༼ ཆབ་སྲིད་དཔྱད་གླེང་༽གསར་འཕྲིན་འདོན་ཐེངས་གཉིས་པའི་རྩོམ་སྒྲིག་པའི་གཏམ།
གནའ་སྔ་མོ་སྔ་མོ་ཞེས་ན་མི་ཆོག་པ་མེད་པ་དེ། དབུ་མའི་ལམ་གྱི་སྲིད་བྱུས་འདི་བཟུང་བའི་དུས་ཚུགས་དེ་ཡིན་ལ། དེ་ལ་གནའ་སྔ་མོ་ནས་སྲིད་བྱུས་འདི་བཟུང་བ་རེད་ཅེས་བཤད་མཁན་མང་པོ་བྱུང་ཡོད། གཞིས་ཆགས་ཁག་ཏུ་སོ་ནམ་ཞིང་ལས་བརྩོན་མཁན་དང་རྡ་ས་དང་ལྡི་ལིར་ཕྱི་རྒྱལ་ལ་ཕེབས་རྒྱུར་བྲེལ་མཁན་ཚོར་མཚོན་ན། གནའ་སྔ་མོ་འདི་དངོས་གནས་གནའ་སྔ་མོ་ཞིག་ཡིན་སྲིད། ཡིན་ནའང། དངོས་བྱུང་ལོ་རྒྱུས་ལ་མཇལ་མཁན་གྱི་ལྟ་ཞིབ་པ་ཞིག་ལ་མཚོན་ན། དབུ་མའི་ལམ་གྱི་སྲིད་བྱུས་ནི་གཞུང་མང་གཉིས་ཀས་གནའ་སྔ་མོ་ནས་ཁྱོན་ནས་བཟུང་མེད་པ་རྟོགས་ཐུབ། དེ་ལ་སྒྲུབ་བྱེད་མང་པོ་འདྲེན་མི་དགོས་པར། ༢༠༠༢ ལོའི་སྔོན་གྱི་བཀའ་སྤྱི་གཉིས་ཀྱི་སྲིད་བྱུས་འདི་འཛིན་ཕྱོགས་དང། དེ་བཞིན་སྲིད་བྱུས་འདི་ཁྱབ་བསྒྲགས་གཞུང་འབྲེལ་གཏན་འབེབས་བྱས་པ་ནས་དེ་རིང་བར་གྱི་ང་ཚོའི་གཞི་རྩ་གཞིས་ཆགས་ཁག་ཏུ་བལྟས་པ་ཡིན་ན། སྲིད་བྱུས་འདི་དང་མི་མང་བར་གྱི་འབྲེལ་མཐུད་པ་ནི་ཤོག་ལྷེ་ཁ་ཤས་དང་བརྙན་སྡེར་རེ་འགའ་རེད་ཅེས་སྨྲས་མི་ཆོག་པ་གང་ཡང་མེད། དེ་ལྟའི་བྱུང་རིམ་ཞིག་གི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་མི་ལོ ༣༣ འདས་པ་རེད། མི་ལོ ༣༣ དེ་ལྟར་ཁེད་ཀྱིས་འདས་པས་དོན་འབྲས་མ་བྱུང་ཞེས་སྲིད་བྱུས་འདིའི་སྟེང་ལ་རྔམ་རྫིག་སྟོན་མཁན་སྤྲུལ་བ་སྟོང་དུ་འགྱེད་ནས་ཇེ་མང་དུ་འགྲོ་བཞིན་པའི་རྣམ་པ་སྟོན་གྱི་ཡོད་ལ། ཕྱོགས་རེ་འགར་སྲིད་བྱུས་འདིའི་འཕྲིན་ལས་མཐའ་དག་གི་བགྱི་བ་མཚམས་ཆད་ཕྱིར་ཤུགས་སྣོན་རབ་དང་རིམ་པ་རྒྱག་གི་ཡོད། རིག་པ་དང་མཐུན་པའི་བགྱི་བ་ཞིག་ཡོད་ན་དེ་ལ་དགའ་བསུ་ལོས་ཞུ་ཡང། བཙན་བྱོལ་བོད་མིའི་ཆབ་སྲིད་ལྟ་གྲུབ་འཛིན་ཕྱོགས་ཀྱི་ན་ཆུང་མའི་གདོང་ལ་བལྟས་ཚེ་དེ་ལ་བདེན་པའི་ལན་བཏབས་ན་ཆོས་ལ་མི་རྟོན་གང་ཟག་ལ་རྟོན་པའི་ངོ་བོར་འགྱུར་བ་རྣམ་མཁྱེན་མེ་ལོང་དུ་གཟིགས་བརྙན་ཤར་བ་ཇི་བཞིན་ཕྲན་པར་ཧ་ཅང་གསལ་སྟབས། དེ་རིང་ངས་ང་དང་ལྟ་གྲུབ་མི་མཐུན་མཁན་ཚོར་ལྷག་བསམ་ཆེན་པོས་དེ་རིང་སང་ཉིན་གྱི་གོ་སྐབས་འདི་དམ་འཛིན་བྱ་རོགས་ཞེས་སྐུལ་མ་བྱེད་འདོད་བྱུང།
དེ་ནི་ཉིན་ཤས་སྔོན་རྒྱུ་མཚན་ཡོད་པ་དང་མེད་པ་གཉིས་ཀའི་ལམ་ནས་མི་ཚེ་དཔྱད་བརྗོད་དུ་བརྔོས་པའི་སྐུ་ཞབས་འཇམ་དབྱངས་ནོར་བུ་རྡ་སར་ཕེབས་ཤིང། བོད་རང་བཙན་གྱི་རྒྱལ་ཡོངས་ལྷན་ཚོགས་འཛུགས་རྒྱུའི་སྟ་གོན་ལ་བྲེལ། ཏག་ཏག་སྐབས་འདི་ནི་རྒྱ་བོད་ཕྱོགས་གཉིས་ཀའི་འབྲེལ་མོལ་གྱི་ཟམ་པ་ཆག་པ་དང་སྐུམ་ཚར་མ་ཐག་པའི་རྗེས་སུ་འཁེལ་བ་མ་ཟད། འཆར་ཟླའི་ནང་ཡོང་རྒྱུའི་བཀའ་བློན་ཁྲི་པ་མཆོག་གི་དམིགས་བསལ་ཚོགས་ཆེན་གྱི་སྟ་གོན་ལའང་འཁེལ་ཡོད། བྱུང་རབས་ནང་དུ་ལྷག་བསྡད་པའི་བོད་མི་མང་ཁེབས་ཀྱིས་དད་པས་ཁ་ལོ་བསྒྱུར་སྟེ་དབུ་མའི་ལམ་དུ་བརྫངས་པ་དང། ཆོས་དང་བག་ཆགས་ཀྱི་རྔམ་ཁ་མཐུག་ས་ནས་དབུ་མའི་ལམ་ལ་འཕྲིན་ལས་རྒྱས་ཐག་ཆོད་རྒྱས་པ་མ་གཏོགས། འཇིག་རྟེན་མི་ཆོས་སམ། མིའི་ཀླད་པ་རང་དབང་གིས་འཁོར་བསྐྱོད་ཐུབ་ན་འདི་ལྟར་ཡོང་ཤེས་མེད་པར་བཤད་པ་མཐའ་དག ད་ནི་དངོས་དོན་ཡིན་མིན་གྱི་རྒྱ་མར་འཇོག་པའི་གོ་སྐབས་ཡག་ཤོས་ཙམ་དུ་མ་ཟད།
འུ་ཚོའི་བློ་མིག་ལ་སྣང་བ་གཅིག་ཀྱང་རྣམ་རྟོག་ཁྱེར་སོ་ལ་ཤར་སྟངས་མ་འདྲ་བའི། ཉོག་འཛིང་ཧ་ཅང་ཆེ་བའི་བོད་ཀྱི་ལོ་རྒྱུས་ཀྱི་སྡོམ་དྲ་རེ་རེ་སྟེ། ལག་མཐིལ་གྱི་དངོས་པོ་བཞིན་ས་ས་དང་རྡོ་རྡོ་ཡི་གནས་སུ་ཅི་ལྟར་བསྐྱལ་ཡང། དེའི་ཚོད་ཀྱིས་ས་དང་ཕྱེ་མའི་ངང་ཚུལ་ལྟར་བློ་མིག་དོགས་པོར་འཚང་ནས་ཡོང་བ་དག་ཡུད་ཙམ་བཞག་ནས། དངོས་དོན་ལ་བཤིབ་འདྲིས་དང་ལེན་བྱེད་པའི་འཇིག་རྟེན་ཡོངས་ཁྱབ་ཀྱི་འགན་ཁུར་རིག་པར་གཡོལ་ཐབས་ཡོད་མེད་དང། རྒྱ་ནག་མི་མང་ལའང་འཆམ་མཐུན་བྱེད་རྒྱུ་ལས་རིང་ཙམ་བྲོས་ན་བོད་ལ་མ་འོངས་པའི་འཚོ་གནས་ཤིག་ཡོད་མེད་ཀྱི་ཆ་མ་འཚལ་བའི་བསམ་སྤྱོད་དག་ལ། ད་ནི་ལྟ་ས་བརྟེན་ཡུལ་ཞིག་ཡོད་མེད་ལྷོད་ཀྱིས་ལྟོས་ཆོག་པ་འདྲ་ལ། ༧གོང་ས་སྐྱབས་མགོན་ཆེན་པོས་དབུ་ཁྲིད་པའི་དགའ་ལྡན་ཕོ་བྲང་གི་སྲིད་དབང་རྩིས་སྤྲོད་གནང་ནས་ལོ་ཁོར་མོ་ཡུག་གཅིག་ཧྲིལ་གྱིས་འདས་ཡོད་སྟབས། ད་ནི་དད་ཤུགས་དང་དབང་ཤུགས་ཀྱིས་འདེད་མཁན་གང་ཡང་མེད་ལ། དེ་བས་ཀྱང་ཆབ་སྲིད་ཐད་༧གོང་ས་མཆོག་གིས་མི་སྨྲའི་རྟུལ་ཞུགས་དང་དུ་བླངས་ཡོད་སྟབས། རང་བཙན་པ་རྣམས་ཀྱིས་རིང་མོ་ཞིག་ནས་ཡིད་ལ་བརྣག་པའི་མངོན་འདོད་རྣམས་བདེན་རྫུན་གང་ཡིན་གསལ་བོ་བཟོ་བའི་གོ་སྐབས་ཡོངས་སུ་ཤར་ཡོད། དེ་བཞིན་མི་རབས་གསར་པའི་བཀའ་ཁྲི་མཆོག་དང་ཁོང་གིས་གྲོས་འགོ་བཏོན་པའི་དམིགས་བསལ་ཚོགས་ཆེན་ནི་སྐུ་ཞབས་འཇམ་དབྱངས་ནོར་བུ་སོགས་རང་བཙན་པ་རྣམས་ཀྱིས་ད་བར་བཙན་བྱོལ་མི་མང་ལ་ཚོད་རྩིས་རྒྱབ་པ་དང། ངོས་འཛིན་གནང་བ་བདེན་པ་ཡིན་མིན་གསལ་འབྱེད་བྱ་རྒྱུའི་གོ་སྐབས་ལེན་ས་ཡག་ཤོས་དེ་རེད།
