ན་ཐོན་མི་་་་་་་་་་་་
མེ་དཀར་འདི་གང་དུ་རྩོམ་ཡོད་ན་དེ་རུ་ཁོས་དོན་དག་ཡོད་མེད་གང་ཡིན་རུང་སླེབ་སྡད་ཡོད་པ་རེད།
ལ་སྟོད་ལགས། ལོ་ལྔ་སྟོང་དྲུག་སྟོང་བྱུས་གཏོགས་མེད། གོང་དུ་གཅིག་གིས་བཀོད་པའི་རྒྱུ་མཚན་དེ་ཁོང་རང་ལ་ཕར་དྲངས་པ་ཡིན། ང་གང་དུ་སླེབས་སར་ཉིད་ཀྱང་སླེབས་འདུག་ག ཧ་ཧ་ཧ
དེང་དུས་བོད་ཀྱི་སྤྲུ་སྐུ་ནང་ནས་བོད་ཀྱི་ཆོས་དང་རིགས་གཞུང་ལ་ཁ་ཙམ་མ་ཡིན་པའི་བྱས་རྗེས་ཡོད་པའི་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་སྤྲུལ་སྐུ་མི་ཕམ་རྣམ་རྒྱལ་རིན་པོ་ཆེ་མཆོག་གིས་༼གངས་ལྗོངས་ཚིག་མཛོད་ཆེ་མོ༽ གསར་སྒྲིགས་ཀྱི་འགྲོ་སོང་གི་འགན་ལན། ནང་ཆེན་རྒྱལ་པོ་མངའ་ཁུངས་འདན་སྟོད་སྐྱེ་རྒུ་མདོར༼ནོར་གླིང་དཔེ་མཛོད་ཁང་༽གསར་འཛུགས། བོདཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་ལམ་ནས་༼བོད་ཀྱི་ཡིག་གཟུགས་མ་ཕྱི་༽ མཛེས་སྩལ་བོད་ཀྱི་ཡིག་རིགས། འབྲུག་པ་དཀའ་བརྒྱུད་གདན་ས་འབྲུག་བསང་སྔགས་ཆོས་གླིང་སོགས་ལ་སྒྲུབ་གྲ་གསར་འཛུགས། སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆགས་སྐབས་རྒྱ་སྒོར་ཁྲི་སྟོང་ཕྲག་གི་རོགས་རམ་གནང་བ་སོགས་བྱས་རྗེས་ཆེ།
སངས་རྒྱས་དང་བྱམས་སེམས་ཀྱི་སྐུ་འདྲ་དང་སྐུ་ཐང་རིག་མཛེས་རྩལ་གྱི་ལམ་ནས་བཞེངས་པ་དག་དད་བསྟན་བྱེད་པའི་སྲོར་ཡོད་ཀྱང་ཁོང་གིས་གསུང་བསྟན་སངས་རྒྱས་བྱམས་སེམས་ཀྱི་མཚན་གཟུང་བསྔགས་མཛེས་རྩལ་ཡིག་རིག་ལམ་ནས་གསར་བཞེངས་གནང་ནས་བོད་ནང་དང་ཤར་ཕྱོགས་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་ནང་མཆོད་བཤམ་ནང་བསྒྲིགས་རྒྱུ་དར་སྲོག་ཆེ་པོ་འབྱུང་བཞིན་འདུག།
ཐོན་མིས་གོང་ལ་བོད་ལ་ཡི་གེ་ཡོད་ནའང་འདྲ། མེད་ནའང་འདྲ་བན་བོན་གཉིས་ལ་ཐོབ་ཤོར་ཡོང་རྒྱུ་གང་ཡང་མེད། བོད་ཡིག་ནི་བན་བོན་གཉིས་པོའི་སྤྱི་ནོར་རེད།
གོང་གི་མཆན་བུ་དགུ་བ་གངས་སེང་ཟེར་བར་མཆན་ཞིག་འབྲི་འདོད་དེ་མཆན་གཞན་ཀླག་གི་འོང་སྐབས་མཆན་བུ་བཅུ་གཉིས་པ་མེ་ཏོག་དཀར་བོས་ངའི་སེམས་ལ་ཡོད་པའི་མཆན་དེ་ཏག་ཏག་བྲིས་ཤག དེས་ན། མེ་ཏོག་དཀར་པོའི་མཆན་བུ་བཅུ་གཉིས་པར་མངོན་པར་སྟོད་དོ།།
མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་དེབ་ཐེར་དཀར་པོར་གསུངས་པ་བཞིན། ངས་རྒྱ་གར་རྒྱལ་ས་ལྡི་ལིའི་རྒྱལ་ཁབ་ཀྱི་གནའ་དུས་དངོས་རྫས་འགྲེམ་སྟོན་ཁང་དུ། བོད་ཡིག་དེ་ཉིད་གུཔཏའི་དུས་ཀྱི་ཡི་གེ་དང་འབྲེལ་ཡོད་པ་ལོ་ངོ་བཞི་བཅུ་ཙམ་སྔོན་དུ་ངེས་པ་བརྙེད། རྡོ་གླེགས་ཤིག་ལ་གུཔཏིའི་ཡི་གེ་བྲིས་པ་ཞིག་མཐོང་། དེ་ལ་ལྟ་དུས་བོད་ཡིག་ཏུ་སྔགས་བྲིས་པ་ལྟ་བུ་ཞིག་སྣང་། ཉེ་དུས་རྡོ་བྲིས་དེ་ལ་སླར་ཡང་ལྟ་འདོད་ཀྱིས་ལན་འགའ་བཙལ་ཀྱང་། བརྩད་གཅོད་ཐུབ་མ་སོང་། དེ་ལ་འགྱོད་དགོས་པ་མི་འདུག