ལུང་རྟོགས་རྒྱལ་མཚན།
མི་རིགས་ཞེས་པ་དེ་ནི་ཕྱི་ལུས་ཀྱི་ཤ་མདོག་དང་གདོང་དབྱིབས་སྐྲ་ཡི་ཚོན་མདོག་སོགས་ཀྱི་སྟེང་ནས་མཚོན་མི་ནུས་པར། མི་རིགས་གང་དེའི་ཐུན་མིན་རིག་གཞུང་དང་སྐད་ཡིག་སོགས་ཀྱིས་མཚོན་དགོས། དེ་ལས་ཀྱང་གཙོ་བོ་སྐད་ཡིག་ཡིན་ཏེ་སྐད་ཡིག་ནི་རིག་གཞུང་གི་རྩ་བ་ཡིན་ཞིང་རིག་གཞུང་ནི་སྐད་ཡིག་ལ་བརྟེན་ནས་བྱུང་བས་སོ། ད་དུང་མི་གང་ཞིག་མི་རིགས་སུ་ཡིན་མིན་ཤེས་དགོས་ན་ཐོག་དང་པོར་མི་དེའི་སྐད་ཡིག་ནས་ཤེས་རྟོགས་བྱེད་པ་འདིས་ཀྱང་སྐད་ཡིག་ནི་མི་རིགས་ཤིག་གི་ངོ་རྟགས་མཚོན་བྱེད་གཙོ་བོ་དེ་ཡིན་པ་རྟོགས་ནུས། སྐད་ཡིག་མེད་པའི་མི་རིགས་ནི་གཤོག་པ་མེད་པའི་བྱ་བཞིན་དུ་ནམ་ཡང་རང་སྟོབས་ཀྱི་སྒོ་ནས་སྔོན་ཐོན་གྱི་མཁའ་ལམ་སྙེག་མི་ནུས། དེས་ན་མི་རིགས་ཤིག་གསོན་གནས་བྱེད་དགོས་ན་མི་རིགས་དེའི་སྐད་ཡིག་ལ་སྲུང་སྐྱོབས་བྱེད་དགོས་ཤིང་། དེ་ལས་ལྡོག་སྟེ་སྐད་ཡིག་ལ་མཐོང་ཆུང་དང་ཁྱད་གསོད་བྱས་ན་མི་རིག་དེ་འཆི་ལམ་སྙེག་པ་ཡིན་ཏེ། སུ་ལན་དམར་ཤོགས་ཀྱི་འགོ་གཙོ་སི་ཏ་ལིན་ནས། “མི་རིགས་ཤིག་ལོ་རྒྱུས་ཐོག་ཡུན་རིང་གནས་དགོས་ན། དེའི་སྐད་ཡིག་བཀོལ་སྤྱོད་དང་གོང་འཕེལ་གཏོང་དགོས། གལ་ཏེ་དེ་ལས་ལྡོག་ནས་མི་རིགས་ཤིག་རྩ་མེད་གཏོང་དགོས་ན། སྔོན་ལ་མི་རིགས་དེའི་སྐད་ཡིག་མེད་པར་བཟོས་ན་མི་རིགས་དེ་རང་ཤུགས་ཀྱིས་མེད་པར་འགྱུར་འགྲོ” ཞེས་སོ། གཞན་ཡང་མི་རིགས་གཞན་གྱི་སྐད་ཡིག་ལ་ཨ་གསར་བྱས་ཏེ་རང་གི་སྐད་ཡིག་སྣང་མེད་དུ་བཞག་པ་དེ་ཡང་མི་རིགས་དེ་རྩ་མེད་འགྲོ་བའི་སྔ་ལྟས་ཉག་ཅིག་ཡིན་ཏེ། རྒྱ་ནག་གི་རྩོམ་པ་པོ་གྲགས་ཆེན་ལུའུ་ཞུན་ནས། “གལ་ཏེ་མི་རིགས་ཤིག་གིས་མི་རིགས་གཞན་ཞིག་གི་སྐད་དང་ཡི་གེ་སོགས་ལ་ཨ་གསར་བྱས་ན་མི་རིགས་དེ་ཉིད་རྩ་མེད་དུ་འགྲོ་བའི་སྔ་ལྟས་ཡིན” ཞེས་སོ། དེས་ན་སྐད་ཡིག་ནི་མི་རིགས་གང་ཞིག་གནས་པར་བྱེད་པའི་སྲོག་གི་ཟུང་ལྟ་བུ་ཡིན་ཞིང་། མི་རིགས་གང་ཞིག་ཚུགས་པར་བྱེད་པའི་རྩ་བའི་མཐུན་རྐྱེན་ཡང་ཡིན་ཏེ། ཀུན་གཟིགས་པཎ་ཆེེན་ཆོས་ཀྱི་རྒྱལ་མཚན་མཆོག་ནས། “མི་རིགས་ཤིག་ལ་རང་གི་སྐད་ཡིག་ཡོད་པ་ནི་མི་རིགས་གནས་རྒྱུ་དང་མི་རིགས་ཚུག་རྒྱུའི་རྩ་བའི་མཐུན་རྐྱེན་ཡིན” ཞེས་གསུངས་འདུག དེས་ན་མི་རིགས་འདི་ལ་གཅེས་ཤིང་ཕངས་པའི་མི་ཞིག་ཡོད་ན་རང་མི་རིགས་ཀྱི་སྐད་ཡིག་ལ་བདག་གཅེས་བྱེད་རྒྱུ་དང་། ཉམ་པ་སླར་གསོ་དང་མ་ཉམ་གོང་འཕེལ་གཏོང་རྒྱུ་ནི་ཁ་རྩ་དགོས་གཏུགས་ཀྱི་བསྒྲུབ་བྱའི་གཙོ་བོར་འཛིན་དགོས་སོ།།
དགོས་ངེས་ཀྱི་བསླབ་བྱ་ཞིག་གནང་འདུག། ངོ་མ་དེ་ལ་ཡིད་འཐད་པར་བྱུང་།
གྲོགས་པོ་ལགས། འདི་གསུང་མཁན་སེ་ཏཱ་ལིང་མ་རེད། ལེ་ཉིང་རེད། མི་རིགས་ཤིག་ལོ་རྒྱུས་ཐོག་ཡུན་རིང་གནས་དགོས་ན། དེའི་སྐད་ཡིག་བཀོལ་སྤྱོད་དང་གོང་འཕེལ་གཏོང་དགོས། གལ་ཏེ་དེ་ལས་ལྡོག་ནས་མི་རིགས་ཤིག་རྩ་མེད་གཏོང་དགོས་ན། སྔོན་ལ་མི་རིགས་དེའི་སྐད་ཡིག་མེད་པར་བཟོས་ན་མི་རིགས་དེ་རང་ཤུགས་ཀྱིས་མེད་པར་འགྱུར་འགྲོ”
ལགས་སོ་དྲ་གྲོགས་ཡར་ཁམས་ཁྲི་རྒྱལ་ནས་ནོར་བཅོས་གནང་བ་ཡག་བྱུང་།
དགོངས་ཚུལ་ཡག་པོ་འདུག །དགོན་པ་མ་གཏོགས་སྐད་ཡིག་བཀོལ་སྤྱོད་བྱེད་པའི་ཁོར་ཡུག་བཙན་བྱོལ་ནང་ཡོད་པ་མ་རེད། བོད་ཡིག་གི་དྲ་རྒྱ་དང་། བོད་ཡིག་གི་དུས་དེབ། བོད་ཡིག་གི་ཚགས་པར་སོགས་ལྟ་ཀློག་བྱེད་མཁན་ཕལ་ཆེ་བ་གྲྭ་བ་རེད།
ཡིན་ན་ཡང་དེང་སྐབས་ཅུང་ཡར་རྒྱས་ཀྱི་རྣམ་པ་མཐོང་། དཔེར་ན་སློབ་གྲྭ་འགའ་རེར་སློབ་ཕྲུག་ཁ་ཤས་ནས་མ་སྐུལ་དང་བླང་གིས་བོད་ཡིག་ཚགས་པར་འདོན་སྤེལ་བྱེད་ཀྱི་འདུག་པ་ནི་དགའ་འོས་པ་ཞེིག་རེད་སྙམས།
རེད་རེད་སྐད་ཡིག་བླ་སྲོགརེད། བླ་སྲོག་བདག་པོ་རྒྱག་མཁན་དཀོན་པོ་རེད།
ངོ་མ་ཡིད་ལ་འགྲོ་པོ་བྱུང་།་་་་་་སྐད་ཡིག་བླ་སྲོག་རེད།་་་་བླ་སྲོག་བསྲུང་བའི་དཔའ་བོ་ག་ཚོད་ཡོད།་་་་