ང་དང་ང་ལྟ་བུ་ནི་དབུ་མའི་ལམ་ལ་ཕེབས་དགོས་པའི་རྒྱུ་མཚན་ཆེན་པོ་བཅུ་སྟེ། འཇིག་རྟེན་གཅིག་ལ་གཅིག་རྟེན་གྱི་རྒྱུ་མཚན་རིག་པར་ངེས་པ་རྙེད་པ། ཡུལ་ལུང་ཟུར་སྡོད་ཁེར་རྐྱང་ལས་མཉམ་འབྲེལ་ལ་ཁེ་ཕན་ཡོད་པ། སྐད་ཡིག་ལེགས་བྱང་སྣ་མང་ཅན་གྱི་མི་རིགས་མཉམ་འདུས་རྒྱལ་ཁབ་ལ་ཆིག་སྒྲིལ་ཡོད་པ། སྐམ་སའི་བསྐོར་བའི་བོད་འདི་དངོས་པོའི་ཡར་རྒྱས་ཆེད་གཞན་ལ་མ་བརྟེན་ཐབས་མེད་ཡིན་པ། དགའ་ལྡན་ཕོ་བྲང་གི་མངའ་ཁོངས་ཁྱབ་ཚད་ལ་རྙོག་གླེང་ཡོད་པ། ད་ལྟའི་རྒྱ་ནག་གི་སྲིད་དབང་ལ་འཛམ་གླིང་གིས་མ་བརྟེན་ཐབས་མེད་ཡིན་པ། གལ་སྲིད་སྲིད་དབང་ལ་འགྱུར་བ་ཕྱིན་ཡང་རྒྱ་མིའི་བདག་འཛིན་རྒྱལ་གཅེས་གཞོམ་བཤིག་མི་ནུས་པ། བོད་ནང་གི་ཤེས་ལྡན་དོན་གྱི་བདག་པོ་ཚོས་ཀྱང་གཉིས་སྨན་ཐབས་ལམ་མཆོག་ཏུ་བརྩི་བ། བོད་ཕྱི་ནང་གཉིས་ཀྱི་ངོ་བོ་རིག་གནས་དང་བཅས་པ་ནད་པ་ཟུངས་ཟད་ལ་ཛ་དྲག་མྱུར་སྐྱོབ་ཐུབ་པ། མདོར་ན་རང་གི་ལྗིད་ཁོག་རང་ལ་ངེས་བཞིན་འཚོ་བ་དོན་ཡོད་པར་ཞི་བ་ཉག་ཅིག་གི་ལམ་དུ་བསྐྱོད་བཞིན་འདས་མ་ད་གསུམ་བབ་བརླིང་བརྟན་གསུམ་གྱིས་སྐྱོང་བར་གཡོལ་ཐབས་མེད་ཀྱང། འུར་རྒྱག་པ་དང་དེང་གི་དུས་ཐུང་ཆབ་སྲིད་ཀྱི་ཐབས་ལམ་སྤྱོད་རྒྱུར་དེ་བས་ཀྱང་དང་ག་མེད་སྟབས།
ངས་བལྟས་ན། དབུ་མའི་ལམ་ཞུགས་པ་རྣམས་ལྷོད་བཞུགས་གནང་པའི་སྐབས་འདིར། གང་ས་ཅི་ཐད་ནས་རང་གི་འཆར་སྣང་མངོན་གྱུར་བཟོ་བའི་གོ་སྐབས་ཡག་ཤོས་ལྟ་བུར་མཐོང་ལ། གལ་སྲིད་ད་ཐེངས་ཀྱང་བོད་རང་བཙན་གྱི་མེ་ཁ་ས་འོག་ཏུ་ཤོར་བ་ཡིན་ན། ད་ནི་རྦད་དེ་རང་བཙན་གྱི་མེ་ཁ་རྨང་ནས་འཐོར་སོང་བ་ཡིན་པས། བོད་ཀྱི་བདེ་སྡུག་བཤད་མཁན་གྱི་རིགས་གཅིག་སྤུན་གྲོགས་རང་བཙན་པ་ཚོས་བྲེལ་བྲེལ་འཚུབ་འཚུབ་བྱེད་ཀྱི་ཡོད་པ་ལྟར་གོ་སྐབས་འདི་དམ་དུ་འཛིན་རོགས་ཞེས་བཤད་ན་འདོད་བྱུང། །
2012/ 7/5/
ཤོར་གི་མ་འཇུག་ཅེས་པ་མིང་ཞིག་གམ་གཏན་ནས་རྟོགས་མ་སོང་། རབ་ཀྱིས་མིང་ནས་དོན་རྟོགས་པ། འབྲིང་གི་བརྗོད་བྱ་ལམ་ཙམ་རྟོགས་པ། ཐ་མས་ཁ་བྱང་གིས་བཙལ་སླ་བའི་དགོས་པ་ཡོད་མོད། འདིར་མིང་འདིས་རྨོངས་སོང་བས་ན་རྩོམ་དངོས་གཏནཛནས་མི་ཀློག་པར་དམ་བཅའ་འོ།། ཁ་བརྡའི་དྲྭ་བར་འགོད་ལའི་དོན་པོ་ཀློག་དགོས་རྒྱུ་ན་ཁ་བྱང་དེ་བོད་སྐད་ཐོག་འབྲི་རོགས།
ཡག་པོ་བྲིས་འདུག
ཨ་མདོའི་རྩོམ་པ་པོ་ཚོར་དམིགས་ཡུལ་གཏིང་ཟབ་ཡོད་སྟབས། ཁ་སྐད་ཡི་གེའི་ནང་ཁྱེར་ཡོང་བ་ཉུང་ཉུང་མ་རེད།
ཡིན་ནའང། གཏམ་ནི་དོན་དང་ལྡན་པ་ཞིག་སྨྲས་འདུག་གོ
ག་རེ་བཤད་ཀྱི་ཡོད་མགོ་ཚོས་མ་སོང་། ང་རང་བཙན། དབུ་མ་ཟེར་ནས་ཆབ་སྲིད་ཀྱི་ལྟ་བ་ཕྱོགས་རེ་བ་ཡོད་མཁན་ཞིག་མིན། བོད་མི་རིགས་ལ་རང་བཙན་གྱི་ཐོབ་ཐང་ཡོད་པར་ངོས་འཛིན་ཡོད་མཁན་ཞིག་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱལ་སྤྱིའི་ཐོག་བརྩི་འཇོག་རྒྱབ་སྐྱོར་ཡོད་པ་དང་། ཐོབ་ཐང་དེར་བརྩི་འཇོག་མེད་མཁན་གྱི་བཙན་དབང་ཅན་དག་ཀྱང་འབྱུང་འགྱུར་འགྱུར་བ་འགྲོ་རྒྱུ་ཡིན་པར་ཡིད་ཆེས་ཡོད་མཁན་ཞིག་ཡིན།
༡ གཅིག་འོག་གཅིག་འདུས་མིན་ན་བཟང་། གཅིག་ལ་གཅིག་རྟེན་ནི་རང་བཙན་རྒྱལ་ཁབ་ཚང་མ་རེད།
༢ ་་ཡུལ་ལུང་ཟུར་སྡོད་ཁེར་རྐྱང་ལས་མཉམ་འབྲེལ་ལ་ཁེ་ཕན་ཡོད་པ་་ མི་མཐོང་མཁན་རྒྱལ་ཁབ་ག་ཚོད་ཁྱེད་རང་ལ་བགྲང་རྒྱུ་ཡོད།
༣ ་་སྐད་ཡིག་ལེགས་བྱང་སྣ་མང་ཅན་གྱི་མི་རིགས་མཉམ་འདུས་་ ཡིན་པའི་རྒྱུ་མཚན་གྱིས་རྒྱལ་ཁབ་ལ་ཆིག་སྒྲིལ་ཡོད་སོང་བ་མ་རེད། གཙོ་བོ་རྒྱལ་ཁྲིམས་དང་འདྲ་མཉམ་ཡིན་མིན་ལ་ཐུག་པ་རེད།
༤ ་་ སྐམ་སའི་བསྐོར་བའི་བོད་འདི་དངོས་པོའི་ཡར་རྒྱས་ཆེད་གཞན་ལ་མ་བརྟེན་ཐབས་མེད་ཡིན་པ།་་ དེ་བདེན་པ་རེད། ཡིན་ནའང་། རྒྱ་ནག་གཅིག་པོ་ལས་བརྟེན་ས་མེད་སོང་བ་མ་རེད། འཛམ་གླིང་གི་རྒྱབ་ཁབ་ཚང་མར་བརྟེན་ཆོག་གི་རེད།
༥ ་་དགའ་ལྡན་ཕོ་བྲང་གི་མངའ་ཁོངས་ཁྱབ་ཚད་ལ་རྙོག་གླེང་ཡོད་པ།་་ འདི་ནི་ལོ་རྒྱུས་ཤིག་རེད། ལྷག་པར་དུ་འདི་ནི་དབང་འཛིན་པ་ཚོས་དབང་སྒྱུར་གྱི་ཆེད་བཤད་རྒྱུའི་སྐད་ཆ་ཞིག་རེད། མི་རིགས་ཤིག་གི་ཐོབ་ཐང་དེ་ཨང་དང་པོ་རེད། ལོ་རྒྱུས་ག་འདྲ་ཞིག་ཡིན་མིན་ལ་མ་ལྟོས་པར་མི་རིགས་ཚང་མར་གཞན་གྱི་དབང་འོག་ནས་ལོགས་སུ་ཐོན་རྒྱུའི་འདོད་པ་ཡོད་ཕྱིན་ཐོན་ཆོག་པའི་ཐོབ་ཐང་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་མིའི་རང་ཐག་རང་གཅོད་ལ་རྒྱབ་སྐྱོར་ཡོད་པར་བྲིས་ཡོད་པ་དེའང་གནད་འདི་ལ་ཐུག་པ་རེད། ཀེ་ན་ཌར་མཚོན་ནའང་ཁེ་བྷེ་ཁུ་ནང་འོས་ཤོག་ཐེངས་གཉིས་འཕེན་བཅུག་པ་རེད། དུས་རབས་འདིར་རང་བཙན་ཐོབ་པའི་རྒྱལ་ཁབ་རེ་རེ་བཞིན་གྱི་ལོ་རྒྱུས་ལ་ཞིག་ལྟོས་དང་སྔོན་རང་བཙན་གྱི་ལོ་རྒྱུས་བོད་ལས་ཞན་པ་མང་པོ་ཡོད་པ་རེད།
༦ ་་ད་ལྟའི་རྒྱ་ནག་གི་སྲིད་དབང་ལ་འཛམ་གླིང་གིས་མ་བརྟེན་ཐབས་མེད་ཡིན་པ།་་ འདི་ནི་བདེན་པ་མ་རེད། རྒྱ་ནག་གི་སྲིད་བྱུས་ལོ་རེ་རེ་བཞིན་འགྱུར་བ་འགྲོ་བཞིན་པ་དེ་རྒྱ་ནག་གིས་འཛམ་གླིང་ལ་བརྟེན་ནས་ཡིན་པ་ལས་འཛམ་གླིང་གིས་རྒྱ་ནག་ལ་བརྟེན་ནས་མིན་པ་དེའང་ཤེས་ན་བཟང་།
༧ ་་སྲིད་དབང་ལ་འགྱུར་བ་ཕྱིན་ཡང་རྒྱ་མིའི་བདག་འཛིན་རྒྱལ་གཅེས་གཞོམ་བཤིག་མི་ནུས་པ།་་ འདི་ནི་འུ་ཐུག་པའི་བསམ་ཚུལ་ཞིག་རེད། འདི་ནི་དབུ་མའི་ལམ་གྱི་དགེ་མཚན་ཞིག་མ་རེད། དབང་སྒྱུར་ཞིག་ལ་ཡོངས་སུ་མགོ་བཏགས་པ་རེད། མི་རིགས་ཀྱི་ཐོབ་ཐང་དང་པོར་བརྩི་མཁན་གྱི་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་ཀྱང་སྔོན་མ་ད་ལྟའི་རྒྱ་མི་ནང་བཞིན་གཞན་ལ་དབང་སྒྱུར་མཁན་རེད། དེ་དག་ལ་འགྱུར་བ་ཡོད་ན་རྒྱ་མི་ལའང་འགྱུར་བ་ཡོད་པ་དེའང་མ་མཐའ་ཡང་ཤེས་དགོས་པ་ཞིག་མ་རེད་དམ།
༨ ་་བོད་ནང་གི་ཤེས་ལྡན་དོན་གྱི་བདག་པོ་ཚོས་ཀྱང་གཉིས་སྨན་ཐབས་ལམ་མཆོག་ཏུ་བརྩི་བ།་་ སྐད་ཆ་འདི་བདེན་པ་ཡིན་མིན་ཤེས་དཀའ། ཞིབ་འཇུག་བྱས་པའི་སྐད་ཆ་ཞིག་མིན་པ་འདྲ། མི་མང་ཚང་མར་འོས་ཤོག་ཅིག་བསྡུས་ན་དེ་ནས་ཤེས་ངེས་རེད། མ་གཞི་དབུ་མ་ཟེར་བ། གཉིས་སྨན་ཟེར་བ་འདི་ཚོ་བར་འདུམ་པའང་གཟུ་བ་ཞིག་གིས་བཤད་རྒྱུའི་སྐད་ཆ་ཞིག་རེད་མ་གཏོགས་ཐོབ་ཐང་རྩོད་མཁན་ཞིག་གིས་བཤད་རྒྱུའི་སྐད་ཆ་ཞིག་མ་རེད།
༩ ་་ བོད་ཕྱི་ནང་གཉིས་ཀྱི་ངོ་བོ་རིག་གནས་དང་བཅས་པ་ནད་པ་ཟུངས་ཟད་ལ་ཛ་དྲག་མྱུར་སྐྱོབ་ཐུབ་པ། ་ ད་བར་དུ་ཛ་དྲག་མྱུར་སྐྱོབས་ག་ཚོད་ཅིག་ཐུབ་སོང་། རྒྱ་གཞུང་འགྱུར་བ་སོང་བའི་ཉིན་དཀར་རྒྱ་གཞུང་གིས་མྱུར་སྐྱོབས་ཀྱི་ཁྲིམས་བཟོ་གི་རེད། དབུ་མའི་ལམ་ལ་ལྷག་ཏུ་བྱ་རྒྱུ་བྱེད་རྒྱུ་ཆེར་ཡོད་པ་མ་རེད། ཕར་ལོགས་འགྲོ་རྒྱུ་ཙམ་རེད།
༡༠ ་་མདོར་ན་རང་གི་ལྗིད་ཁོག་རང་ལ་ངེས་བཞིན་འཚོ་བ་དོན་ཡོད་པར་ཞི་བ་ཉག་ཅིག་གི་ལམ་དུ་བསྐྱོད་བཞིན་འདས་མ་ད་གསུམ་བབ་བརླིང་བརྟན་གསུམ་གྱིས་སྐྱོང་བར་གཡོལ་ཐབས་མེད་ཀྱང། འུར་རྒྱག་པ་དང་དེང་གི་དུས་ཐུང་ཆབ་སྲིད་ཀྱི་ཐབས་ལམ་སྤྱོད་རྒྱུར་དེ་བས་ཀྱང་དང་ག་མེད་་ ཟེར་བ་འདི་མགོ་ཆ་ཚང་ཚོས་མ་སོང་། དེང་གི་དུས་ཐུང་ཆབ་སྲིད་ཀྱི་ཐབས་ལམ་སྤྱོད་རྒྱུ་ཟེར་བ་དེ་མགོ་ཚོས་མ་སོང་། རང་གི་རྐང་པའི་སྟེང་ལ་རང་ཉིད་ལངས། རང་གིས་གོམ་པ་བརྒྱབ་ཏེ་རྒྱལ་སྤྱིའི་ཐོག་རང་གི་ཐོབ་ཐང་རྩོད་པ་ཕར་བཞག་ནས་སྣ་ཐག་རྒྱ་ལག་ཏུ་བཞག་ཏེ་རྒྱ་ཡི་འགྱུར་བ་ལ་སྒུག་སྡོད་པ་དེ་བབ་བརླིང་བརྟན་གསུམ་ཡིན་པ་ཞིག་ཁྱོན་ནས་མཐོང་གི་མི་འདུག རང་ཚུགས་ཤོར་བ་རེད། རང་གི་ནུས་པ་རང་གིས་བེད་སྤྱོད་མ་བཏང་བར་རང་གི་ནུས་པ་གཞན་ལ་བཅོལ་བ་རེད།
རྩོམ་སྒྲིག་པས་བགྲང་བའི་རྒྱུ་མཚན་བཅུ་རེ་རེ་བཞིན་རྒྱུ་མཚན་ལྟར་སྣང་དང་བདེན་པ་མིན་པ་ཞེ་ཅིག་ཏུ་མཐོང་། ཆབ་སྲིད་དཔྱད་གླེང་བྱེད་མཁན་གྱི་རྩོམ་སྒྲིག་པ་ཞིག་ཡིན་ན། ཆབ་སྲིད་ཐོག་འབུམ་རམ་པ་དང་རབ་འབྱམས་པ་ཐོན་མཁན་ཞིག་མིན་ནའང་། མ་མཐའ་འང་ཆབ་སྲིད་ཐོག་སློབ་གྲྭ་ཆེན་མོ་ཐོན་པ་ཞིག་ངེས་པར་ཡིན་ན་བཟང་། མགོ་མ་ཚོས་པར་སྤྱི་ཚོགས་ནང་མང་པོ་ཞིག་བཤད་པ་དེར་གནོད་པ་ལས་དགེ་ཕན་མེད་པ་འདྲ། མ་རྟོགས་ལོག་བཤད་ཀྱི་སྐད་ཆ་དག་མཐོང་ཡོང་དུས་མཆན་རེ་ཤོར་འགྲོ་གི་འདུག དགོངས་དག
མགོན་པོ་ཕྱག་གཉིག་ལགས། ཐུགས་རྗེ་ཆེ་ཞུ། དོན་དངོས་ཀྱི་བཀའ་མོལ་གནང་འདུག། ཆབ་སྲིད་དཔྱད་གླེང་མིང་འཛིན་པ་དེ་དག་གིས་དཔྱད་ཚུལ་རང་མདོགས་ངོ་མ་དེ་ཕྱིར་སྟོན་འདུག།
༡ གཉིས་སྨན་དབུ་མའི་ལམ་གྱི་གཉིས་སྨན་གྱི་གོམ་པ་ནི། བོད་རྒྱ་ཕྱོགས་གཉིས་གྱི་ངོས་འཛིན་གཅིག་གྱུར་པ་ཞིག་ནས་མགོ་འཛུགས་དགོས། དེས་ན། དབུ་མའི་ལམ་ལས་འགུལ་ཁང་ཟེར་བས་དེ་ངོས་འཛིན་མ་ནོར་བ་དགོས།
༢ དབུ་མའི་ལམ་ལས་འགུལ་ཁང་གི་ལས་འགུལ་གྱི་བྱ་བའི་ཡུལ་དེ་འཇམ་དབྱངས་ནོར་བུ་ཨེ་རེད། གཞོན་ནུ་ཚོགས་པ་ཨེ་རེད། ཨ་ལགས་ཤིང་བཟའ་ཚང་ཨེ་རེད། མདའ་ཁ་མདུང་ཁ་ནང་ལ་བསྐོར་རྒྱུ་འདི་ལས་འགུལ་སྤེལ་སྟངས་ནོར་འཁྲུལ་ཅན་ཞིག་རེད།
༣ བཙན་བྱོལ་གཞིས་ཆགས་དང་སློབ་གྲྭ་ཁག་ལ་སོང་ནས། དབུ་མའི་ལམ་འདི་རྒྱལ་བ་རིན་པོ་ཆེའི་ཡེ་ཤེས་དབྱིངས་དཔྱད་ཡིན་རབས་དང་། རྒྱལ་བ་རིན་པོ་ཆེའི་བཀའ་བརྩི་མི་བརྩི་དེ་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་མེད་ལ་ཐུབ་ཡོད་ཚུལ་བཤད་ཀྱི་ཡོད་པ་རེད། དེ་ཡང་ལས་འགུལ་ནོར་འཁྲུལ་ཅན་ཞིག་རེད། གཞུང་དམངས་གྲོས་ཚོགས་དང་བཅས་པས་