དེ་བས་ང་དང་ང་འདྲ་བ་དག་གིས་བོད་ཀྱི་སྒྲ་དང་མིང་དག་འབྱུང་ཚུལ་དང་། དེ་དག་ཡིག་ཐོག་ཏུ་འབྲི་བ་ན། མི་འདྲ་བ་འབྱུང་བའི་རྒྱུ་རྐྱེན་རྣམས་རྩད་གཅོད་བྱེད་ཐུབ་ན། ཁེ་བཟང་ཆེ། དཔེར་ན། ཕྱུག་པོ། རྭ་བ། དམག་ལ་རྭ། རུ་སྒྲིག་པ། རྐྱལ་པ་དང་ཆུ་རྐྱལ། རྒྱ་ལམ། རྒྱ་སྒོ། འཁོར་དང་སྐོར། འགུལ་དང་སྒུལ། འབར་དང་སྤོར། འདི་ལ་ཕྱིས་སུ། སྦོར་ཞེས་འབྲི་བ་ཡང་ཡོད་པས། སོ་སོའི་འོལ་ཚོད་ཀྱིས་མ་ཡིན་པར་གཞུང་དཔེ་ཁུངས་དག་རྣམས་ལ་བལྟས་ཏེ་གང་དེ་ཆེས་དག་པ་ཡིན་པ་ཁུངས་བསྐྱལ་ན། རང་རེའི་ཤེས་རིག་གོང་འཕེལ་དུ་འབྱུང་བ་ལ་ཕན་པར་འགྱུར་རོ།།
དོན་ལ་གནས་མིན་ངས་ཁ་ཚོན་གཅོད་མི་ཐུབ། འོན་ཀྱང་རྣལ་མའི་སྐད་ཆ་ཅིག་རེད། སོ་སོའི་ཉམས་མྱོང་དང་ཞིབ་འཇུག་གི་ཐོག་་ནས་བསམ་ཚུལ་བཏོན་ན་ལེགས་པོ་དྲག་འདུག དེ་མིན་འགའ་ཤས་ཀྱིས་མི་ཤེས་ཤེས་འདོག་དང་། རེ་འགས་མ་འཇོན་འཇོན་འདོག་ཉུང་ཤས་ཀྱིས་རྒྱུ་མཚན་མེད་པའི་སྐྱོན་བརྗོད་དང་ཕྱོགས་རིས་ཀྱི་སྐད་ཆ་སོགས་མང་དྲག་ན། ང་ཚོ་ཁ་བརྡའི་གླེང་སྟེག་ལ། ཁྭ་ཏའི་གླེང་སྟེག་ཅེས་མིང་ངན་པ་འདོག་སྲིད།
རྒན་ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས་ལ་འཚམས་འདྲི་ཞུ། ཉུང་དང་བསྙུང་། ཉུག་དང་བསྙུགས། ཐུང་དང་བསྟུང་སོགས་བྱེད་འབྲེལ་ལས་ཚིག་ཡོད་མེད་ཀྱི་བརྡ་དང་ཐ་སྙད་སྦྱོར་ཚུལ་ལ་མཁས་པས་ནན་ཏན་མཛད་པ་དང་ཁྱད་པར་ཆེན་པོ་ཡོད། གནའ་ཡིག་མང་པོ་ཡོད་པ་ལས་ཐོན་མིས་མཛད་པའི་བོད་ཡིག་ནཱ་ག་རའི་ཡི་གེར་དཔེར་བླངས་བྱས་པ་ཅུང་ཟད་རྒྱུ་མཚན་ཡོད་པར་སྙམ་ཏེ། ཡིག་གཟུགས་དང་སྒྲ་གདངས་གཉིས་ཀ་ནས་འདྲ་མཚུངས་མང་པོ་བརྙེད་ཐུབ་ལ། ཐོན་མིའི་མགུར་དུ། རྒྱ་ཡིག་ལྔ་བཅུ་ཐམ་པ་དེ།།བོད་ཡིག་སུམ་ཅུར་གཏན་ལ་ཕབ།།ཅེས་པས་ཀྱང་ལེགས་སྦྱར་གྱི་ཡི་གེ་དབྱངས་གསལ་ལྔ་བཅུ་ཐམ་པ་དེ་བོད་རང་གི་སྐད་དང་མཐུན་པར་དབྱངས་གསལ་སོ་བཞིར་གཏན་ལ་ཕབ་པ་ཡིན་ཞེས་པ་ཡིན།
དཀར་གཙང་ཤོག་བུ་གངས་རིའི་ངོས་ཡངས་པོར།།
ཁ་མདོག་སྣ་སྔའི་ཕྲེད་དར་དཔྱངས་འདྲ་བའི།།
གངས་ཅན་ཡི་གེའི་གཟུགས་བརྙན་སྣ་ཚོགས་རིས།།
འཛམ་གླིང་གོ་ལ་ཟླུམ་པོའི་རྒྱལ་མཚན་ཉིད།།
རབ་ཡངས་གངས་དཀར་བླ་ན་རབ་འཕགས་པ།།
རབ་འབྱམས་གངས་ཅན་སྐྱབས་གནས་༸རྒྱལ་དབང་གང་།།
རབ་མང་ཉམས་ཐག་དྲངས་ལ་ཐབས་མཁས་པས།།
རབ་སྙན་གདངས་དང་འཚམས་པར་བརྡ་དག་མཛད།།
