ཀླུ་སྨྱོན།
ནམ་མཁའ་སྔོ་ཞིང་ཉི་འོད་ས་ལ་ཟགས། །
བྱ་བྱེའུའི་སྐད་ཅོར་རྨི་ལམ་ཀློང་ནས་ཐོས། །
བསིལ་རླུང་ཁྲོད་དུ་མཛེས་མའི་ལུས་དྲི་མཆེད། །
སྤྲིན་པ་རབ་རིབ་རི་བོའི་ཐོད་དུ་ལྷུང་། །
གྲོང་གསེབ་ཐར་ཐོར་བྱ་ཕོའི་གླུ་དབྱངས་ཁྱབ། །
བ་ལང་བག་ཡངས་ཞིང་ཚིགས་བར་དུ་རྒྱུ། །
འབྲས་ཞིང་སྙེ་མའི་མགོ་བོ་ལྕི་ཞིང་ལྡེམ། །
མགོ་དཀྲིས་ལྗང་སེར་མཐོང་ཙམ་ཡལ་ཙམ་བྱེད། །
རྒྱུགས་ཆུ་ཕྲ་མོའི་འོད་ཀྱིས་མིག་ཀྱང་ཟུམ། །
འདམ་རྩྭ་རིང་པོའི་གཞུང་རྟ་སྦོམ་ཞིང་མཉེན། །
སྦལ་བའི་ཕྲུ་གུ་ཁྱུ་གཅིག་ན་འདམ་སྙེག །
ངང་པ་རེ་ཟུང་རི་མོར་བྲིས་བཞིན་སྡོད། །
ལྗོན་པའི་བསིལ་གྲིབ་རྒན་རྒོན་མིག་མངས་རྩེད། །
མཐའ་སྐོར་བྱིས་པའི་ངོ་གདོང་དྲེགས་པས་འཚོས། །
ཁྱི་ཕྲུག་ཆུང་ཆུང་ངལ་མེད་འགྲེ་ལྡོག་བྱེད། །
ཉི་འོད་ཚ་བས་འདབ་ཆགས་གཉིད་དུ་ཡུར། །
སྒེག་མོའི་ཁྲུས་རས་ལྗོན་པའི་ཡལ་གར་དཔྱངས། །
མཛེས་པའི་ལུས་པོ་ཆུ་ནང་ཕྱེད་ཙམ་མངོན། །
ནུ་འབུར་སེན་རྗེས་དམར་པོས་ཡོངས་སུ་ཁེངས། །
སྐྲ་ལོ་ཉི་འོད་འབར་བས་གདོང་ཕྱེད་བཀབ། །
མེ་ཏོག་དམར་པོ་ཆུ་མོའི་གཞུང་དུ་ཁྱེར། །
ཕ་བོང་ཆུང་ཆུང་དག་ལ་གཡས་སྐོར་བྱེད། །
རྒྱང་རིང་རི་བོའི་ཕག་ནས་དུ་ཞགས་མཆེད། །
ཉི་དམར་ནུབ་མཁར་སྤྲིན་གྱི་རྒྱ་མཚོར་ལྷུང་། །
མཛེས་སྡུག་སྤྲིན་གྱི་རི་མོ་ཐོད་དུ་བབས།། ལས་བསྐོས་ལམ་གྱི་རྡོག་ཐོ་ས་ལ་ཕབ།། སྙིང་ཆུང་སྙིང་གི་གཏམ་རྒྱུད་དམར་པོ་ཞིག། དམར་པོ་རི་བོའི་འདབས་ནས་དབྱངས་ལ་བཏེགས།།
ངོ་མ་ཨ་ཁུ་ཀླུ་སྨྱོན་གྱིས་སྙན་ངག་འབྲི་གི ཀླུ་སྨྱོན་གྱི་རྩོམ་ཡིག་ཅིག་མཐོང་ཚེ་གཅིག་ཀྱང་འཇོག་གི་མེད།
སྙན་ངག་འདིས་ང་ལ་དངོས་གཟུགས་ཀྱི་མཛེས་ལྗོངས་ཞིག་སེམས་ལ་ཤར་སོང་།
རྒྱའི་ཆུ་ངོགས་གཏམ་རྒྱུད་ཟེར་པ་དེ་ཡང་དྲན་དུ་བཅུག
འདི་ནི་རྒྱའི་གནའ་བོའི་སྙན་ངག་གི་རྩོམ་སྟངས་དང་ཧ་ཅང་འདྲ། ཨ་ཁུ་ཀླུ་སྨྱོན་འདི་ངོ་མ་སྙན་ངག་མཁན་རེད་འདུག རྩོམ་ལུགས་གང་ཞིག་ལ་སྙན་ངག་འབྲི་དགོས་བྱུང་ནའང་ངོ་མ་ཐོགས་རྡུགས་གང་ཡང་མི་འདུག ངས་ཁྱོད་ལ་བོད་ཀྱི་ནག་མོ་ཁོལ་ཞེས་འབོད་ན་འདོད།
ཁྱེད་གསུང་ངག་གི་དབང་ཕྱུག་ཏེ།
དགེ་འདུན་ཆོས་དང་དོན་གྲུབ་རྒྱལ།
དེ་བཞིན་ཐེ་ཀོར་ལྟ་བུས་ལས།
དོ་ཟླ་མེད་པ་ཁ་བརྡས་ཤེས།
ཡང་ནས་ཡང་དུ་བཀླགས་པའི་མོད།
རང་གི་བློ་སྒོ་རབ་ཏུ་ཕྱེ།