༤ དབུ་མའི་ལམ་ལས་འགུལ་ཁང་གིས་འགྲེལ་བཤད་རྒྱག་བཞིན་པའི་དབུ་མའི་ལམ་འདི་ཉེན་ཁ་ཅན་ཞིག་རེད། འཇམ་དབྱངས་ནོར་བུའི་གཏམ་བཤད་རེས་ཡོམ་ཡོམ་སྒུལ་འགྲོ་བ་ཞིག་རེད། དབུ་མའི་ལམ་ཟེར་ན་གཞུང་གི་དབུ་མའི་ལམ་འདྲ་ཞིག་ཡིན་ན་ཡག་པོ་འདུག
༥ འཇམ་དབྱངས་ནོར་བུ་ལ་ཞེད་སྣང་དང་། འཇམ་དབྱངས་ནོར་བུ་སླེབས་ཐེངས་རེར། ཁུངས་འཁྱོལ་མི་འཁྱོལ་གྱི་འགྲེལ་བཤད་དེ་ཡང་། ངག་ནས་ཐོན་མི་ཐོན་ཆགས་འགྲོ་བའི་དབུ་མའི་ལམ་ལས་འགུལ་ཁང་གི་དབུ་མའི་ལམ་འདི་བཞག་ནས། གཞུང་གི་དབུ་མའི་ལམ་ལ་ཞུགས་ན་ལེགས།
༦ ཉེ་བའི་ཟླ་བ་ཁ་ཤས་ནང་། དབུ་མའི་ལམ་ལས་འགུལ་ཁང་ཐོག་མར་གསར་འཛུགས་གནང་མཁན་གྲས་ཡིན་པའི་ཚོགས་མི་གནད་ཡོད་འགའ་ཤས་ཀྱིས་སྔ་རྗེས་སུ་དགོངས་པ་ཞུས་ནས་ཟུར་བཞུགས་གནང་ཡོད། དེ་ནི་གཞན་མ་རེད། དབུ་མའི་ལམ་གྱིས་མདའ་ཁ་མདུང་ཁ་ནང་ལ་བསྐོར་སྟངས་འདིར་གཟུར་གཡོལ་གནང་བ་རེད།
ཤར་ཕྱོགས་ཁུག་རྟའི་རྒྱལ་ཁམས་དཀྲོགས་པའི་འཆར་སྣང་ལ། དེ་རིང་མགོན་པོ་ཕྱག་གཉིས་སོགས་ཕེབས་ནས་བསམ་ཚུལ་བཤད་དེ་བགྲོ་གླེང་འགོ་བཙུགས་པ་འདི་ཡག་པོ་རེད་མོད། སྟབས་མ་ལེགས་པར། རྨོག་རུ་བསྟན་པ་སྲིན་པོ་རྫ་རྒན་དུ་སྤྲུལ་ནས་རྒྱུས་ཡོད་ཀྱིས་རྒྱུས་མེད་ཀྱི་གཏམ་བཤད་ཀྱི་འདུག་པས་འདི་རིགས་སྤང་ན་མི་མཛེས་སམ། ང་ཚོ་རྡ་སར་འཁྱམ་མཁན་ཚོར་མཚོན་ནའང། དབུ་མའི་ལམ་ལས་འགུལ་ཁང་རྨོག་རུ་བསྟན་པ་དང་ཤར་ཕྱོགས་ཁུག་རྟ་གཉིས་ཀས་རང་རང་གི་སྐབས་སུ་ཅི་ལྟར་བསྐྱངས་ཡོད་མེད་གསལ་བོ་ལོས་མཐོང། དེ་བས་ཕྱོགས་རིས་ཕྲག་དོག་གི་བགྱི་བ་འདི་སྤང་ན་མི་མཛེས་སམ།།
ཡག་པོ་བྲིས་འདུག འོན་ཀྱང་རང་བཙན་དང་ལམ་དབུ་མའི་ལྟ་གྲུབ་ཀྱི་རྩོད་པ་དེ་དུས་དེ་རིང་བར་བརྩོད་པ་རེད་ལ་གོ་རྟོགས་ཀྱང་མི་ཉུང་ཙམ་སད་ཡོད། ད་ལྟ་གྲུབ་བརྩོད་པ་ལས་ལག་ལེན་དངོས་ནང་ཞུགས་ན་ཡག་གི་རེད། བོད་ནང་གི་བོད་མི་ཚོས་ལག་ལེན་དངོས་ནང་ཞུགས་སྐབས་ཕྱི་ལོགས་བོད་མི་ཚོས་ཁོང་ཚོའི་ལག་ལེན་དེ་ལྟ་གྲུབ་ཀྱི་ལམ་བུ་མི་འདྲ་བ་གཉིས་སུ་བསྒྱུར་ཐབས་བྱེད་ཀྱི་ཡོད། དེས་འབྲས་བུ་གང་ཡང་མཐོན་གྱི་མ་རེད། རང་བཙན་བརྩོད་མཁན་ཚོས་རང་བཙན་བཤད་ནས་མ་བསྡད་པར་བརྩོད་དགོས་པ་རེད། དབུ་མ་བརྩོད་མཁན་ཚོས་དབུ་མ་འཆད་འཁྲིད་བྱས་ཏེ་མ་ཞུགས་པར་ལག་ལེན་གྱི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས་པ་རེད། ང་ཚོས་རིགས་པའི་གཞུང་ལུགས་ལ་རྩོད་ནས་སྡོད་པའི་དུས་ཚོད་དེ་རྫོགས་པ་རེད། ལག་ལེན་དངོས་ན་ཞུགས་དགོས་ལ་རང་ཉིད་ཀྱིས་འཛིན་པའི་ལྟ་བའི་དེའི་ནང་ལག་ལེན་ཐོག་དངོས་སུ་ཞུགས་ཏེ་དེའི་ཐད་འབྲས་བུ་མཐོན་པ་བྱེད་དགོས། དེ་མིན་སྐད་ཆ་རྫིག་པོ་དང་དོན་མེད་འབྲས་སྟོང་གི་སྐད་ཆ་རྐྱང་བཤད་ན་ཅང་ཕན་གྱི་མ་རེད། གལ་ཏེ་ཁྱེད་རང་ཚོས་ལམ་དབུ་མ་དང་རང་བཙན་གཉིས་ཀྱི་བལྟ་གྲུབ་ཐད་བརྩོད་འདོད་ན་ངས་བྲིས་ཆོག འོན་ཀྱང་དེས་ཅི་གང་ཕན་གྱི་མ་རེད་ཏོ།
མགོན་པོ་ཕྱག་གཉིས་པ་འདི་ལ་མགོན་པོ་ཕྱག་བཞི་པ་ཞེས་བཤད་ཀྱང་ཆོག་པ་འདུག སྐད་ཆ་གནད་ལ་ཁེལ་བ་ཞིག་བཤད་འདུག་པས་རྒྱབ་སྐྱོར་ཡོད། ཆབ་སྲིད་དཔྱད་གླེང་གི་རྩོམ་སྒྲིག་པ་ཡིན་ན་དེས་རང་ཉིད་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་པ་ལྟ་བུ། ཡང་རང་བཙན་པ་ཚོས་གོ་སྐབས་མ་ཤོར་བ་བྱེད་དགོས་པ་ལྟ་བུ་སྐད་ཆ་མགོ་གཉིས་མ་ཞིག་བཤད་འདུག ཁོ་རང་གཟུ་བོར་གནས་མཁན་ཞིག་ཡིན་འདོག་འདོག་འདྲ་ཞིག་ཡིན་ན་མ་བཏོགས། གཞན་ངས་ནི་གོ་བ་ཡག་པོ་ཞིག་ལེན་ཤེས་མ་སོང་།
ཁམས་དང་མོས་པ་སྣ་ཚོགས་པ་ཡིན་སྟབས། བསམ་ཚུལ་སྣ་ཚོགས་པ་ཡོང་བ་འདི་ཆོས་ཉིད་རེད། ཅི་ཙམ་སྣ་ཚོགས་པར་ཉན་ཞིབ་བྱས་པ་དེའི་ཚོད་ཀྱིས་རང་ཉིད་ལ་སྤྱིའི་བསམ་འདུན་བརྗོད་པའི་བློ་སྤོབས་རྒྱས་པ་དེ་ངེས་ཅན་ཞིག་རེད་འདུག་པས། ཡག་བྱུང་ཟེར་རྒྱུ་ཡིན།
སྨྲ་བརྗོད་རང་དབང་ལོངས་སུ་སྤྱད་ནས་བསམ་ཚུལ་བཤད་རྒྱུ་ཡོད་པ་ནི་ཇི་འདྲ་སྐྱིད་པ་ལ་ཨང་། ང་ཚོའི་མིག་ལམ་དུ་འཚར་ལོངས་བྱུང་བའི་ཤར་ཕྱོགས་ཁུག་རྟ་ད་གཟོད་ཨིན་སྐད་ལ་བྱང་ཆུབ་པའི་མཁས་པ་འཇམ་དབྱངས་ནོར་བུར་དཔྱད་ཞིབ་ལམ་སྟོན་བྱ་མཁན་ཞིག་ཏུ་འགྱུར་བར་བསྔགས་བརྗོད་ཞུ་རྒྱུ་ཡིན།
ལྷ་བཟང་ཚེ་རིང་དང་གཞོན་ནུ་ལྷན་ཚོགས་ལ་ཚེ་བརྟན་ཛ་ཆུ་ལགས་ཀྱིས་འདི་ལྟར་བརྗོད་ཀྱིན་འདུག
Lhasang Tsering is outspoken in his rejection of the Dalai Lama’s “Middle-Way” Policy and makes no point of hiding the fact that he thinks the Buddhist spiritual leader is failing the Tibetan people. Lhasang Tsering is unequivocal in his call for Tibetan independence. For him, so-called “autonomy” is not an option. Tibet is not, and never has been, a part of China.
