པད་མ་ཆོས་སྒྲོན།
༼རྒྱ་དམག་བོད་ལ་ལྷགས་སྐབས༽
ཆེམ་ཆེམ་འོད་ཀྱི་སྒྲོན་མེ་སྣང་བ་དེ་
རྔམ་གནག་རླུང་གིས་འཇོམས་པ་
ཐེངས་གཅིག་ག་ལ་ཡིན་
ལང་ལོང་བསང་དུད་སྔོན་མོའང་
ཐལ་རྡུལ་ངོ་བོར་ཡོངས་སུ་དྭངས་པའི་དུས་
མཆོད་དོ་གསོལ་ལོ་ཡི་ཞབས་ཏོག་ཁྲོད་ནས་
བདག་ཅག་གི་ལྷ་སྲུང་མཐུ་བོ་ཆེ་རྣམས་
གཏུ་མུག་གི་མགྲོན་ཏུ
མངོན་པར་གཤེགས་ཟིན་པ་བདེན་ན་
མགོན་མེད་སྐྱབས་མེད་དུ་ལྷག་པའི་ཚོ་ཁག་སྟེ་
སུ་ཞིག་གིས་བསྐྱུར་པའི་དྭ་ཕྲུག་གི་ཁྱུ་ཚོགས་ཡིན་ནམ་
༼ ཆུ་སྒང་ཡུལ་དམག་ལངས་བ ༽
དཔའ་བོའི་ཁྲག་དྲོན་ཆུ་བཞིའི་བཞུར་རྒྱུན་ལ་དྲངས་ནའང་
རི་བོ་སྒང་དྲུག་ལྗོངས་སུ་གྲོག་ཚང་བཞིན་རྡོལ་བའི་ཐན་དམག་
ཟློག་སྐལ་མ་བྱུང་མོད་ འོན་ཀྱང་
ཕམ་ཡང་རྒྱལ་བའི་སྣང་བ་སྟེ
གྱི་ལིང་གྱོ་རྒྱའི་འཚེར་སྐད་ཀྱིས་
སྒོ་སྒོ་འབྲོ་མོའི་བཞོ་དབྱངས་དཀྲོགས་པ་ནི་
ངེད་གདོང་དམར་བུ་མོའི་ཁྲེལ་གྱི་གཉེན་ལས་ཅི་
༼ རིག་གནས་གསར་བརྗེ་ཆེན་མོ ༽
བླ་མས་བླ་མར་འཐབ་རྩོད་བརྒྱབས
རྒན་མས་རྒད་པོར་གྲལ་རིམ་བརྩད་
དེ་ལྟར་
ཆོས་ཉིད་ཁ་བསྒྱུར་གྱི་ཁ་ཏོག་ལ་ངེས་གཏན་མེད་ན་
ལས་འབྲས་ཀྱི་འཁོར་ཞགས་ཀྱང་དེ་ཙམ་ཞིག་སྟེ
དེ་དུས་་་
སློབ་ཆུང་སློབ་མ་ཡན་ཆད་ཀྱང་
དུས་ལོག་མངོན་དུ་བསུ་ལ་ཕྱོགས་པ་
ཅི་ཞིག་གི་རྣམ་སྨིན་ཡིན་ནམ་
༼ སྟོང་ལོ་བརྒྱད་པའི་བཙན་རྒོལ ༽
གསུམ་བཅུ་ བཞིའི་ གོད་ཆག་ཐོད་དུ་ལྷུང་ཉིན་
འུ་ཚང་གི་མནའ་མས་ཀྱང་
མཆན་གྱི་བུ་ལོ་སྒྱུག་པོར་བཅོལ་ཞིང་
ནང་ལས་ཙག་ཙིག་སྒྱུག་མོར་བཞག་སྟེ་
སྐལ་བའི་གནམ་ས་གོ་འབྱེད་ཀྱི་གཡུལ་སར་
ཕོ་རེས་འགྱེལ་ན་མོ་རེས་ལངས་པའི་བདེན་དཔང་གྱིས་པ་
སུ་ཞིག་གིས་བཏོད་པའི་ལམ་ཆེན་ཡིན་ནམ་
༼ མེ་རུ་འབར་བའི་ལེའུ ༽
དྲི་བ་ཡོངས་རྫོགས་ཀྱི་ལན་ནི་འཆི་ཕོད་པ་དེ་ཡིན་ན་
སྙིང་སྟོབས་ལ་ཚད་མེད་ཀྱང་
མེར་བསྲེགས་གྲངས་ཀར་འཕོས་ཚེ་
ལ་རྒྱའི་ཞལ་ཆེམས་
ས་ནག་པོའི་མཆིན་པར་བཀོད་པའང་འཆིག་སོང་བ་མིན་ལོས་ཆེ
འདི་ནི་དྲི་བའི་དྲི་བ་ཡིན་ཡང་སྲིད་
མ་གཞི་འགྲོ་མཁན་ལྷན་རྒྱས་ཀྱིས་
རིགས་ཀྱི་ཁྲེལ་གཞུང་གཙང་བོའི་བཞུར་རྒྱུན་ལ་སྲིངས་ཤིང་
འཛད་མེད་ཀྱི་བརྩེ་བའང་
དུས་ད་ནས་བཟུང་་་་་
རྔམ་མཐུག་པའི་མུན་ནག་གི་ཁ་གཏད་དུ་
ཆུ་མོ་ཟློག་བཞུར་གྱི་གནས་ལུགས་མེད་ངེས་ན་
ང་ཚོའང་མེ་ཡི་འབར་སྐལ་མ་ཡིན་ནམ་
དེ་རིང་ཡང་ འདམ་གཞུང་ནས་མེ་ལྕེ་མཆེད་སོང་
ཚིག་རྩ་དམ་པོ་འདུག
གོ་རིམ་གསལ་བོ་འདུག
སེམས་ཤུགས་ཚ་བོ་འདུག
བཞེགས་ཕྱོགས་བརྟན་པོ་འདུག
བུ་མོ་ངར་མ་རེད།
འདི་སྙན་ངག་ཡིན་ན། ངའི་གད་སྙིགས་ཚང་མ་ཁ་བརྡ་དྲ་བར་བསྐུར་བ་ཡིན་ན་མ་འགྲིག་པ་མི་འདུག
འདི་ཡང་མི་ཞིག་ཕྲག་དོག་གིས་མེ་འབར་འགྲོ་འདུག།