༧ ད་བན་དྷེ་ཚང་ལ་དངོས་གནས་ཧ་ཀྱང་མང་པོ་ལབ་ཡག་འདུག འགའ་ཤས་ཀྱིས་ཐོན་མིས་ལན་ཚ་ལ་བལྟས་ནས་བོད་ཡིག་བཟོས་ཟེར། ལ་ལས་ཝར་ཏུ་ལ་དཔེ་བླངས་ནས་བཟོས་ཟེར། ལ་ལས་གུཔྟའི་ཡིག་གེ་ལ་བརྟེན་ནས་བཟོས་ཟེར། ལ་ལས་ནཱ་ག་རའི་ཡི་གེར་དཔེར་བླངས་ནས་བཟོས་ཟེར། ལ་ལས་ཞང་ཞུང་ཡི་གེ་དཔེ་བླངས་ནས་བཟོས་ཟེར། ལ་ལས་དེ་དག་ཐམས་ཅད་ནང་ནས་ལེགས་སྒྲུག་བྱས་ཟེར་བ་སོགས་ངེས་གཏན་མེད་པ་ལྐུགས་ཁ་གདངས་བ་ནང་བཞིན་བཤད་སྲོལ་འདྲ་མིན་སྣ་ཚོགས་ཤིག་འདུག དོན་དངོས་ཐོག་རྣམ་དཔྱོད་བློ་གྲོས་མངའ་བའི་བན་དྷེའི་མཁས་དབང་མང་པོ་ཞིག་གིས་བོད་ཡིག་ནི་ལོ་ངོ་སྟོང་ཕྲག་ལྔ་དྲུག་ནས་ཡོད་པ་ཞལ་བཞེས་སྣང་གི་འདུག་པས་མཁྱེན་སྤྱོད་དང་ལྡན་པའི་གཞོན་རིགས་རྣམས་ཀྱིས་མཁས་དབང་དེ་རྣམས་ཀྱི་རྗེས་སུ་འབྲེང་བ་སྨོས་ཅི་དགོས། འགའ་ཞིག་གིས་བོན་པོས་བན་དྷེ་ལས་མང་པོ་རྐུས་རབས་བཤད་འདུག་པས་དེ་ནི་རི་བོང་གིས་ཁོ་རང་གི་ཁར་ཁོ་རང་གིས་སྐུངས་ནས་སྟག་ཁྱོད་རང་གི་ཁ་ཤོ་བསྡད་མི་འདུག་གཱ་ཟེར་བ་འདྲ་བོ་རེད། གང་ཡིན་ཟེར་ན་ཁྱེད་བན་དྷེ་ཚང་ལ་རྫོགས་ཆེན་དང་། སྔགས་བླ་མེད། དུས་འཁོར་ཟེར་བ་སོགས་དཔེ་མང་པོ་ཞིག་འདུག དེ་ཐམས་ཅད་རྒྱ་གར་ནས་བོད་ལ་བསྒྱུར་རབས་བཤད་ཀྱིན་འདུག དོན་ངོ་མ་ང་ཚོ་རྒྱ་གར་ལ་སླེབ་དུས་དེ་ཚོ་ཉམས་ལེན་བྱེད་མཁན་རྒྱ་གར་བ་མི་སྐེ་སྐེ་གཅིག་མཐོང་ཡག་མེད་པ་མ་ཟད་དེའི་མིང་གོ་མྱོང་མཁན་རྒྱ་གར་བ་མི་འདུག་ཟེར་ན་ཧ་ལམ་བདེན་པའི་གཏམ་དུ་སྣང་། དེར་མ་ཟད་རྒྱ་ནག་དང་ཇར་པིན། འབར་མ། ཤི་རི་ལང་ཀ་སོགས་རྒྱལ་ཁབ་གཞན་སུ་གཅིག་ནང་ལ་དེ་དག་ཉམས་ལེན་བྱེད་མཁན་མི་སུ་གཅིག་མི་འདུག་པ་མ་ཟད་ཁོང་ཚོའི་བཤད་སྲོལ་ལ་དེ་དག་བཅོམ་ལྡན་འདས་ཀྱི་བཀའ་མ་རེད་ཟེར་གྱིན་འདུག །བོད་ཀྱི་བན་དྷེས་དེ་རྣམས་ག་བ་ནས་ཁྱེར་ཡོང་ཡིན་བསམ་བློ་ལེགས་པར་གཏོང་དགོས་འདུག་གཱ། ཧ་གོ་སོང་ངམ?
གངས་སེང་ལགས། བོན་པོ་གཤེན་རབས་ཀྱི་ཕ་ཡུལ་ག་ནས་རེད། ག་དུས་འཁྲུངས་པ་རེད། ད་ལྟ་ས་གནས་དེ་རྒྱལ་ཁབ་གང་གི་ཁོངས་སུ་གཏོགས། བཀའ་སྩལ་དུ་གསོལ།
ཕ་མེད་མ་མེད་རོང་མཚམས་མཚོ་པདྨ་ནས་རེད།
ཧ་ཧ་ཧ། དགོངས་དག་ལ་སྟོད་ལགས། ངས་དྲིས་ཉེས་ཤོར་ཡོད་ས་རེད། ད་གོ་སོང་གོ་སོང་། གནད་འགག་འདི་འདྲི་མི་རུང་བ་གསང་བ་ཞིག་ཡིན་ས་རེད།
དགོད་བཞིན་དུ་ནི་སྡིག་པ་བསགས། ངུ་བཞིན་དམྱལ་བ་མྱོང་བར་འགྱུར། ཞེས་གསུངས་པ་ལྟར་ངག་འཁྱལ་གྱི་རྣམ་གྲངས་མང་རབས་ཤོར་སོང་བར་བཟོད་པར་གསོལ།
ད་འདི་ནས་དགོངས་ཞུ་ཡིན། མཆན་བུ་མི་འདེབས། སེམས་ཅན་ལ་ཕན་པའི་ཆོས་ལུགས་རྒྱས་པར་ཤོག
ཁོང་གི་ཡིག་གཟུགས་རྒྱུ་རྩལ་ནི་ཧ་ཅང་ངོ་མཚར་གྱི་གནས་དང་ལྷག་པར་དབུས་བྲིས་འཁྱུགས་ཡིག་དང་འབྲུ་ཚ་ནི་མཐོང་བ་ཙམ་གྱིས་ཆགས་ལྡན་བུ་ཡིས་མཛེས་མ་མཐོང་ན་གོམ་ཚུགས་འཆོར་ཞེས་པ་ལྟར་སྤྱན་ལྡན་སུ་ཡིས་གཟིགས་ཀྱང་ཡིད་དབང་འཕྲོག་པའི་ཁྱད་ཆོས་ལྡན་པས་སྐུ་ཉིད་ནས་མུ་མཐུད་དར་སྤེལ་དང་རིག་མཛོད་དུ་འཛུད་པའི་ཐབས་ཤེས་ཡོད་རྒུ་གནང་སྐྱོང་ཞུ། དྲྭ་གྲོགས་རྣམ་པས་ཀྱང་མཆོག་སྤྲུལ་ཁོང་དང་རིག་མཛོད་མཁས་ཆེན་བོད་ཡིག་གི་འོད་སྣང་ཕྱོགས་སུ་འབྱིན་པའི་ཟླ་གཞོན་ཆེན་མོ་སྨོན་ལམ་ལགས་སོགས་ལྷག་ལྡན་གྱི་ཆེད་མཁས་པ་རྣམས་ལྷན་དུ་འཛོམས་ནས་ལས་བཟང་ལེགས་འགྲུབ་ཡོངས་བའི་སྐྱབས་འཇུག་གནང་སྐྱོང་ཞུ།།
བོད་མིའི་རང་དབང་བདུན་རེའི་གསར་ཤོག་གི་པར་ངོས་བཞི་པ་ལས།
༸ གོང་ས་མཆོག་ནས་སྨར་ཡིག་ནི་མི་ལོ་སུམ་སྟོང་གི་བོད་ཀྱི་ཡི་གེ་ཐོག་མ་དེ་ཡིན་པར་ར་འཕྲོད་ཀྱི་བཀའ་སྩལ།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸ གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གདུལ་བྱ་སྟོང་ཕྲག་མང་པོར་གསུང་ཆོས་བཀའ་དྲིན་ཆེ་བའི་སྐབས་ལ་སྨར་ཡིག་ནི་མི་ལོ་སུམ་སྟོང་བཞི་སྟོང་གོང་གི་བོད་ཀྱི་ཡི་གེ་ཐོག་མར་ཡིན་པའི་ར་འཕྲོད་བྱུང་ཡོད་པའི་སྐོར་ལ་བཀའ་སློབ་ཕེབས་པ་གནང་སོང། དེ་ནི་སྤྱི་ནོ་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་དུས་བཞུགས་སྒར་དུ་གདུལ་བྱ་རྣམས་ལ་ཕྱི་ནང་གྲུབ་མཐའི་རྣམ་བཞག་དང་ལམ་རིམ་མདོིར་བསྡུས་བཅས་ཀྱི་བཀའ་ཁྲིད་བཀའ་དྲིན་ཆེ་བའི་མུར་ཉེ་ལམ་བོད་ཀྱི་ས་འོག་ནས་དངོས་པོ་སྨར་ཡིག་འཁོད་པ་ཞིག་རྙེད་འདུག་པར་གཞིགས་ན། དེ་སྔ་མི་ལོ་སུམ་སྟོང་བཞི་སྟོང་གི་གོང་དུ་བོད་ཀྱི་ཡི་གེ་ཐོག་མ་དེ་སྨར་ཡིག་ཡིན་པ་ནི་ར་སྤྲོད་བྱུང་ཡོད་པའི་སྐོར་ལ་བཀའ་གནང་འདུག
༸གོང་ས་མཆོག་ནས་གསུང་དོན། དེ་ཡིན་དུས་ནམ་རྒྱུན་བོན་པོའི་བཤད་སྲོལ་ཞིག་ལ་ཆོས་རྒྱལ་སྲོང་བཙན་གྱི་སྐབས་སུ་བོད་ཡིག་ཡར་རྒྱས་ཕྱིན་པ་ཞིག་རེད་མ་གཏོགས་བོད་ཡིག་གི་རྩ་བ་དེའི་གོང་ལ་སྨར་ཡིག་ཞེས་པ་དེ་ཡོད་ཅེས་བཤད་འདུག དེ་ནང་བཞིན་ལོ་སུམ་སྟོང་གོང་ལ་ཡོད་པའི་དངོས་པོ་རྙིང་པ་ཞིག་ལ་སྨར་ཡིག་གི་ཡི་གེ་ཡོད་པ་རེད། བྱས་ཙང་ནམ་རྒྱུན་བོན་གཞུང་གི་ཐོག་ནས་བཤད་པའི་སྨར་ཡིག་ཟེར་བ་བོད་པའི་ཐོག་མའི་ཡི་གེ་དེ་སྨར་ཡིག་དེ་བཞིན་ལོ་སུམ་སྟོང་གོང་ལ་ཡོད་པ་གསལ་པོ་ཞེ་དྲག་ཆགས་འདུགས།་ དེ་འདྲ་ཡིན་དུས་ང་རང་ཚོའི་བོད་ཡིག་དེ་བཞིན་ཧ་ཅང་རྙིང་པ་ཡིན་པའི་ཡི་གེ་ཞིག་ཆགས་བསྡད་ཡོད་པ་རེད། བོན་གཞུང་ཟེར་བ་སྟེ་བོན་ནི་གནའ་རབས་ཀྱི་ཆོས་རྒྱུད་ཞིག་ཆགས་བསྡད་ཡོད་པ་རེད་ཅེས་བཀའ་སྩལ་འདུག
ཆོས་ལུགས་ཕྱོགས་ཞེན་མེད་ན་འདི་དག་ལ་གཟིགས་རོགས་ཧཧཧཧཧཧཧཧཧཧཧཧཧཧཧ
རྒྱལ་དབང་མ་ཎི་འདོན་འདོན།
རྒྱལ་བའི་རྗེས་འཛིན་ཡིན་ན།
རྒྱལ་གསུང་རྩིས་མེད་མ་གནང་།
ཕྱོགས་ཞེན་ཆེ་བའི་མི་ལ།
གླིང་སྨྱོན་ང་དང་ཁ་བརྡ།
ཡང་ཡང་བྱས་དང་མ་བྱས།
དགོས་པའི་ཕན་ཐོག་ཡོད་དམ།
གཞན་ལ་ཕན་པའི་སེམས་སྐྱེད།
བདག་ལ་ཡོད་པ་མིན་ཀྱང་།
ཆོས་ལུགས་ཕྱོག་ཞེན་ཅན་ལ།
མཐུན་སྒྲིལ་ལམ་ཁའི་ཁྱེད་དུ།
སྐྱབས་མགོན་རྒྱལ་དབང་མཁྱེན་པའི།
མི་རིགས་སྲོག་རྩའི་དོན་དུ།