He accuses the Dalai Lama of …being the “cause of loss of clarity of purpose,” which is as close to open criticism of His Holiness as you will hear any Tibetan say. but lhasang tsering admits the impossibility of any sort of military solution; China has more armed troops than there are Tibetan people. SO MY QUESTION TO LHASANG TSERING AND TO RTYC IS THAT.. SO HOW DOES TIBET GO ABOUT CHALLENGING CHINA ? WHAT WOULD BE THE SOLUTION SINCE YOU BOTH REJECTS THE MIDDLE WAY APPROACH ? HERE I PROTEST TO BOTH LHASANG TSERING TO RTYC STOP THIS BLAMING GAME.. YOU GUYS ARE CONFUSING MANY TIBETAN YOUNG BLOODS.
དགོངས་སེལ་ཞུ་རྒྱུར་གོང་གི་གནད་དོན་གླེང་མཁན་ནི་བཀྲ་ཤིས་ཕུན་ཚོགས་རེད་འདུག ཚེ་བརྟན་ཞེས་པ་ནོར་བཅོས་ཞུ་རྒྱུ་ཡིན།
མགོན་པོ་ཕྱག་གཉིས་ཟེར་བ་དང་པོ་དྲ་འབུ་ཞིག་ཡིན་ཤག་གིས་ལན་ཅང་མ་བཏབས། གང་ཡིན་ཟེར་ན། དེ་སྔར་དྲ་ཐོག་འདིར་ཧོལ་རྒྱུག་མང་པོ་བྱས་སོང། དེའི་ཆ་ནས་གཡུག་བཞག་ཡིན། ཡིན་ནའང། དེ་རིང་གྲོགས་པོས་ཟེར་ན་ཁྱེད་ཀྱི་ཕ་ཡུལ་དང་ཐག་ཉེ་ཧི་ནན་དེ་བ་ཅིག་ནས་རེད་ཟེར། དེ་དྲ་འབུའི་མིང་གེ་མ་རེད་ཟེར། དེ་ན་ད་ཡག་བྱུང། དེ་ཡིན་ན། ཅུང་ཙམ་ལན་བཏབས་ནས་གསེག་དྲིས་ན་ངའི་ཁ་བརྡ་བྱ་རོགས་ཤིག་ཉན་ན་ཐང་བསམས་སོང། དེས་ན་ངས་ཕྱོགས་སྟོན་པར་བྱའོ། དགོངས་སེལ་ཞུ་དགོས་པ་ཞིག་ལ། ཤར་མར་བྲིས་པ་ཤར་མར་འགོད་རྒྱུ་ཡིན། གང་ཡིན་ཞེ་ན། སྐྱབས་བཅོལ་པ་ཡིན་ཙང་དངོས་གནས་ཆུ་ཚོད་མི་འདུག
༡ རང་བཙན་རྒྱལ་ཁབ་ཚང་མ་གཅིག་ལ་གཅིག་རྟེན་ཡིན་པ་བདེན་ཡང། ་་་་ བོད་ཀྱི་ད་ལྟའི་ཛ་དྲག་གི་གནས་སྟངས་ལས་གྲོལ་དགོས་ན། རང་སྲིད་རང་སྐྱོང་གི་ལམ་ནས་བོད་རྒྱ་ནག་གི་ཆ་ཤས་སུ་གནས་ཏེ་རྒྱ་ནག་ལ་བརྟེན་ན་མ་གཏོགས། མི་རིགས་ཀྱི་ངོ་བོ་ངོས་འཛིན་ཚུད་ཆུད་རྩ་ཡལ་དུ་འགྲོ་བ། ད་ལྟའི་རྒྱ་ནག་གི་”རིམ་བསྒྱུར་རྩད་རྫོགས་ཀྱི་སྲིད་བྱུས་”ལས་ཧ་ཅང་གསལ་བོ་བྱུང་ཡོད།
༢ ཡུལ་ལུང་ཟུར་སྡོད་ཁེར་རྐྱང་ལས་མཉམ་འབྲེལ་ལ་ཁེ་ཕན་ཡོད་པ་སྨྲས་མ་དགོས་པ་ཞིག་སྟེ། ལྷག་ཏུ་རང་རེའི་བོད་ལྟ་བུར་མཚོན་ན་བྱུང་རབས་ནང་ཁེར་རྐྱང་ཟུར་སྡོད་ཀྱིས་ད་ལྟ་གྱོང་གུད་ཅི་ཙམ་ཐེབས་མིན། ད་དུང་ཡང་བསབ་མ་ཐུབ་པར་མདུན་དུ་ལྷགས་ཡོད་པ་འདི་དང། ལྷག་དོན་དུས་རབས་གསར་པའི་ནང་མཉམ་སྦྲེལ་ལ་ཅི་ཙམ་ཁ་ཕྱོགས་ཀྱི་ཡོད་མེད་བསྐྱར་ཟློས་དགོས་པ་གང་ཡང་མི་འདུག
༣ སྐད་ཡིག་ལེགས་བྱང་སྣ་མང་ཅན་གྱི་མི་རིགས་མཉམ་འདུས་ཡིན་པའི་རྒྱུ་མཚན་གྱིས་རྒྱལ་ཁབ་ལ་ཆིག་སྒྲིལ་ཡོད་སོང་བ་མ་རེད། གཙོ་བོ་རྒྱལ་ཁྲིམས་དང་འདྲ་མཉམ་ཡིན་མིན་ལ་ཐུག་པ་རེད།་་་་ སྐད་ཡིག་ལེགས་བྱང་སྣ་མང་ཅན་ཡིན་པ་ཙམ་གྱིས་ཡིན་ལུགས་ཡིན་སྟངས་ཅི་ལྟར་དགོས་པ་རེད་དམ། དེ་འདྲའི་སྣ་མང་ཅན་གྱི་ཚད་མཐོའི་རང་སྐྱོང་མང་པོ་ཡོད་ན། དེར་གཞི་རྩ་མི་རིགས་དེ་དག་གི་འདོད་བློ་དང་མཐུན་པའི་ཁྲིམས་ཤིག་ཡོད་པ་ཤེས་མི་ཐུབ་བམ། ཀ་ཁ་ག་ང་ཞེས་བསླབ་དགོས་ཀྱི་འདུག་གམ།
༤ ་སྐམ་སའི་བསྐོར་བའི་བོད་འདི་དངོས་པོའི་ཡར་རྒྱས་ཆེད་གཞན་ལ་མ་བརྟེན་ཐབས་མེད་ཡིན་པ།་་ དེ་བདེན་པ་རེད། ཡིན་ནའང་། ་་་་་རྒྱ་ནག་གཅིག་པོ་ལས་བརྟེན་ས་མེད་སོང་བ་མ་རེད། འཛམ་གླིང་གི་རྒྱབ་ཁབ་ཚང་མར་བརྟེན་ཆོག་གི་རེད།ཟེར། ་་་་བརྟེན་ཆོག་གི་རེད། ཡིན་ནའང། ས་བབས་ཀྱི་ཆ་དང་ད་ལྟའི་གནས་སྟངས་ཀྱི་ཆ། རྒྱ་ནག་གི་མགྱོགས་ལ་མྱུར་བའི་དཔལ་འབྱོར་གྱི་ཆ་བཅས་གསུམ་ནས་གཟིགས་དགོས་པ་མ་གཏོགས། ཁྱེད་མགོན་པོ་ཕྱག་གཉིས་ཀྱིས་མི་འདི་ཚོ་གསུམ་ནས་སུས་ལག་གི་ཚོང་རྫས་ཉོ་ཡི་ཡིན་ནམ་ཞེས་ཕྱོགས་གཉིས་ཀ་རང་རྐྱ་བ་ཞིག་ངོས་ནས་བཤད་ཀྱི་ཡོད་པ་མ་རེད་གདའ།
༥ དགའ་ལྡན་ཕོ་བྲང་གི་མངའ་ཁོངས་ཁྱབ་ཚད་ལ་རྙོག་གླེང་ཡོད་པ།་་ འདི་ནི་ལོ་རྒྱུས་ཤིག་རེད།་་་་རེད་ལོ་རྒྱུས་ཀྱི་དོན་དངོས་ཁས་བླངས་པ་ཡག་པོ་རེད། ཡིན་ནའང། ངས་རང་བཙན་རྩོན་ལེན་ལ་ལོ་རྒྱུས་དགོས་དང་མི་དགོས་ཞེས་བཤད་ཀྱི་མེད། ད་ལྟ་ང་ཚོའི་ཕ་ཡུལ་རྒྱ་ནག་གི་དབང་བསྒྱུར་འོག་ཤོར་ཟིན་པའི་གནས་སྟངས་ཉིན་རེར་ཤི་བའི་ཕྱོགས་སུ་བསྐྱོད་བཞིན་པ་དེ་སྐྱོབ་ཕྱོགས་ཐད། ཐོབ་ཐང་ཞིག་བགྲང་བསྡད་པས་ཡོང་གི་མེད་པ་དེ་གསལ་བཤད་བྱས་པ་ཡིན། ཐོབ་ཐང་བཤད་པས་འགྲིག་གི་ཡོད་ན། དེ་ལས་ལས་སླ་བོ་ཞིག་གང་ན་ཡོད།
