གཅན་འོད་འབར།
རྒྱང་རིང་ནས་འཕུར་འོང་བའི་བྱ་ཁྱུ།
རླུང་བུས་གཏོར་བའི་ཚང་མལ་དེའི་མཐར་རུབ་ནས།
ལོ་ཟླའི་རེ་སྒུག་གིས་བསེད་བའི་འདབ་གཤོག་ལྡེམ་ལྡེམ།
རི་ཀླུང་གཞན་ཞིག་གི་ཁ་ཕྱོགས་སྙེག་དུས།
ནམ་རྒྱུན་ཐག་རིང་ལ་བཞུད་འགྲོ་བའི་གནའ་བོའི་གཙང་བོ་དེ་ཡང།
དུས་ཀྱིས་འཁྱག་པས་བསྡམས་ནས་ལོ་མང་འགོར་བ།
ཉེ་འགྲམ་ན་ཀེ་རེར་འགྲེང་བའི་ཤིང་སྡོང་དང་རི་ཚོགས་ཀྱི་ཆིག་ལབ་ལས་གོ་བྱུང།
འབབ་སའི་གནས་རི་མེད་པའི་བྱ་ཁྱུ།
བཞུད་སའི་གྲོག་རོང་དབེན་པའི་གཙང་བོ།
ཁ་མ་གྲགས་པར་ཡུན་རིང་འགོར་བའི་དེ་རིང།
དེ་རིང་ཡང་སྙིང་གང་ན་ཡོད།
གང་ན་ཡོད།
གཅན་འོད་འབར་མེ་བཞིན་འབར་ནས་བསླེབས།།
གནའ་བོའི་གྲོང་དང་གཙང་བོ་བརྒལ་ནས་བསླེབས།།
ཤིང་སྡོང་སྐམ་པོའི་ལོ་མ་བཏུས་ནས་བསླེབས།།
གནས་མེད་ཡུལ་མེད་སྐྱོ་གླུ་གྱེར་ནས་བསླེབས།།
གཅན་འོད་འབར་འབར་བ་མེ་ལྕེ་རེད།།
ཚིག་དམར་པོས་ལུས་སེམས་འཚིགས་ནས་ཐལ།།
གཅན་འོད་འབར་འབར་བ་ཁ་ལྕེ་རེད།།
སྐད་སྙན་མོས་ས་འདི་བསྲེག་དང་ཐལ།།
དབྱར་གསུམ་ཙད་ཀྱིས་གདུངས་ན་ཡང་ང་ཚོས།
ང་ཚོ་གནའ་མྱི་དང་མི་འདྲ་ཟེར།
དགུན་གསུམ་ཙག་གིས་བསྡམས་ན་ཡང་ང་ཚོས།
ང་ཚོ་དེང་རབས་པ་དང་ཡང་མི་འདྲ་ཟེར།
ང་ཚོས་ཁྱོད་ཚོ་ལ་ནམ་ཡང་ཕོག་ཐུག་མི་གཏོང་།
དོན་གྱིས་ང་ཚོ་བྱང་ཆུབ་སེམས་དབའ་ཡིན།
རང་དོན་མེད་པ་དང་བདེན་དོན་ཡོད་པ།
འཛུལ་སའི་ཁུང་བུ་མེད་ན་ཡང་བྱང་ཆུབ་ཀྱི་ས་ཡོད་པ།
རྩོད་པའི་ཁ་ཕྱོགས་མེད་པར།
འཇིག་རྟེན་ན་འུར་ཟང་ཟིང་།
གསོན་པའི་རེ་བ་བྱས་ཡོད།
གཅན་ལགས་འདི་འདྲ་ཞིག་ཨེ་རེད།
དྲ་གྲོགས་རྣམ་པས་ཐུགས་སེམས་གཤིན་པོས་བསམ་ཚུལ་ལ་དགའ་བསུ་ཡོད། གནམ་ལགས་ཀྱིས་བཤད་པ་བདེན་གི ཅི་ཞིག་བྱུང་ཡང་གསོན་པོར་གནས་རྒྱུ་དེ་གལ་ཆེ་གི