ལན་མང་གནང་བས་བཀའ་སློབ།
ཁྱེད་རྣམས་སྤྱན་དུ་ཕུལ་ལོ།
འཛམ་གླིང་ཐོག་ཡིག་གཟུགས་ཀྱི་སྒྱུ་རྩལ་ལ་མཐོང་ཆེ་ཤོས་དེ་རྒྱ་མི་རིགས་ཡིན་པ་འདྲ། གྲོགས་པོ་ཞིག་གིས་བཤད་རྒྱུར། པེ་ཅིང་གི་ཟ་ཁང་ཞིག་ནང་ཚིག་རྐང་བརྒྱད་ཙམ་ཡོད་པའི་རྒྱ་ཡིག་པིར་བྲིས་་ཞིག་རྒྱ་སྒོར་ཁྲི་བདུན་བརྒྱ་ཉི་ཤུ་ལ་མ་བཙོང་སྐད། ཁོ་ཧང་སང་ཏེ་དེ་འདྲ་རིན་གོང་ཆེ་དོན་ཅི་ཡིན་ཅེས་དྲིས་པར། ཟ་ཁང་བདག་པོའི་བཤད་རྒྱུར། རྒྱལ་ཡོངས་ལ་སྒོར་ཁྲི་བདུན་བརྒྱ་ཉི་ཤུ་བཟོ་ཐུབ་མཁན་ག་ཚོད་དགོས་དགོས་ཡོད་། ཡིན་ནའང་ཡིག་གཟུགས་འདི་འདྲ་འབྲི་ཐུབ་མཁན་ཧ་ཅང་ཉུང་ལ། རྩ་བས་ཡིག་གཟུགས་སྒྱུ་རྩལ་ནི་སྒྱུ་རྩལ་གཞན་དང་བསྡུར་ན་གསོན་པོར་གནས་པ་ལྟ་བུ་ཞིག་རེད། ཁོས་ང་ཚོར་དོན་མང་པོ་སྟོན་ཐུབ། དེར་བརྟེན་ང་ཚོའི་མི་རིགས་དང་རྒྱལ་ཁབ་ཀྱི་ནོར་བུ་རྩ་ཆེ་ཤོས་དེ་ཡི་གེའི་སྒྱུ་རྩལ་ལ་བརྩི་གི་རེད་ཅེས་ལན་བཏབ། དེ་ནས་བཟུང་ཁོས་ཀྱང་སྒྱུ་རྩལ་ལ་རིན་ཐང་ཡོད་དོན་རྒྱུ་མཚན་གསར་པ་ཞིག་རྙེད་སོང་ཟེར།
མེ་ཏོག་དཀར་པོ་ལགས། ཁྱོད་ལ་ལ་སྟོད་བུ་ཡི་གསུང་ལན་ཨེ་ཡོད། ཡོད་ན་སྨོས་དང་། མེད་ན་ཁྱེད་རང་་ཁ་བཙུམ་བསྡད་ན་ལེམས་པར་སེམས།
ཧོར་ཕར་འདུལ་ནང་། གེ་སར་གྱི་ཐང་རྙེད་དུ་སྤྲུལ་པ་དེ་དང་ཤེད་ཆེན་རི་བོ་པང་ཁུར་གཉིས་ཤུགས་ཚད་པས་ཤེད་ཆེན་གྱིས་གཡག་ཤོར་བས་དེར་ཡོད་ཧོར་གུར་དཀར་གཙོས་རྒྱལ་བློན་ཀུན་གད་མོ་ཤོར་རབས་ཀྱི་ལོ་རྒྱུས་ཀྱང་ཡོད། དེར་གཡག་བྲིས་ཡོད་དྲན།
མཁས་དབང་དགེ་ཆོས་ནས་བོད་ཡིག་དེ་གུཔྟའི་ཡི་གེ་ལ་དཔེ་བྱས་ནས་བཟོས་པ་ཡིན། གུཔྟའི་དུས་ཀྱི་རྡོ་རིང་གི་ཡི་གེ་དེ་ཚོ་མང་པོ་ཞིག་བོད་ཡིག་དང་ཤིན་ཏུ་འདྲ་བས་ཁོང་གིས་མཐོང་མ་ཐག་ཐོ་རེ་ཀླགས་པས་རྒྱ་གར་གྱི་པཎྜི་ཏ་རྣམ་གད་མོ་ཤོར་ཏེ། འདི་ལོ་ངོ་སྟོང་ཕྲག་ཙམ་སོང་བའི་ཡིག་རྙིང་ཡིན་ཅིང་། ངེད་ཚོས་བསླབ་ཀྱང་ཀློག་་དཀའ་བར་འདུག་ན་ཁྱོད་མ་བསླབ་པར་ཀློག་པ་ཡ་མཚན་ཞེས་་གསུང་ཚུལ་རྡོ་ཡིག་གི་དཔེ་རིས་དང་བཅས་པ་བྲིས་འདུག་ན། འདི་ནི་བོད་ཡིག་གང་ལས་བྱུང་བའི་ཁུང་བཙན་ཤོས་དེ་མཐོང་།
མིག་བརྒྱད་པ་ལེགས།
སྐུ་ཁམས་བཟང་ངམ།
བོད་ཡིག་ནཱ་ག་རའི་ཡི་གེར་དཔེར་བླངས་བྱས་པ་ཅུང་ཟད་རྒྱུ་མཚན་ཡོད་པར་སྙམ་ཏེ། སྤྱི་ལོ་བརྒྱ་རབས་བདུན་པ་ན། རྒྱ་གར་དུ། ནཱ་ག་རའི་ཡི་གེ་བྱུང་བ་ཡོད་མེད་བརྟག་ང་ཅག་བརྟག་དཔྱད་དགོས་པར་མཐོང་། ང་ལོ་ཆུང་སྐབས་སུ་རྒྱ་གར་སྐད་སྦྱོང་འདོད་བྱས་པ་ན། གྲོང་ཡུལ་གྱི་སློབ་དགེ་ཞིག་གིས་ནཱ་ག་རའི་ཡི་གེ་སྦྱང་དགོས་ཞེས་ད་ལྟའི་ཧིནད་སྐད་ཀྱི་ཡི་གེ་ཅན་གྱི་དེབ་ཅིག་གཡར་སོང་།
གོང་དུ་ནཱ་ག་རའི་ཡི་གེ་དེ་བོད་ཡིག་གི་མ་ཕྱི་ཁུངས་བཙན་ཤོས་ཡིན་པ་ལྟ་བུའི་ཚུལ་གསུང་འདུག ཡིན་ཀྱང་ན་ག་རའི་ཡིག་གེ་དེ། ག་དུས་བྱུང་བ། ཡུལ་གར་བྱུང་བ། བཟོ་ལྟ་ག་འདྲའི་ཞིག་ཡོད་པ་སོགས་འདིར་གསུང་ཐུབ་མཁས་ཡོད་ན་ཡག་པོ་འདུག