༦ ་་ད་ལྟའི་རྒྱ་ནག་གི་སྲིད་དབང་ལ་འཛམ་གླིང་གིས་མ་བརྟེན་ཐབས་མེད་ཡིན་པ།་་ འདི་ནི་བདེན་པ་མ་རེད། ་་་་འདི་བདེན་པ་མིན་ན། མིན་ཚུལ་ཤོད་དང། མཉམ་འབྲེལ་རྒྱལ་ཚོགས་ནས་ཨ་རིའི་ཕོ་བྲང་དཀར་པོ། རྒྱ་གར་གཞུང་དང་གཞུང་གི་སྐྱབས་བཅོལ་ལག་ཁྱེར་ཐོ་འགོད་བྱ་སའི་ལས་ཁུངས་ཚུན་ཆུད་ནས་མ་བརྟེན་ཐབས་མེད་ཡིན་པ། ང་ལྟ་བུའི་སྐྱབས་བཅོལ་བ་ཞིག་མ་གཏོགས་ཁྱེད་རྒྱལ་ཁབ་ཡོད་པའི་མི་སེར་ཞིག་གིས་ཅི་ལྟར་ཤེས།
༧ ་་སྲིད་དབང་ལ་འགྱུར་བ་ཕྱིན་ཡང་རྒྱ་མིའི་བདག་འཛིན་རྒྱལ་གཅེས་གཞོམ་བཤིག་མི་ནུས་པ།་་ འདི་ནི་འུ་ཐུག་པའི་བསམ་ཚུལ་ཞིག་རེད། ་་་་་་་རེད་དམ། རྒྱ་ནག་སྐམ་སའི་རྒྱ་མི་ཕར་ཞོག ཐའེ་ཝན། ཧོང་ཀོང། སོང་ག་པོར། ཐ་ན་དཔའ་རན་华人ཡིན་ཟེར་མཁན་ཚང་མས། ཁྱིམ་ཚང་རྒྱ་བསྐྱེད། མི་རྒྱུད་ཁྱབ་སྤེལ། མངའ་ཁོངས་རྒྱ་བསྐྱེད་ཀྱི་གཏོར་མི་ཐུབ་པའི་བག་ཆགས་དེ་ཁྱེད་ནས་ཁེ་ན་སྒྲ་ནས་མཐོང་གི་མ་རེད། རྒྱ་ནག་གི་མི་རིགས་ལ་ལོ་རྒྱུས་རིང་པོ་ཡོད་ཅེས་ཀུན་པོས་བཤད་པ་འདིའང་མཐར་གཏུག་ན་གོམས་གཤིས་འདིས་བསྐྱེད་པ་རེད་དོ། འདི་ནི་དངོས་ཡོད་རེད། ང་དངོས་ཡོད་སྨྲ་རྒྱུར་དགའ་བ་ལས། ཁྱེད་ལྟར་ཕུགས་བསམ་རིང་ལུགས་པ་ཞིག་ག་ནས་ཡིན། ཧཧཧཧ
༨ ་་བོད་ནང་གི་ཤེས་ལྡན་དོན་གྱི་བདག་པོ་ཚོས་ཀྱང་གཉིས་སྨན་ཐབས་ལམ་མཆོག་ཏུ་བརྩི་བ།་་ སྐད་ཆ་འདི་བདེན་པ་ཡིན་མིན་ཤེས་དཀའ། ་་་་་་ཐེ་ཚོམ་རྩ་བ་ནས་མ་བྱེད་དང་ཆོག་གི་རེད། ༧གོང་ས་མཆོག་དང། སྐུ་སྒེར་ཡིག་ཚང། བཀའ་ཤག་གོང་མ་རྣམས་ལ་བོད་ནང་གི་གནད་ཡོད་ག་ཚོད། ཤེས་ལྡན་པ་ག་ཚོད། བླ་སྤྲུལ་ག་ཚོད་ཀྱིས་ཡིག་ངག་གཉིས་ཀ་ནས་བསམ་ཚུལ་ཕེབས་མིན་མིང་འདོན་རྒྱུར་རང་རེར་ལས་སྐལ་ཕྲ་ཡང། འདི་ནི། མཐར་གཏུག་ན་ཁྱེད་ཉིད་༧གོང་ས་མཆོག་ལ་ཡིད་ཆེས་ཡོད་མེད་ཅིག་ལའང་ཐུག་ཡོད། ཁྱེད་སྒེར་བ་མགོན་ཕྱག་གནད་འགག་ཆེན་པོ་གེ་མ་རེད་མ་གཏོགས། ངས་འདི་ཚོའི་གྲངས་ཀ་འདིར་བཞག་ཆོག་མོད། རྒྱུ་མཚན་གེ་མཐོང་མ་སོང། དགོངས་དག
༩ ་་ བོད་ཕྱི་ནང་གཉིས་ཀྱི་ངོ་བོ་རིག་གནས་དང་བཅས་པ་ནད་པ་ཟུངས་ཟད་ལ་ཛ་དྲག་མྱུར་སྐྱོབ་ཐུབ་པ། ་ ད་བར་དུ་ཛ་དྲག་མྱུར་སྐྱོབས་ག་ཚོད་ཅིག་ཐུབ་སོང་། ་ཟེར།་་་གླེན་ནག་ཞ་ར་ཁྱེད། མང་པོ་མི་བཤད་གཅིག་བཤད། དབུ་མའི་ལམ་གྱི་སྲིད་བྱུས་བཟང་ནས་༡༩༧༩ ནས་གཉེན་འཕྲད་སྒོ་ཕྱེས་ཏེ་བོད་ནང་དུ་བོད་ཀྱི་རིག་གནས་རྒྱུད་འཛིན་བྱ་ཕྱོགས་ཐད་བཙན་བྱོལ་ནས་རླབས་ཆེན་སྲི་ཞུ་ག་ཚོད་སྒྲུབ་མེད་དམ། ཨ་ཨ་ཤི་རེ་གོ མི་འདི་ཚོས་ཅང་མ་ཤེས་ན་།
༡༠ ་་མདོར་ན་རང་གི་ལྗིད་ཁོག་རང་ལ་ངེས་བཞིན་འཚོ་བ་དོན་ཡོད་པར་ཞི་བ་ཉག་ཅིག་གི་ལམ་དུ་བསྐྱོད་བཞིན་འདས་མ་ད་གསུམ་བབ་བརླིང་བརྟན་གསུམ་གྱིས་སྐྱོང་བར་གཡོལ་ཐབས་མེད་ཀྱང། འུར་རྒྱག་པ་དང་དེང་གི་དུས་ཐུང་ཆབ་སྲིད་ཀྱི་ཐབས་ལམ་སྤྱོད་རྒྱུར་དེ་བས་ཀྱང་དང་ག་མེད་་ ཟེར་བ་འདི་མགོ་ཆ་ཚང་ཚོས་མ་སོང་། དེང་གི་དུས་ཐུང་ཆབ་སྲིད་ཀྱི་ཐབས་ལམ་སྤྱོད་རྒྱུ་ཟེར་བ་དེ་མགོ་ཚོས་མ་སོང་།་་་་ཁག་མེད། དེ་ནི་༧གོང་ས་མཆོག་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་སོགས་ཀྱིས་སྐུ་ཚེ་གང་བོར། ཆབ་སྲིད་ཐད་ཕྱག་ལས་གནང་སྐབས་དྲང་བདེན་དང་གཞན་ཕན་ཁོ་ནའི་དུས་བསྐྱལ་བ་དེའི་ལྡོག་ཟླ་སྟེ། ཆབ་སྲིད་པ་ཐབས་ཆག་ཚོས་རང་གི་ཁེ་ཕན་གཏམ་གྲགས་གལ་ཆེར་བརྩི་བའི་འཕྲལ་དང་དུས་ཐུང་གི་ཆབ་སྲིད་རིག་པ་ཐབས་ཆག་དེ་དག་ལ་ཟེར་གྱི་ཡོད་དོ།།
དེ་མིན། ཁྱེད་བཟང་ང་ངན་དང། ངས་ཤེས་ཁྱེད་ཀྱིས་མི་ཤེས་སོགས་ནི་བདག་ལྟ་བུར་རུང་བའི་ཚིག་ཅིག་མིན་གཤིས། སྐྱེ་བ་འདིར་བོད་ཀྱི་ཡི་གེར་ཚིག་དེ་འདྲ་འབྲི་འདོད་མེད་ལ། ཅི་སྐད་མཁས་པ་དགེ་འདུན་རབ་གསལ་ལགས་ཀྱིས་”མི་རྣམས་ནི་རང་རང་རྒྱུས་མངའ་ཡོད་པ་དེ་ལ་མཁས་པ་མིན་ནམ་”ཞེས་གདམ་ངག་གཅིག་ཤེས་ཀུན་གྲོལ་གཅིག་གསུངས་ཡོད་པ་སོགས་ལ་གཞིར་བྱས་ནས། གལ་སྲིད་ཤེས་དང་མ་ཤེས་ཀྱི་རྩོད་པ་ཞིག་སྐབས་འདིར་ཡོད་ན། དེའི་མིང་གི་རྒྱལ་ཁ་མགོན་པོ་ཕྱག་གཉིས་ཁྱེད་ལ་ངས་སྩལ་ནས་མགོན་པོ་ཕྱག་བཞི་བར་མངའ་གསོལ་བ་ཡིན་ནོ།།།
ཤར་ཁུག་ལགས།
ཁྱེད་རྣམ་པས་དབུ་མའི་ལམ་དེ་རང་བཙན་གྱི་ལམ་ལས་ཅུང་མྱུར་ཁུལ་གྱིས་རྒྱ་ནག་
གཞུང་ལ་མགོ་འབུལ་ལུས་འབུལ་ཇི་ཙམ་བྱས་ཀྱང་རྒྱ་ནག་གཞུང་གིས་སྔ་ཕྱི་བར་
