མེ་ཏོག་དཀར་པོ།
༡ རྒྱ་ཡི་རྒྱལ་རབས་ཆིངས་དང་མིང་ནས་བཤད། །
བོད་ཀྱི་ལོ་རྒྱུས་བཙན་པོ་རིམ་པས་བཤད། །
རྒྱ་བོད་བྱུང་རབས་སོ་སོར་གྲུབ་པ་འདིས། །
རྒྱ་དང་བོད་གཉིས་སོ་སོར་ཅིས་མ་གྲུབ། །
༢ རྒྱ་ཡི་ཡུལ་དེ་དམའ་ཞིང་རྒྱ་མཚོར་ཐུག །
བོད་ཡུལ་མཐོ་སྒང་འཛམ་གླིང་ཏོག་ཏུ་གྲུབ། །
རྒྱ་བོད་ས་བབས་གནས་སྟངས་མི་འདྲ་འདིས། །
རྒྱ་དང་བོད་གཉིས་སོ་སོར་ཅིས་མ་གྲུབ། །
༣ རྒྱ་ཡི་ཡི་གེ་གཟུགས་བསྒྱུར་ལུགས་སུ་གྲུབ། །
བོད་ཀྱི་ཡི་གེ་སྒྲ་སྦྱོར་ཁྱད་ཆོས་ལྡན། །
རྒྱ་བོད་ཡི་གེ་མི་འདྲ་འདི་ཡིས་ཀྱང་། །
རྒྱ་དང་བོད་གཉིས་སོ་སོར་ཅིས་མ་གྲུབ། །
༤ རྒྱ་མི་ཕལ་ཆེར་འབའ་འབུ་རིགས་ལ་དགའ། །
བོད་མི་རྩམ་པ་གཡག་ཤ་སྤྱོད་ལ་གོམས། །
ཟ་བཏུང་་མི་གཅིག་པ་ཡི་གཏན་ཚིགས་ཀྱིས། །
རྒྱ་དང་བོད་གཉིས་སོ་སོར་ཅིས་མ་གྲུབ། །
༥ རྒྱ་མིའི་རྒྱལ་དར་དམར་པོ་སྐར་མས་མཚོན། །
བོད་ཀྱི་རྒྱལ་དར་སྔོ་དམར་སེང་ཟུང་འགྱིང་། །
མཚོན་དོན་སོ་སོ་བ་ཡི་རྒྱལ་དར་འདིས། །
རྒྱ་དང་བོད་གཉིས་སོ་སོར་ཅིས་མ་གྲུབ། །
༦ སྐབས་རེ་རྒྱ་ཡི་དཔུང་དམག་བོད་དུ་བརྟོལ། །
མཚམས་རེ་རྒྱ་རྗེ་བྲོས་དགོས་བོད་པས་བཟོས། །
དུས་རེའི་རྒྱལ་ཕམ་ལོ་རྒྱུས་རིང་པོ་འདིས། །
རྒྱ་དང་བོད་གཉིས་སོ་སོར་ཅིས་མ་གྲུབ། །
༧ རྒྱ་ནག་རྒྱལ་པོས་སྤྲོད་འདོད་མེད་ན་ཡང་།
བོད་ཀྱི་རྒྱལ་པོས་ཞི་དྲག་ཐབས་ཀྱིས་བསུས། །
སྲས་མོ་བོད་རྒྱལ་གྲོགས་སུ་སླེབས་པ་འདིས། །
རྒྱ་དང་བོད་གཉིས་སོ་སོར་ཅིས་མ་གྲུབ། །
༨ རྒྱ་མི་རྒྱ་ནག་ཡུལ་དུ་སྐྱིད་པ་དང་། །
བོད་པ་བོད་ཀྱི་ཡུལ་དུ་སྐྱིད་དོ་ཞེས། །
བཙན་པོའི་ལག་རྗེས་གསལ་བའི་རྡོ་རིང་འདིས། །
རྒྱ་དང་བོད་གཉིས་སོ་སོར་ཅིས་མ་གྲུབ། །
༩ རྒྱ་མིའི་དགྲ་བོ་སྐྱབས་མགོན་ཆེན་པོ་རེད། །
བོད་མིའི་སྐྱབས་མགོན་༧གོང་ས་ཆེན་པོ་རེད། །
དགྲ་གཉེན་མ་བཅོས་སེམས་སུ་གྲུབ་པ་འདིས། །
རྒྱ་དང་བོད་གཉིས་སོ་སོར་ཅིས་མ་གྲུབ། །
༡༠ རྒྱ་ཡི་ངོམས་རྒྱུ་མ་འོཀྲུ་ཞི་རེད། །
བོད་ཀྱི་སྙིང་ནད་མ་འོ་དེ་རང་རེད། །