ནཱ་ག་རིའི་ཡི་གེ་ནི་དུས་འཕྱི་བ་དང་ཡིག་གཟུགས་ཅུང་ཟད་འགྱུར་བ་ལས་རྩ་བ་གུཔྟའི་ཡི་གེ་དང་གཅིག་པ་ཡིན་འདུག་ལ། དེ་བྱུང་བའི་དུས་ཀྱང་གུཔྟ་ཕྱི་མའི་དུས་འཇུག་ཙམ་ལ་བྱུང་བའི་རྒྱལ་པོ་ཤྲཱི་ཧརྴ་བརྡྷན་ཞེས་པ་དེའི་རྗེས་ཙམ་ནས་བྱུང་ཡོད་འདུག་ལ། རྒྱལ་པོ་འདི་ནི་ཆོས་རྒྱལ་སྲོང་བཙན་དང་དུས་མཉམ་ཡིན་འདུག་པས། སྤྱི་ལོ་༦༠༠ ནང་ཙམ་ལ་བྱུང་ཡོད་འདུག
དྲ་གྲོགས་རྣམ་པས་ཡིག་གཟུགས་མཁས་ཅན་མི་རྣམ་སྤྲུལ་སྐུ་དང་། རིག་མཛོད་ཆེད་མཁས་སྨོན་ལམ་ཟུང་ཞལ་འཛོམས་ཡོང་ཐབས་གནང་ནས་བོད་ཡིག་རྒྱུ་རྩལ་རིག་མཛོད་དུ་འཛུད་པའི་ཐབས་ཤེས་གནང་སྐྱོང་ཡོང་བ་མཁྱེན་ཞེས་ཞུ་བ་ལགས་ན་འདོད་དོན་འགྲུབ་པའི་སྐྱབས་འཇུག་ཞུ།།
རྒན་ལ་དྭགས་པ་དང་ལུང་རྟོགས་གཉིས་ཀྱིས་ལོ་རྒྱུས་ཀྱི་ཁུངས་གཏུགས་ནས་དཔྱད་པ་ཤིན་ཏུ་ལེགས། བོད་སྔ་ཕྱིའི་མཁས་པ་མང་པོའི་སུམ་རྟགས་ཀྱི་འགྲེལ་བ་དང་བོད་ཡིག་གང་ལ་དཔེ་མཛད་པའི་གསུང་ཚུལ་མི་མཐུན་པ་མང་དུ་མཆིས་ན་ཡང་། བོད་རང་གིས་བཤད་པ་གཅིག་བུ་ལ་ཡིད་མི་རྟོན་པར་དཔེར་ན་ན་ལན་ཊའི་ལོ་རྒྱུས་བཤད་དགོས་ན་ཐང་ཟམ་ལམ་ཡིག་དེ་ཁུངས་བཙན་ཤོས་ཆགས་ཡོད་པ་དེང་སང་ལོ་རྒྱུས་སྨྲ་བ་ཚོས་ཁས་ལེན་པ་ལྟར་རེད། འདས་ཟིན་པའི་ལོ་རྒྱུས་རྣམས་ལོ་ཚིགས་དང་གུང་བསྒྲིགས་ནས་རྟོགས་དགོས་པ་མཁས་པ་དག་གིས་ནན་ཏན་མཛད་པ་ལྟར། བོད་རྒྱལ་ལོ་གང་ནས་མགོ་ཚུགས་པ་དང་། སྤྱིར་ན་ལོ་ཚིགས་ཀྱི་དུས་མགོ་སྟོན་པ་ཤཱཀྱ་ཐུབ་པ་འདས་ལོ་ནས་ཚུགས་པ་ཡིན་མིན་དཔྱད་དགོས་པ་མང་ཡང་གཙོ་བོ་ཕུག་ལུགས་དང་གནས་བརྟན་སྡེ་བའི་ལུགས་གཉིས་བོད་ལ་གྲགས་ཆེ་བ་དང་། དེ་གཉིས་ཀྱི་བར་ལ་ཡང་ཁྱད་པར་ཡོད་པས་ཏག་ཏག་ཅིག་ངོས་འཛིན་དཀའ་བར་གནས། སྤྱི་ལོ་༦༢༩་ལོར་སྲོང་བཙན་ཁྲི་ལ་འཁོད། སྤྱི་ལོ་༦༣༣་ལོར་ཐོན་མི་རྒྱ་གར་དུ་ཕེབས་པར་བཤད་པ་དེ་ཡང་རྒྱའི་ལོ་རྒྱུས་ལ་ཁུངས་གཏུགས་པ་མིན་ནམ་སྙམ། །ཨ་ལགས་ཚེ་རྟན་ཚང་གིས། ཐོན་མི་རྒྱ་གར་དུ་ཕེབས་པའི་དུས་དེ་ཙ་ན། ལཉྫ་ན་ལྷའི་ཡི་གེ། ཝརྟུ་ལ་ཀླུའི་ཡི་གེ། ནཱ་ག་ར་མིའི་ཡི་གེ་ཞེས་གྲགས་པ་རྣམས་ཡོད་པ་ལས་ལཉྫ་ལ་དཔེར་བྱས་ནས་དབུ་ཅན་དང་། ཝརྟུ་ལ་དཔེར་བྱས་ནས་དབུ་མེད་དང་། ནཱ་ག་ར་དཔེར་བྱས་ནས་ལན་ཝར་གྱི་འབྲི་ཚེགས་ལས་སྟབས་བདེར་བྱས། ཞེས་པ་འདི་ནི་སྤྱིར་བཏང་མཁས་པ་ལ་ཡོངས་སུ་གྲགས་པའི་གཏམ་མོ།།ནཱ་ག་ར་ཞེས་པ་དེང་སང་རྒྱ་གར་གྱི་ཧུན་དུའི་ཡི་གེ་འདི་ཡིན་པར་མཁས་དབང་གར་ཞ་དངོས་གྲུབ་ཁོང་གིས་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱི་གསུང་རྒྱུན་ཞིག་འདུག་ཅེས་གསུངས་མྱོང་། དེ་ཡང་རྒྱུ་མཚན་མེད་པ་མ་ཡིན་ཏེ། ནཱ་ག་ར་དཔེར་བྱས་ནས་ལཉྫ་དང་ཝརྟུ་ཡི་གེ་གཉིས་ཀྱི་འབྲི་ཚེགས་སྟབས་བདེར་བྱས་པ་ཡིན་པས་སོ། །དེ་བཞིན་དུ་ཤཱི་ལ་བྷ་དྲའི་ཆོས་འབྱུང་དང་བུ་སྟོན་ཆོས་འབྱུང་། ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་ཀྱིས་ནཱ་ག་རའི་ཡི་གེར་དཔེར་བྱས་ནས་གཟབ་མར་བསྒྱུར་ཚུལ་གསུངས་པ་དག་རྒྱུ་མཚན་ཡང་དག་ལྡན།