གསུམ་དུ་དབྱེ་འབྱེད་མེད་པར། དགོས་པ་དང་རྒྱུ་མཚན་ངེས་ཅན་ཞིག་གི་ཐོག་ནས་ཆེད་དུ་གཉེར་བའི་ངང་ཉ་ཉུང་མཉམ་བསྲེས་བྱས་པ་དེར་ཁྱེད་ད་དུང་མགོ་བོ་རྨོངས་ནས་བཞུགས་ཡོད་དམ། ཡང་ན་གང་ཡིན་ནམ། ད་ཆའི་རྒྱ་ནག་གཞུང་གི་ངོས་ནས་བཤད་ན་ཁྱེད་ཚོ་དབུ་མའི་ལམ་གྱི་མི་མང་ལས་
འགུལ་བ་ཚང་མས་རྒྱ་མིའི་རྒྱལ་དར་འཁྱེར་ཏེ་ལོག་ཕྱིན་ནའང་གླིང་ཚའི་མཇུག་འབྲས་ཇི་བཞིན་ཡིན་པས།
དེ་ལས་རྒྱ་མིས་འཚོལ་བཞིན་པའི་དཔང་རྟགས་རྣམས་རང་འགུལ་གྱིས་དྲ་ནང་དུ་མ་སྤེལ་
བར་ང་ཚོ་བོད་མིར་འཁྲི་བའི་ལས་འགན། ལོ་རྒྱུས་ཐོག་གི་ཡུན་རིང་རང་བཙན་གཙང་མར་གནས་མྱོང་བའི་གནས་སྐབས་ཀྱི་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་རང་བཙན་ཁུངས་སྐྱེལ་ར་སྤྲོད་བྱེད་དགོས།
དེ་མིན་མ་དྲང་དྲང་མདོག་གིས་སྒོ་ནས་ཡ་རབ་བཟང་སྤྱོད་ཡིན་བརྫུའི་ཅོལ་ཆུང་གི་གཏམ་འཆལ་དེ་རིགས་མ་སྤེལ་ན་བོད་རྒྱལ་ཁབ་དང་མི་རིགས་ཀྱི་མ་འོངས་པའི་འོད་སྟོང་ཅན་གྱི་
མདུན་ལམ་ལ་ཤིན་ཏུ་ཕན་པ་ཡིན་ཏེ།།
བླུན་པོ་སྨྲ་བ་ཉུང་ན་བསྟན་པ་ལ་ཕན་རླབས་ཆེ་བའོ་ཞེས་པ་དོན་ལ་གནས་པའི་
གདམས་ངག་གི་མཆོག་ཡིན་པའི་ཕྱིར།
ཁ་བརྡའི་མཆན་པ་ཡག་པོ་སྣྲོན་ངག་ཁྲིར་ལན་འདེབས་པ་ནི་ཁོ་བོས་དོན་ཡོད་པར་མཐོང་བས། ཅུང་ཙམ་སྤྲོས་ན།
རྒྱ་ནག་གཞུང་ལ་མགོ་འབུལ་ལུས་འབུལ་ཇི་ཙམ་བྱས་ཀྱང་་་་་་ཟེར་བ་འདི་དོན་དངོས་མ་རེད། ཅི་ཙམ་མི་མང་གིས་རང་དབང་ཐོག་རང་གི་འཚོ་གནས་འཆའ་ཕྱོགས་ཀྱི་ལམ་བུ་གདམ་ཁ་བྱས་པ་དེ་སྲིད་དུ་མི་མང་གི་མངོན་འདོད་ལ་གུས་བརྩི་སྲི་ཞུ་སྒྲུབ་པ་ནི་མང་གཙོའི་འགྲོ་ལུགས་ཙམ་དུ་མ་ཟད། ཡ་རབས་བཟད་སྤྱོད་ཀྱང་རེད། དེ་ལ་རང་གི་འདོད་ཚུལ་དང་མཐུན་མ་མཐུན་གྱིས་ཚོར་བའི་ཚིག་ཐལ་ན་འོས་འཚམས་སུ་མ་མཐོང།
རྒྱ་ནག་གཞུང་གིས་སྔ་ཕྱི་བར་གསུམ་དུ་དབྱེ་འབྱེད་མེད་པར། དགོས་པ་དང་རྒྱུ་མཚན་ངེས་ཅན་ཞིག་གི་ཐོག་ནས་ཆེད་དུ་གཉེར་བའི་ངང་ཉ་ཉུང་མཉམ་བསྲེས་བྱས་པ་དེར་ཁྱེད་ད་དུང་མགོ་བོ་རྨོངས་ནས་བཞུགས་ཡོད་དམ། ་་་་་་ཞེས་པར་ཁྱོན་ནས་མགོ་རྨོངས་མེད། ང་ཚོས་དེ་བས་ཀྱང་རྒྱ་ནག་གཞུང་གིས་དབྱེ་འབྱེད་དང་ཉ་ཉུང་མཉམ་བསྲེས་བྱེད་པར་རང་གཞན་ཕྱོགས་གཉིས་ཀྱིས་ཅི་ལྟར་ཁ་གཏད་གཅོག་དགོས་པ་དང། དོགས་པ་སེལ་དགོས་པ། མདུན་དུ་བསྐྱོད་ཐབས་བཅས་སུ་གསེད་དཀྲོལ་བྱེད་ཀྱི་ཡོད། དེས་ཆ་ནས་རང་རང་གི་ཆབ་སྲིད་ཀྱི་ལྟ་གྲུབ་དང་མཐུན་པའི་ལས་འགུལ་སྤེལ་ཕྱོགས་ཀྱི་ས་མཚམས་གཙང་མར་འབྱེད་དགོས་པ་ཤུགས་སྣོན་རྒྱག་གི་ཡོད། འདི་ནི། འཇིག་རྟེན་ཧྲིལ་བོའི་སྟེང་གི་མངོན་འདོད་གང་ཡིན་ལག་ལེན་སྟེང་སྒྲུབ་ཐུབ་ཀྱི་རིགས་པ་ཚད་ལྡན་ཞིག་ཡིན་པར་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།
ཡང་་་་རྒྱ་མིས་འཚོལ་བཞིན་པའི་དཔང་རྟགས་རྣམས་རང་འགུལ་གྱིས་དྲ་ནང་དུ་མ་སྤེལ་བར་ང་ཚོ་བོད་མིར་འཁྲི་བའི་ལས་འགན། ལོ་རྒྱུས་ཐོག་གི་ཡུན་རིང་རང་བཙན་གཙང་མར་གནས་མྱོང་བའི་གནས་སྐབས་ཀྱི་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་རང་བཙན་ཁུངས་སྐྱེལ་ར་སྤྲོད་བྱེད་དགོས།་་་་་་་་ཅེས་བཤད་པར། རྒྱ་མིར་དགོས་པའི་དཔང་རྟགས་ཅི་གང་འདོན་གྱི་ཡོད་པ་མ་རེད་ལ། བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་གསལ་འགྲེལ་བྱས་ཟིན་པས། ད་དུང་ལོ་རྒྱུས་ཀྱི་གནས་བབ་བསྐྱར་ཟློས་བྱེད་པའི་དགོས་པ་མཐོང་གི་མེད་ལ། བོད་ཀྱི་རྩ་དོན་འཐབ་རྩོད་ནང་ལོ་རྒྱུས་གསལ་འགྲེལ་གྱི་རིམ་པ་ད་ནི་མཇུག་རྫོགས་ཟིན་པར་ངོས་འཛིན་བྱེད་ཀྱི་ཡོད།
ལམ་དབུ་མའི་རྩ་དོན་གསུམ་སྟེ། བྱུང་རབས་ལ་འགྱུར་བ་མི་གཏོང་བ། ཆོལ་གསུམ་ཆིག་སྒྲིལ། འཚེ་མེད་ཞི་བ་བཅས་ནི་ལོ་རྒྱུས་དང་ཐོབ་ཐང་གི་ངོས་ན་ཡོད་པའི་གནས་བབ་མཐར་ཕྱིན་པ་གསལ་འགྲེལ་ཟིན་པའི་རྗེས་ཀྱི་རྩ་དོན་ལངས་ཕྱོགས་ཀྱི་གཞི་རྟེན་དུ་གཏན་འཁེལ་བྱས་པ་ཞིག་ཡིན་པས། ངས་བལྟས་ན་ཁྱེད་ད་དུང་ལོ་རབས ༦༠ ། ༧༠ གླེང་སློང་ནང་ཟགས་བསྡད་འདུག་བསམས་པས། སྨྲ་བ་ཉུང་ན་མཛེས་པའི་གདགས་གཞི་དེ་ཁྱེད་ཀྱིས་དང་བླངས་ངང་རང་སྟེང་དུ་བླངས་ནས་ཕྱིར་བསྟན་འདུག་ལགས།། ཚིག་རྣོ་བ་དང་དོན་ཟབ་ན་དགོངས་འགལ་མེད་པ་ཞུ།
མཁྱེན་ཡངས་ཤར་ཁུག་མཚན་ཅན་ལགས།
ཁྱེད་ཀྱིས་གསུངས་པའི་ནང་ཚིག་རྣོ་བ་དང་དོན་ཟབ་པ་གང་ཡང་མཐོང་མ་སོང་བས་བསམ་བློར་གཡོ་འགུལ་ཐེབ་དཀའ།