གང་ཟག་གཅིག་ལ་དགའ་དང་མི་དགའ་འདིས། །
རྒྱ་དང་བོད་གཉིས་སོ་སོར་ཅིས་མ་གྲུབ། །
༡༡ རྒྱ་ཡིག་ཆེན་པོས་བོད་ས་ཡོངས་རྫོགས་བཀང་། །
བོད་ཡིག་ཆུང་ངུ་དགོན་པ་ཁ་ཤས་འགྲུལ། །
རྒྱ་བོད་ཡི་གེའི་གོ་སའི་ཁྱད་པར་འདིས། །
རྒྱ་དང་བོད་གཉིས་སོ་སོར་ཅིས་མ་གྲུབ། །
༡༢ རྒྱ་མི་དཔོན་པོ་བྱས་ནས་གོང་ན་སྡོད། །
བོད་མི་གཡོག་པོར་བཀུལ་ནས་གཉའ་ནོན་མྱོང་། །
སྐྱིད་སྡུག་དོ་མི་གཉམ་པའི་སོ་ཁ་འདིས། །
རྒྱ་དང་བོད་གཉིས་སོ་སོར་ཅིས་མ་གྲུབ། །
༡༣ རྒྱ་མི་སྐྱིད་ཉལ་རྒྱག་ནས་རྒྱག་ལུག་ལུག །
བོད་མི་དཀའ་སྡུག་མྱོང་ནས་སྐམ་རིད་རིད། །
ཞིང་ཁམས་དམྱལ་བ་གཅིག་ལ་སྣང་ལུགས་འདིས། །
རྒྱ་དང་བོད་གཉིས་སོ་སོར་ཅིས་མ་གྲུབ། །
༡༤ རྒྱ་མི་ས་ཡས་བོད་ཡུལ་ཡོངས་རྫོགས་བཀང་། །
བོད་མི་འབུམ་ཕྲག་བོད་ནས་ཕྱི་ལ་ཕུད། །
སེམས་ལ་ན་ཚ་གཏོང་བའི་གནས་སྟངས་འདིས། །
རྒྱ་དང་བོད་གཉིས་སོ་སོར་ཅིས་མ་གྲུབ། །
༡༥ རྒྱ་མིས་ཀྲུང་གོའི་བོད་ཅེས་རྫུན་གཏམ་བསྒྲགས། །
བོད་མིས་བོད་དེ་བོད་མིས་ཡིན་ཞེས་སྒྲོགས། །
བདེན་རྫུན་སྐད་མདངས་ལྷང་ལྷང་གོ་བ་འདིས། །
རྒྱ་དང་བོད་གཉིས་སོ་སོར་ཅིས་མ་གྲུབ། །
༡༦ རྒྱ་མིས་བོད་དེ་དུམ་བུ་དུམ་བུར་བཏུབ། །
བོད་མིས་ཆིག་སྒྲིལ་ཐབས་ལ་ཤ་ཐང་འབད། །
ང་ཚོའི་ཞེ་འདོད་རྩ་བ་སོ་སོ་འདིས། །
རྒྱ་དང་བོད་གཉིས་སོ་སོར་ཅིས་མ་གྲུབ། །
༡༩ རྒྱ་བོད་གཉིས་པོ་ཐ་དད་ཡིན་པ་དང་། །
རྒྱ་བོད་མཉམ་གནས་བྱ་རྒྱུའི་སྲིད་ཇུས་ཀྱི། །
ཁྱད་པར་གང་འདི་བོད་མི་ཡོད་ཚད་ཀྱིས། །
རྟོགས་པར་བྱ་དགོས་གནད་ཀྱི་དམ་པ་ལགས། །
༡༨ རྒྱ་བོད་སོ་སོར་གནས་པའི་ལོ་རྒྱུས་དེ། །
བཙན་པོའི་དབང་དང་གཡོ་རྒྱུའི་ཐབས་གང་གིས། །
བསུབ་ཐབས་མེད་མོད་དགོས་པའི་དབང་ཞིག་གིས། །
གནས་སྐབས་རྒྱ་བོད་གཉམ་གནས་བྱ་ཡང་རུང་། །
༡༩ རྒྱ་བོད་མཐུན་སྒྲིལ་རྒྱ་མིའི་སྲིད་ཇུས་གཅིག །
རྒྱ་བོད་མཉམ་གནས་༧རྒྱལ་བའི་དགོངས་གཞི་གཉིས། །
རྒྱ་བོད་སྤུན་ཟླའི་རེ་བ་དེ་གསུམ་གྱིས། །
རྒྱ་བོད་མཉམ་གནས་ཡོངས་བར་ཐག་མི་རིང་། །
༢༠ མཐུན་པའི་ཆ་རེས་ཕན་ཚུན་གཅིག་པ་དང་། །