སྟོད་ཀྱི་ངག་ལ་དབང་ཡང་ཐོབ།
སྨད་ཀྱི་མཇེ་ལ་ཆུ་ཡང་འཛར།
འདི་འདྲའི་སྙན་ངག་ངོ་མ་ལེགས།
དབང་ཕྱུག་ཆེན་པོའི་བྱིན་རླབས་ཨེ།
དབྱངས་ཅན་མ་ཡི་རེག་པ་འམ།
ཨ་ཁུ་ཀླུ་སྨྱོན་ཁ་སྟེར་ཡིན།
གྲོང་གསེབ་ཐར་ཐོར་བྱ་ཕོའི་གླུ་དབྱངས་ཁྱབ།
བ་ལང་བག་ཡངས་ཞིང་ཚིགས་བར་དུ་རྒྱུ།
འབྲས་ཞིང་སྙེ་མའི་མགོ་བོ་ལྕི་ཞིང་ལྡེམ། །
མགོ་དཀྲིས་ལྗང་སེར་མཐོང་ཙམ་ཡལ་ཙམ་བྱེད།།
གོང་གསལ་གྲོང་གསེབ་བསྔགས་པའི་སྙན་དངགས་ཚིག
ཁོ་བོ་བྱིས་པའི་སྐབས་ཀྱི་རང་ཉིད་ཀྱི།
གྲོང་གསེབ་དེ་ཡི་བསྔགས་བརྗོད་དངོས་སུ་འདུག
ཀླུ་སྨྱོན་དེ་རུ་སྐྱེ་བ་བླངས་སོ་སྙམ།།
ཨ་རིའི་གྲོང་ཁྱེར་ནེཝ་ཡོརྐ་ཟེར་བ་ན།
བྱ་ཕོ་དངོས་མ་མེད་ཀྱང་བྱ་གཟུགས་སུ།
བྱ་ཕོའི་སྒྲ་བླུགས་བཙིར་ན་བྱ་སྐད་འདོན།
འཕྲུལ་འཁོར་ལ་བརྟེན་ཛམ་གླིང་སྐྱེ་བོ་འདུ།།
དིང་སང་བྱ་ཕོ་དག་གི་སྒྲ་དངོས་མ།
ཡང་དང་ཡང་དུ་ཐོས་པས་གཉིད་སད་ཅིང་།
གྲོང་ཁྱེར་རླངས་འཁོར་སོགས་ཀྱི་སྒྲ་ཡང་ཉུང་།
ཁང་པ་འོད་གསལ་ཤིང་ཏོག་མང་དུ་ཟའོ།།
ཆུ་ངོག་གཏམ་རྒྱུད་ནང་གི་སྙན་ངག་དང་ཤིན་ཏུ་འདྲ ངོ་མ་སྙན་པོ་བྱུང་།
ཤིན་ཏུ་སྙན་ནོ་ཀླུ་སྨྱོན་རྩོམ་ཡིག་སྙན། དེས་ངེད་གཟུར་གནས་ཀློག་པ་པོ་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག མུ་མཐུད་ཁ་སྐད་དང་མ་འབྲེལ་བའི་རྩོམ་ཡིག་དེ་ལྟར་དལ་འགྲོའི་རྒྱུན་བཞིན་རྩོམ་རོགས།།
སྨྱོན་པས་ངའི་ཕ་ཡུལ་གྱི་མཛེས་ལྗོངས་དང་ངས་བརྒྱུད་མྱོང་བའི་ཚོར་བ་དད་གཟུགས་བརྙན་ལ་བརྐོས་པ་ནང་བཞིན་བྲིས་འདུག ཨ་ཨ། སྙན་ངག་པ་ཟེར་ན་སྨྱོན་པ་དེ་རེད་འདུག བོད་ཡིག་ལ་དབང་ཐོབ་པ་ཟེར་ན་ཨ་རིའི་ཀློ་པ་དེ་རེད་ཤག ཨའོ་ནོར་ཞག ཀླུ་པ་རེད། ་
རིག་པ་མདའ་མོ་མྱུར་བ་ནམ་མཁའ་ཐོག།
སྙན་པ་ངག་ལ་དབང་འབྱོར་དབྱངས་ཅན་དངོས།།
ཚོར་འདུ་གསོན་པོའི་ཡིད་ཀྱི་འགྱུར་བ་ཞིག།
མ་བཅོས་མ་འགག་དལ་གྱིས་བྱོ་བ་འདི།།
ནག་མོ་ཁོལ་བུ་དངོས་སུ་བྱོན་པ་འདྲ།
ཡང་རིན་པོ་ཆེ་སྨྱོན་པ་དེ་སྙན་པོ་ཞིག་བྲིས་འདུག འདིས་ཡུལ་ལྗོངས་ཞིག་ལ་རྒྱང་ལྟ་བྱེད་བཞིན་པའི་སྣང་བ་ཞིག་བསྟར། འོན་ཀྱང་་་་ནུ་འབུར་སེན་རྗེས་དམར་པོས་ཡོངས་སུ་ཁེངས། ཟེར་བའི་རྐང་པ་འདིས་རྒྱུགས་ཆུ་ཆུང་ཆུང་ཞིག་གི་འགྲམ་དུ་ལངས་ནས་མཛེས་མའི་ནུ་འབུར་བཞིན་པའི་ཚོར་བ་ཞིག་སྦྱིན་འོང་། གང་ལྟར་ཀློག་སྤྲོ་ལ་ཉན་དགའ་བ་ཅིག་འདུག། །།