ཆོས་དཔལ་མོས་སྨོན་འདུན་དེ་ཧ་ཅང་བཟང་གི ཡིན་ནའང་འགྲུབ་རྒྱུ་དཀའ་ལས་ཁག་པོ་ཞེ་དྲག་རེད། གང་ལགས་ཞེ་ན་བོད་པའི་སྤྱི་ཚོགས་ནང་གཅིག་སྒྲིལ་གྱི་ནུས་པ་འདོན་རྒྱུའི་ལམ་ལུགས་དེ་ད་དུང་དར་མེད་མོད། དཔེར་ན་རིག་མཛོད་འཕྲུལ་ཆས་ཀྱི་བོད་ཡིག་མཛུབ་གནོན་ཙམ་ཡང་གཅིག་གྱུར་མེད་ཀི དངོས་གནས་བྱས་ན་ལས་སྣེ་མོ་འདི་ཚོ་བོད་གཞུང་རིག་གནས་སྡེ་ཁག་གིས་མགོ་འཛིན་ཏེ་གོམ་པ་དང་པོ་མདུན་བསྐྱོད་ཐུབ་དགོས་པ་འདྲ་ཞིག་རེད་ཀྱང་དུས་ད་ལྟའང་གོ་ཚོར་གང་ཡང་མེད། སྨོན་ལམ་གྱི་མཛད་རྗེས་དང་བཀའ་དྲིན་ནམ་ཡང་བརྗེད་྄ཐབས་མེད། འོན་ཀྱང་ཁོང་གིས་བཟོས་པའི་ཡིག་གེའི་གཟུགས་དེ་ད་ཕན་གྱི་རིག་མཛོད་ནང་གི་ཡིག་གཟུགས་སྐྱོ་ཤོས་ཤིག་ཏུ་མཐོང་། བཙན་བྱོལ་དུ་བཞུགས་པ་བློ་བཟང་དོན་ལྡན་ལགས་ཀྱི་འཁྱུག་ཡིག་ནི་ཕྱི་བཞུགས་ནང་འཁྱུག་ཡིག་གི་རྒྱལ་པོ་ལྟ་བུ་ཞིག་ཏུ་མཐོང་། རིག་མཛོད་ནང་དུ་བཅུག་མི་ཐུབ་པའི་རྒྱུ་རྐྱེན་ངས་མི་ཤེས། ད་དུང་ཡིག་གཟུགས་ལེགས་པོ་འགའ་ཤས་ཡོད་སྲིད་ཀྱང་བོད་ཀྱི་སྤྱི་ཚོགས་ནང་སྒྱུ་རྩལ་གསོན་པོ་དང་། དགེ་བ་ཁ་ཡོད་ལག་ཡོད་ཀྱིས་གོ་ཆོད་སྣང་མི་ཤར།
ཁོང་རྣམ་པས་ཆིག་བསྒྲིལ་གྱི་ནུས་པ་འདོན་རྒྱུའི་དམིགས་མདུན་ཧ་ཅང་ཆེ།
དཔྱོད་ལྡན་མིག་བརྒྱད་པ་ལགས། ཐང་སན་ཚང་གི་ལམ་ཡིག་ཁོ་རང་གིས་བྲིས་པ་ཞིག་མ་རེད། ཁོའི་ངག་རྒྱུན་བསྒྲིགས་པ་དང ། དེ་ལའང་སྔ་ཕྱི་འདྲ་མིན་ཅི་རིགས་བྱུང་ཚུལ་རྟ་དཀར་དགོན་གྱི་ཐང་ཆེན་པོའི་ནུབ་བསྐྱོད་ཀྱི་ཟིན་ཐོའི་པར་བྱང་དུ་གསལ། དེས་ན་དཔྱད་གཞི་ཡག་པོ་ཞིག་སྨོས་མེད་ལགས་ཀྱང་། ལོ་རྒྱུས་སྨྲ་བས་འདི་ལ་མཐའ་གཅིག་ཏུ་ཡིད་སྟོན་གནང་མི་འོས་སྙམ་མོ། ། ནཱ་ལེནྡྲར་འབྱོར་ནས་ལོ་གསུམ་ཙམ་གྱིས་མཁན་པོ་གནང་ཚུལ་དང་། རྒྱ་གར་ན་མུ་སྟེགས་པ་ལ་རྩོད་མཁན་མེད་པས་རྒྱལ་ཁབ་མང་པོའི་མུ་སྟེགས་པ་ཕམ་པར་མཛད་ཚུལ་སོགས་དཔྱད་པ་དགོས་ས་ཤིན་ཏུ་མང་པོ་ཡོད།
དྲི་མེད་ལྷག་བསམ་ལགས། སྟོན་པའི་འཁྲུངས་ལོ་སྤྱི་ལོ་མ་ཚུགས་གོང་གི་ལོ་623.567.563 ་ལུགས་མི་མཐུན་པ་གསུམ་རྒྱ་གར་མཁས་པས་འདོད་ཅིང་དེ་བཞིན་དུ་སྟོན་པ་འདས་ལོ་544.543. 487.