མི་མཐུན་རྐྱེན་རེས་ཐ་དད་འགྲུབ་དཀའ་ཡང་། །
ལོ་ངོ་སྟོང་ཕྲག་རིང་གི་ལོ་རྒྱུས་ལས། །
རྒྱ་བོད་གཉིས་པོ་རྒྱལ་ཁབ་སོ་སོར་གྲུབ། །
བོད་རྒྱ་ཐ་དད།
རྒྱ་བོད་ཤར་ནུབ་རྒྱལ་རབས་སོ་སོ་རེད། །
བོད་རྒྱ་གོམས་གཤིས་སྐད་རིགས་སོ་སོ་རེད། །
འོནད་ཀྱང་།
རྒྱ་བོད་དམངས་གཙོ་དགོས་པ་གཅིག་མཚུངས་རེད། །
བོད་རྒྱ་བདེ་བ་འདོད་པ་གཅིག་མཚུངས་རེད། །
ངོ་མ་ཧྲག་ནི་རེད་གོ། སྙན་པོ་བྱུང་ལ་གོ་རྒྱུ་ཡང་འདུག།
བོད་རྒྱ་བདེ་བ་འདོད་པ་གཅིག་ཡིན་ཀྱང།
རང་རང་སོ་སོའི་ས་ལ་འདོད་དགོས་ཡོད།
གཞན་གྱི་ལུང་པར་བདེ་བ་ཡོང་ཐབས་མེད།
དེ་བས་རང་རང་སུ་སུའི་ས་ལ་བདེ་བ་རྩོད།
བོད་ཀྱི་ལུང་པར་རྒྱ་མི་བདེ་བ་ཡོང་ས་མེད།
མི་རིགས་སྐད་ཡིགས་གོམ་ཤེས་སོ་སོ་ཡིན།
རྒྱལ་རབ་ལོ་རྒྱུད་རང་རང་སོ་སོ་ཡིན།
རྒྱལ་དར་རྒྱལ་རྟག་རང་ལུགས་ས་ཡོད་།
རྒྱ་ཡི་ཁོག་པ་གཡོ་དང་སྒྱུ་མ་རེད།།
བོད་མིའི་སེམས་པ་བྱམས་དང་སྙིང་རྗེ་རེད།།
ལུས་ཀྱི་ཤ་གཟུགས་གཅིག་ཏུ་ངེས་ན་ཡང།།
དོན་དུ་ནང་སེམས་རང་རང་སོ་སོ་ཡིན།།
རྒྱ་ཡིས་འདོད་པ་རྒྱ་མིའི་ཁོ་ནའི་ཆེད།།
བོད་མིས་འདོད་པ་འགྲོ་བ་རིགས་ཀྱི་ཆེད།།
འདོད་དོན་ཆེ་ཆུང་གནམ་ས་ལྟ་བུ་ལས།།
རྒྱ་བོད་ཁ་ཁ་ཡིན་ཞེས་བསྙད་ན་ཆོག།
རྒྱ་ལ་ཡོད་པ་སྡུག་རྩུབ་དྲག་གནོན་རེད།།
བོད་ལ་ཡོད་པ་ཞི་འབོད་དྲང་བདེན་རེད།།
རྩུབ་དང་ཞི་བའི་སོ་མཚམས་རྣོ་བ་འདིས།།
རྒྱ་བོད་སོ་སོ་ཡིན་པའི་བདེན་དཔང་བྱེད།།
རྒྱ་མིར་རྫུན་དང་ཧམ་པའི་བྱེ་མའི་རི།།
བོད་མིར་བདེན་དང་རྒྱུ་མཚན་རྡོ་རྗེའི་རི།།
རྒྱུ་ཡི་རྐྱེན་ལ་མི་གཅིག་ཁ་ཁ་འདིས།།
རྒྱ་བོད་མཉམ་དུ་གནས་མིན་གསལ་བར་མཚོན།།
རྒྱ་ཡི་ལག་པ་ཕྱི་ནང་ཁྲག་གིས་བཀང་།།
བོད་པའི་ལག་པ་ཕྱི་ནང་བཟོད་པས་བརྒྱན།།
ཁྲག་དང་བཟོད་པ་གཉིས་ཀྱི་བར་གསེང་ན།།
རྒྱ་བོད་གཅིག་ཏུ་མིན་པ་ཀུན་གྱིས་ཤེས།།
ཧིམ་བརྒྱུད་བོད་རིགས་ནང་པ་ཚོར། །
རྒྱ་གར་གཞུང་གིས་བྱམས་སྐྱོང་ལྟར། །
ས་ཡ་དྲུག་གི་བོད་མི་ཚོར། །
རྒྱ་གཞུང་བྱམས་སྐྱོང་མི་བྱེད་ཅི། །