སྐད་ཡིག་བདག་པོ་རྒྱག་མཁན་མང་རུང་ཉུང་རུང་། དེ་ནི་ང་ཚོའི་བླ་སྲོག་རེད།
མཚན་ཉིད་གྲྭ་ཚང་གི་སྒོ་འགྲམ་ལ། སྐད་ཡིག་ནི་ང་ཚོའི་བླ་སྲོག་ཡིན། ཆས་ལུགས་ནི་ང་ཚོའི་མཚོན་རྟགས་ཡིན་བཅས་བྲིས་པའི་འཁྱབ་བསྒྲགས་ཞིག་ཡོད་པ་དེ་དངོས་གནས་རེད་དེ། བོད་མིའི་སློབ་གྲྭར་བོད་ཡིག་མཐོང་མེད་པ་དང་། བོད་ཆས་གྱོན་མཁན་བུ་མོ་ཅུང་མང་བ་ལས། ཁྱོ་ག་བོད་ཆས་གྱོན་མཁན་སྔོན་སྤྱི་འཐུས་ཨ་བོ་རལ་པ་དང་། དེང་བཀའ་བློན་ཁྲི་པས་བླ་གཟའ་ཉིན་མོ་བོད་་ཆས་གྱོན་པ་ཙལ་ལས་འདས། འོང་ཀྱང་མང་རུང་ཉུང་རུང་། ང་ཚོས་སྡུས་རུས་རྒྱག་རྒྱུ་རེད། ཤི་བོ་དེ་ཚོ་བསམ་ན་ཡང་འུ་ཚུད་རྒྱག་རྒྱུ་རེད།
དེང་དུས་ཁ་སྐད་ཀྱི་སྲོག་སྙིང་ནི།
ང་ཡིན་ཁྱོད་རེད་ཁ་རེད་འདི་རེད་དང་། །
ངར་ཡོད་ཁྱོད་དང་ཁོ་དང་འདི་ལ་འདུག །
ཡང་།
མ་འོངས་ང་ནི་འགྲོ་བགྱི་ཡིན་དང་། །
ད་ལྟ་ང་ནི་འགྲོ་བགྱིད་ཡོད་ཅེས་དགོས། །
http://www.himalayabon.com/article/news/20120703842.html
འདི་ལ་གཟིགས་རོགས་ཞུ།
ཁྱེད་རྣམ་པས་གསུང་པ་བདེན་ནོ། བཙན་བྱོལ་ནང་ཟམ་གདོང་བླ་མའི་སྐུ་དུས་སུ། བོད་ཡིག་སྐོལ་སྤྱོད་ཐད་ཤུགས་སྣོན་བརྒྱབ་ཏེ་བོད་པ་ནང་ཁུལ་ཡིག་འབྲེལ་བོད་ཡིག་ཐོག་བྱེད་དགོས་པ་དང་། གཞུང་འབྲེལ་ཡི་གེ་བོད་ཡིག་ཁོ་ན་སྤྱོད་དགོས་པའི་བཀའ་རྒྱའི་འོག་བོད་ཡིག་ལ་ཆེ་མཐོང་གང་ཙམ་སླེབས་ཡོད་ཀྱང་ཉེ་ལམ་ནས་ཟམ་གདོང་བླ་མའི་རྗེས་ལ་བཀའ་རྒྱ་ཡང་ཕེབས་པ་ཡིན་བཟོ་འདུག ལྷན་ཁང་དང་གཞིས་ལས་ཁང་མང་པོ་ཞིག་ནས་བོད་ཡིག་སྤྱོད་རྒྱུ་མཚམས་བཞག་ཏེ་དབྱིན་ཡིག་བེད་སྤྱོད་བྱེད་བཞིན་པར་གཟིགས་དང་། རྩ་དོན་གལ་ཆེ་དེར་དགོངས་པ་བཞེས་མི་ཞིག་ཡོད་དམ་སྙམ།
ཀ་ཁ་ག་ང་གངས་རིའི་བླ་སྲོག་ཡིན།། སུམ་རྟགས་དག་གསུམ་བོད་མའི་ལམ་བསྟན་ཡིན།།
སྙན་ངག་མངོན་བརྗོད་ཁ་བའི་ལང་ཚོ་ཡིན།། མཁས་མཆོག་ཐོན་མི་ང་ཚོའི་སྟོན་པ་ཡིན།།