ལུགས་མི་མཐུན་པ་གསུམ་ཡོད་པར་བཤད་པ་སྤྱི་ལོའི་གོང་གི་ལོ་གྲངས་ལུགས་ལྡོག་ཏུ་བརྩིས་བས། རྩི་གཞི་དང་པོ་623་ལྟར་བྱས་ན་རིམ་པ་བཞིན་སྟོན་པ་དགུང་ལོ་གྱ་གཅིག་བཞུགས་པ་དང་། གཉིས་པ་དགུང་ལོ་བརྒྱད་ཅུ། གསུམ་པ་ལྟར་ན་དགུང་ལོ་སོ་དྲུག་ལས་བཞུགས་མེད་པས་ལོ་ཉེར་དགུ་ཁབ་ཏུ་བཞུགས་པ་དང་ལོ་དྲུག་དཀའ་བ་སྤྱད་པ་དང་སོ་ལྔ་བ་ལ་སངས་རྒྱས་ཚུལ་བསྟན་པ་སོགས་ཡོངས་གྲགས་དང་འགལ། རྩི་གཞི་གཉིས་པ་དང་གསུམ་པ་ལྟར་ན་ལྟར་ན་རྦད་དེ་མི་མཐུན། ཕལ་ཆེར་མུ་སྟེགས་པ་དག་གིས་བསླད་བཅུག་པ་མིན་ནམ་སྙམ། དེས་ན་སྤྱི་ལོ་ཚུགས་རྗེས་ཀྱི་ལོ་635་ནས་ 643་བར་རྒྱ་ནག་གི་མི་རིགས་ཤིག་ཐེངས་དང་པོར་རྒྱ་གར་དུ་བསླེབས་མཁན་སློབ་དཔོན་ཤན་ཙང་ཡིན་པ་ལྟར་ཁོང་གིས་ལོ་ངོ་བརྒྱད་ཀྱིས་འགྲུལ་བཞུད་དེས་ཐང་ཟན་ལམ་ཡིག་གྲུབ་པ་རེད་སྙམ། ཐང་ཟན་ལམ་ཡིག་དེ་ནི་ཡིད་རྟོན་རུང་བའི་རྒྱུ་མཚན་གཅིག་ནི་བསླད་མེད་པ་དང་དུས་སྐབས་དེར་ཁོང་ན་ལན་ཊའི་མཁས་པ་མང་པོའི་ཞབས་ལ་གཏུགས་ཤིང་ངག་རྒྱུན་དེ་ཡང་གྲོང་གསེབ་པའི་ངག་རྒྱུན་ཙམ་ཞིག་མ་ཡིན་སྙམ།
ཐོན་མིས་བོད་ཡིག་གསར་བཟོ་བྱས་པའི་རྗེས་སུ་སྲོང་བཙན་གྱིས་ཐོན་མི་དགེ་རྒན་བརྟེན་ཏེ་མཚམས་ལ་བསྡད་ནས་ཡི་གེ་ཀློག་སྟངས་སྦྱངས་པས་ལོ་གསུམ་བཞི་བགོར་་རབས་དང་། ཡང་ཆོས་རྒྱལ་ཁོ་རང་ལོ་བཅུ་གསུམ་ཐོག་ཏུ་རིག་པའི་གནས་ལྔ་ལ་མཁས་རབས་བཤད་འདུག་པས་དེ་ནི་འགལ་བ་ལྟག་སྤྲོད་མ་ཡིན་ནམ།
གོང་གི་མཆན་འདེབས་པ་མེ་དཀར་དང་གངས་སེང་གཉིས་གཅིག་གིས་དབུ་ཅན་ཀློག་ཤེས་ཙམ་གྱིས་སྨར་ཆུང་ཤེས་པར་ཡོང་བའི་རྒྱུ་མཚན་དེས། དབུ་ཅན་དེ་སྨར་ལས་བྱུང་བ་ཚད་གྲུབ་དང་། ཡང་། གཅིག་གིས་རྒྱུ་མཚན་དེས། སྨར་ཡིག་དེ་དབུ་ཅན་ལས་བྱུང་བ་ཚད་གྲུབ་ཡིན་པར་གླེང་སོང་།
ཡིན་ནའང་དོན་དུ་དེ་གཉིས་གང་སྔའམ་གང་ལས་གང་བྱུང་བ་ཐག་མ་ཆོད་པ་ལྟ་བུ་ཞིག་ལུས་སོང་། དེས་ན་ཁོ་བོས་འདིར་གཟུར་བོར་གནས་ཐོག་ནས་ཡིག་གཟུགས་དེ་གཉིས་གང་སྔའི་གནད་དེ་ཡ་ཐོག་གི་ལོ་རྒྱུས་ལ་གཞིགས་ན་གསང་གནད་དེ་ངང་གིས་ཁྲོལ་བར་སྙམ། གང་ཞེ་ན། ཞང་ཞུང་མངའ་རིས་རང་དབང་དང་ཆོས་ལུགས་བདེན་པ་གཅིག་བརྟེན་གྱི་སྐབས་དེའི་ལོ་རྒྱུས་ཀྱི་ཕུགས་ཐག་ཆེས་རིང་ཡང་།
རྐྱེན་དབང་ངམ་འདུས་བྱས་རྣམས་མི་རྟག་པའི་ངང་ཚུལ་ལས་མ་འདས་པས་དེའི་མཇུག་མཚམས་ནི་སྲོང་བཙན་ནམ་ཁྲི་སྲོང་གང་གི་སྐབས་སུ་ཡིན་མིན་ནི་མི་མཐུན་པ་ཕྱོགས་གཉིས་ཡོད་ལ། དེ་གཉིས་གང་གི་སྐབས་སུ་ཡིན་ཡང་ཞང་ཞུང་གི་སྐད་ཡིག་གིས་མཚོན་པའི་ཆོས་དང་རིག་གནས་ཇི་སྙེད་དེའི་ཡར་སྔོན་ནམ་ཞང་ཞུང་གི་སྐབས་སུ་བྱུང་འཕེལ་གྱི་རང་བཞིན་དུ་གནས་དགོས་པ་ནི་ལོ་རྒྱུས་ཀྱི་བབ་ཀྱིས་གྲུབ་པ་ཞིག་རེད།
དེས་ན་བོད་ཡིག་གམ་དབུ་ཆེན་དེ་ལས་ཞང་ཞུང་སྨར་ཆུང་དེ་བྱུང་ས་མི་འགྲོ་སྟེ་དུས་ཕྱིས་སུ་བོད་ཀྱི་རྒྱལ་བློན་སོགས་ཀྱིས་ཞང་ཞུང་གི་མངའ་ཐང་བརླག་པའི་སྐབས་ཡིན་པ་ནི་ཡོངས་ལ་གྲགས་པ་ཞིག་ཡིན་པས་སོ།