ཁོ་བོས་གོང་དུ་བརྗོད་དོན་ནི། རྒྱ་ནག་གཞུང་གིས་དབུ་མའི་ལམ་དང་རང་བཙན་གྱི་ལྟ་བ་གཉིས་སོ་སོ་ཡིན་པ་ཁྱེད་
ཀྱིས་མ་མཁྱེན་སྔོན་ནས་གསལ་ཐག་ཆོད་ཤེས་ཡོད་ན་ཡང་། ཉ་ཉུང་མཉམ་བསྲེས་བྱེད་པ་འདི་ཁོང་ཚོའི་ལོ་མང་རིང་བསགས་པའི་ཉམས་མྱོང་གི་
ཐོག་ནས་ལམ་ལོང་བྱུང་བའི་གཞི་རྩའི་སྲིད་ཇུས་ཤིག་ཡིན་པས། ཁྱེད་ཀྱིས་ཉིན་མཚན་སྦྲེལ་ཏེ་འབྲེལ་བཤད་རྒྱབ་ཀྱང་གསེད་དཀྲོལ་གནང་ནའང་ངལ་བ་
འབྲས་མེད་དང་། ཕྱི་ཚུལ་གྱི་རྣམ་པ་སྟོན་བྱེད་ཙམ་ལས་དོན་ཕན་ལྡན་པའི་འབྲས་བུ་མེད་པའི་ཁར་རང་རེ་
ནང་ཁུལ་འཁོན་འཛིན་སློང་བའི་རྒྱུ་རྐྱེན་ཙམ་དུ་ཟད་པས། ང་ཚོའི་མངོན་འདོད་སྒྲུབ་བྱེད་ཀྱི་མ་རྩ་ངོ་མ་ནི་། རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་དགའ་ལྡན་ཕོ་བྲང་བར་བྱུང་རབས་ཀྱི་རང་བཙན་གཙང་མ་དེ་དང་། ཁྲིམས་འགལ་གྱིས་བཙན་གནོན་འོག་བཞག་པའི་འཆིང་ཡིག་དོན་ཚན་བཅུ་བདུན་པོ་དེ་དག་ཡིན་པ་ལས། ད་ལྟའི་གནས་སྐབས་ཀྱི་མི་རིགས་སྲིད་ཇུས་ཙམ་པོ་བ་དང་། ལས་འགུལ་གྱི་ས་མཚམས་གསལ་པོ་བཟོ་ཆེད་རྒྱ་མིའི་རྒྱལ་དར་སྐར་ལྔ་ཅན་གྱི་ཁྲག་གི་རྒྱ་མཚོའི་ཁ་དོག་དེས་བར་དུ་བཅད་ནས་འཛམ་གླིང་རྒྱལ་སྤྱིའི་མཁའ་དབྱིངས་སུ་བསྒྲེངས་རྒྱུ་དེ་མ་རེད་སྙམ། ལར་ནས་རྒྱ་མིའི་འཆར་གཞི་ནི་བོད་པར་མགོ་སྐོར་བླུ་བྲིད་བཏང་ནས་ཡིན་ཙམ་མིན་
ཙམ་བཤད་ནས་དོན་དངོས་ཐོག་བོད་རང་བཙན་གྱི་ལྟ་བའི་ནུས་པ་ཡལ་དུ་འཇུག་རྒྱུ་དེ་
ཡིན་པ་གསལ་པོ་ཞེ་དྲགས་རེད། དེར་བརྟེན་ང་ཚོས་ཆེ་སར་རེ་བ་རྒྱབ་ན་ཆུང་བ་དེ་
འབད་པ་ཆུང་ངུས་ཞར་བྱུང་གི་ཚུལ་དུ་ཡོང་ངེས་ཡིན་པ་མཁྱེན་དགོས་པ་ཡིན་པས།
ཐོག་མ་ཉིད་ནས་མི་ཡག་ཡག་མདོག་གིས་རང་གི་མངོན་འདོད་ཇེ་ཆུང་དུ་གཏོང་མི་ཉན། གལ་ཏེ་དེ་ལྟར་ན་རྒྱ་གཞུང་ནས་ཀྱང་ཚོད་སྒམ་ཆེན་པོས་ད་ཆ་མི་ལོ་དྲུག་ཅུའི་རིང་
མངོན་འདོད་དེ་ཙམ་དཔའ་གཞོམ་ཟིན་ན། ད་དུང་ལོ་མང་བོད་དོན་ལ་བཟུང་བའི་སྲིད་ཇུས་རྒྱལ་ཁ་ཅན་དེ་མུ་མཐུད་མཁྲེགས་འཛིན་བྱས་
ན། མཐར་ཕྱི་ནང་གི་བོད་པ་དེ་ཚོ་ཙི་ཙིས་ཞི་མི་མཐོང་བ་ལྟར་དཔའ་ཉམས་ནས་
ལས་འགུལ་སྤེལ་རྒྱུ་ཕར་བཞག གཞི་རྩའི་ཐོབ་ཐང་ཡང་མིང་གི་ལྷག་མར་འགྱུར་
ངེས་སྙམ་ནས་སྤོབས་པ་ཇེ་མཐོར་འགྲོ་བ་ཆོས་ཉིད་ཡིན་ནོ།
གྲ་སྒྲིག་བཟང་ས་དང་རེ་བ་སྡུག་ས་ཞེས་པ་གཉིས་ཀར་བསམ་བློ་གཏོང་དགོས།
ད་ཆ་ནས་ཚང་མ་བློས་བཏང་ན་ནམ་ཞིག་འགྱོད་པའི་གླིང་དུ་སླེབས་མི་སྲིད་པ་མ་རེད།
རྒྱ་ནག་གཞུང་གིས་ཧམ་པ་རི་ཙམ་བཤད་ན་བདེན་པ་གཡག་ཙམ་འཐོབ་རེ་བཅངས་ནས་ད་བར་འཛམ་གླིང་གི་གྲོས་ཆོད་མང་པོ་རྩིས་མེད་བཏང་ཟིན་པས། ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་སྔ་བལྟས་ཕྱི་བལྟས་བྱེད་དགོས་པ་ལས།
གྲྭ་པར་མནའ་མ་བླངས་པ་ནང་བཞིན་བྱེད་མི་ཉན།
ཨ་གསར་རྟ་ལས་མགྱོགས་པ་དང་།
མཇུག་མ་ལུག་ལས་ཐུང་བ་ནི་བོད་པའི་གཏམ་དཔེ་བེད་སྤྱོད་ཆེ་ཤོས་ཤིག་ཡིན་ན། དེའི་རྗེས་སུ་ཞབས་སོར་མི་འཁོད་པའི་རེ་བ་ནན་མོ་ཞུ་བཞིན་ཡོད།
གཅིག་བྱས་ན། ཁྱེད་རྣམ་པར་ལྟོས་ན་ཨ་གསར་ཡིན་རྒྱུ་མ་རེད་མོད། ང་ཚོ་དགའ་ལྡན་ཕོ་བྲང་གི་མི་ཁུངས་ཀྱི་ངོས་ནས་བཤད་ན། དེ་ལྟར་རི་བོང་ཅལ་འདྲོགས་བྱས་ནས་ཧོལ་རྒྱུག་བྱེད་པ་ནི་ཨ་གསར་ཚ་པོ་ཞིག་ཏུ་མངོན་ཏེ། རྒྱ་ནག་གི་བཙན་འཛུལ་གྱི་འོག་ཏུ་དུས་ཡུན་དེ་ཙམ་མ་སོང་བའི་ཕྱིར་རོ།
གོང་དུ་སྣྲོན་ངག་ཁྲི་ལགས་ཀྱིས་དོན་ལྡན་ཁུངས་ལུང་ཡོད་པའི་དབྱེ་ཞིབ་ཀྱི་བཀའ་མོལ་གནང་བཞིན་འདུག་པར་ཡི་རང་ཚད་མེད་ཞུ་རྒྱུ་ཡིན།
ང་ཚོས་བརྒྱ་བཤད་སྟོད་བཤད་བྱས་ཀྱང་བོད་མི་རིགས་ཀྱི་བདེན་པའི་ལོ་རྒྱུས་ཀྱི་རི་མོ་བསུབ་ཏུ་མེད་པ་འདི་རྩ་དོན་དུ་བཟུང་དགོས་རྒྱུ་ནི་གནད་ཀྱི་དམ་པ་ཡིན་སྙམ།
དེ་ལས་ཆབ་སྲིད་ཡིག་རྨོངས་ཀྱི་བོད་མིའི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཁ་ཕོ་ཆེ་མདོག་གིས་དོན་མེད་དཀྲོག་གཏམ་གྱི་གླེང་གཞི་རེ་འཁྱེར་ནས་དུས་ཚོད་འཕྲོག་བརླག་གཏོང་བ་ནི་ཅོལ་ཆུང་ཁོ་ན་ལས་མ་འདས། མདོར་ན། ད་བར་ང་ཚོས་རྒྱ་གཞུང་ལ་འཕུལ་དགོས་པ་ཆ་ཚང་འབུལ་ཟིན་པས་བསམ་བློ་གཉིས་པ་ཞིག་གཏོང་རྒྱུ་བྲལ་བས། གཅིག་སྒྲིལ་གྱིས་གནས་སྐབས་ཀྱི་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་རང་བཙན་སླར་གསོ་བྱ་རྒྱུ་ཧ་ཅང་གལ་ཆེ་བ་ནི་སྣང་བར་མི་འགྲོ་ནའང་དོན་ཡོད་རེད།