ང་ཚོ་བོད་ལ་སྐད་ཡོད། དེ་ལ་ཡི་གེ་ཡོད་རེད། དེ་ཡིས་བྱམས་བརྩེའི་རིག་གཞུང་། མི་ཉམས་རྒྱུན་འཛིན་ཐུབ་ཡོད།་
རྒྱལ་ཁབ་རྒྱ་དམར་འཕྲོགས་སོང་། རང་དབང་མིན་འདུག་གཞན་དབང་། རྐུ་འཕྲོག་མི་ཐུབ་སེམས་ཆོས། ཡི་གེས་མི་རབས་བརྒྱུད་སོང་།
ཡ་ཡ། ང་ནི་དགའ་བྱུང་། གཏམ་འདི་འདྲ་རྣ་བའི་བདུད་རྩི་ཡིན། དེ་ན་སློབ་དཔོན་གནམ་ནས་ཡང་འདི་འདྲ་ཞིག་གསུངས་ཡོད་པ་རེད། རང་རང་སོ་སོས་ཆོལ་ཁ་རང་གི་སྒྲ་གདངས་གཙོ་བོ་ལ་གཞི་བཅོལ་ནས་ཕན་ཚུན་བོད་རིགས་སྤུན་ཟླའི་སེམས་པའི་འདུ་ཤེས་ཀྱི་སྒོ་ནས་ཕན་ཚུན་ལ་ཡུལ་སྐད་ངོ་སྤྲོད་བྱེད་པ་ལས་སྐད་ཡིག་ཚོགས་པ་ལྟ་བ་ཞིག་གི་ཅི་ཡང་་མི་ཡོང་བ་ནི་གསལ་པོ་རེད། དེ་ན་ཁམས་སྐད་སྙན་དང་མི་སྙན། ཨམ་སྐད་སྙན་དང་མི་སྙན། དབུས་སྐད་སྙན་དང་མི་སྙན་ནི་རྣ་བྱང་ལ་སོང་མ་སོང་ཙམ་ལས་གཞན་དབྱེ་ཞིབ་ཞིག་མེད་པ་རེད། སྐད་ཡིག་སྲུང་སྐྱོབ་ནི་བོད་ཡིག་ཤེས་མི་ཤེས་ཀྱི་བོད་མི་མི་རེ་ངོ་རེ་ལ་ཡོད་པའི་ལས་འགན་ཞིག་ཡིན་པས་ན་ངས་ནི་རང་གི་ཡུལ་སྐད་ཁྱེད་ཅག་ལ་བཤད་རྐྱང་ཡིན། མི་གོ་ན་འགྲེལ་བཤད་ཡང་རྒྱག་རྐྱང་ཡིན་པས་དགའ་བ་སྒོམ་པར་ཞུ།
ཡུལ་སྐད་བཤད་ན་དགའ་བ་བསྒོམས་ངེས་ཀྱང་ཡུལ་སྐད་ཡི་གེར་བྲིས་ན་ནི་དེ་ཙམ་མི་ལེགས་པས། དཔྱོད་ལྡན་རྣམས་ནས་གཟབ་འཚལ།
སྙན་རྩོམ་འབྲི་བ་དང་དཔེ་ལྟ་བྱེད་པ། བོད་ཡིག་ཀློག་པ་ནི་བོད་མི་རིགས་ཀྱི་བླ་སྲོག་ལྟ་བའི་སྐད་ལ་ནི་མི་ཕན། གཟབ་ས་དེ་ནོར་མེད་འགྲོ་བསམ། བོད་ཡིག་ནི་སྦྱང་བྱ་ཞིག་ཡིན་པ་ང་ཚོས་ཤེས་གསལ་རེད། བོད་སྐད་ནི་ཕ་མ་སོགས་བོད་སྤྱི་ཚོགས་འདིས་རང་ལ་རང་གི་ངོ་ནོ་འཛིན་སྤྱད་དུ་གནང་བ་དང་རང་དང་མཉམ་དུ་ཤི་འགྲོ་བས་ན་འདི་ནི་མི་རེ་ངོ་རེ་ཡི་བླ་སྲོག་དུ་ཆགས་པ་རེད་འདོད།
ཀ་ཁའི་བོད་སྐད་བོད་པ་ཀུན་གྱིས་སྦྱོང་དགོས་འདུག །
ཁ་ནས་སྐད་ཆ་བོད་པར་ཤོད་ཚད་བོད་སྐད་དང་། །
ག་ཝར་བོད་པ་ཐུག་ཚད་བོད་སྐད་ཤོད་ཐབས་ལས། །
ང་ཅག་བོད་པས་བོད་སྐད་སྲུང་སྐྱོབ་དེ་ལྷག་མེད། །