མེ་ཏོག་མིག་ལ་མཛེས་པ།། སྙན་རྩོམ་དེ་བས་སྙན་པོ།།
བོད་ཀྱིས་རང་གི་སྐད་དང་རིག་གཞུང་ལ།
བདག་པོ་རྒྱབ་དགོས་མ་འོངས་པའི་དུས་ན།
རྒྱ་དང་བོད་གཉིས་རང་དབང་དུ་གནས་ཤིང་།
རང་རང་བགོ་སྐལ་སྤྱོད་པའི་དུས་ཤིག་འཆར།། ༡ །།
རི་བོ་གངས་ཅན་ལོགས་ཀྱི་བོད་རིགས་དང་།
བོད་ལྗོངས་གཞོན་པ་དག་གིས་བོད་སྐད་དང་།
བོད་ཀྱི་རིག་གཞུང་ལྟོས་མེད་འདི་མཐོང་ནས
བོད་ཀྱི་སྐད་དང་རིག་གཞུང་སུ་ཡིས་འཛིན།། ༢ །།
ཁོ་བོས་ཨ་རིའི་སློབ་གྲྭར་སློབ་པ་ན།
བོད་པ་རེ་གཉིས་སླེབས་ཀྱང་ལེགས་སྦྱང་མེད།
རྒྱ་དང་ཐེ་ཝན་སློབ་གཉེར་མང་སླེབས་ཏེ།
རྟག་སྦྱོར་གུས་སྦྱོར་བོད་ཡིག་སྦྱོང་བ་མཐོང་།། ༣ །།
ཁོ་བོ་ཨ་རིའི་སློབ་གྲྭ་ཆེན་པོ་ནས།
འཐོན་ཕྱག་ཞུ་བའི་སྐབས་སུ་གྲོགས་རྣམས་འཛོམས།
སློབ་དཔོན་བསྟན་འཛིན་ཐར་མན་ཞེས་པ་ནས།
རྗེ་ཙོང་ཁ་པའི་སྐུ་འདྲ་སྐྱེས་སུ་བྱིན།། ༣ །།
དེའི་སྐབས་རྒྱ་ནས་འོངས་པའི་གྲོགས་ཕོ་མོ།
མང་པོས་དམིགས་བརྩེ་མ་ཡིས་རྗེ་བླ་མར།
སྙན་པའི་དབྱངས་ཀྱིས་བསྟོད་པ་བྱེད་པ་དེ།
བོད་དང་ཨ་རིའི་མི་རྣམས་རྣ་བས་མཉན།། ༤ །།
དེ་བཞིན་བོད་ཀྱི་དབུས་གཙང་ཡུལ་དག་ཏུ།
རྒྱ་ནག་ཡུལ་ནས་དད་ལྡན་མང་དུ་འོངས།
བོད་ཀྱི་གཙུག་ལག་ཁང་སོགས་མཇལ་བ་ན།
དད་པས་མིག་ཆུ་གཏོང་བ་འདུག་ཅེས་ཐོས།། ༥ །།
སྐྱབས་མགོན་ཆེན་པོ་ཛམ་གླིང་སྐྱེ་འགྲོ་ཀུན་གྱི་མགོན།
འདི་དང་འདི་ཡི་དགྲ་བོ་ཡིན་པར་ག་ལ་འགྱུར།
དུས་ཀུན་རྒྱ་བོད་སྐྱེ་བོ་ཀུན་གྱི་མགོན་སྐྱབས་སུ།
ཞབས་པད་ཡུན་རིངབརྟན་ཅིང་བཞུགས་སུ་གསོལ།།
མེ་ཏོག་མིག་ལ་མཛེས་པ།། སྙན་རྩོམ་དེ་བས་སྙན་པ།།
ཇོ་ཇོས་དེ་འདྲ་མ་གསུངས། །
མེ་ཏོག་ཟེའུ་འབྲུ་རྒྱས་གི །
སྙན་མོ་འདུག་ལ་རྒྱུ་མཚན་ཡང་འདུག
ཀརྡོ་སོགས་ཕེབས་པར་ཐུགས་རྗེ་ཆེ།
རྒྱ་བོད་གཉིས་ཕན་ཚུན་གཅིག་གིས་གཅིག་ལ།
རྒྱལ་རབས་སོ་སོར་ཡོད་པས་ཆེ་མཐོང་དགོས། །
ཡུལ་ས་སོ་སོར་ཡོད་པས་གཅེས་སྐྱོང་དགོས། །
སྐད་ཡིག་སོ་སོར་ཡོད་པས་སྲུང་སྐྱོབ་དགོས། །
ཡུལ་གོམས་སོ་སོར་ཡོད་པས་བཟོད་སྒོམ་དགོས། །
ཀ་རྡོའི་དགོས་པ་རྣམ་བཞི་ལེགས།