བོད་ཡིག་གི་བདག་པོ་ངོ་མ་དེ་བོད་རིགས་ཚོ་ཡིན་ཟེར་ན་སུས་ཀྱང་དེ་ལ་བདེན་ཁ་སྤྲོད་ངེས་ལ། དོན་ལ་ཡང་དེ་ལྟར་རེད། ཡིན་ན་ཡང་། བསམ་བློ་ཞིབ་མོ་ཞིག་བཏང་ན། བོད་ཡིག་བོད་སྐད་མི་ཤེས་པའི་བོད་རིགས་དེ་ཚོར་”བོད་ཡིག་གི་བདག་པོ་ཡིན་”ཟེར་བའི་སྤོབས་པ་ཡང་ཡོད་རྒྱུ་མ་རེད་ལ། དོན་ལ་ཡང་དེའི་རིགས་ལ་ཁྲིམས་ལུགས་དང་ཀུན་སྤྱོད་གང་ནས་བལྟས་ཀྱང་”བདག་དབང་”གླེང་བའི་ཐོབ་ཐང་ཡོད་མི་སྲིད། སྐད་ཆ་འདིའི་གླེང་སློང་དོན་ནི་་་་་དེང་སྐབས་བོད་སྐད་བོད་ཡིག་མ་སྦྱངས་པར་བོད་སྐད་བོད་ཡིག་ལ་ཞུ་དག་གཏོང་མཁན་མང་པོ་ཞིག་ཡོང་གི་ཡོད་ལ། ལྟོ་གོ་གཏམ་གསུམ་དང་ཕྱོགས་ཞེན་གྱི་དུག་ཆུའི་དབང་དུ་སོང་ནས་དེ་དག་གི་རྗེས་སུ་རྒྱབ་དབུང་དུ་ལངས་མཁན་ཡང་མང་དག་ཅིག་ཡོང་གི་ཡོད་པས་ཡིན།
པན་ཆེན་སྐུ་ཕྲེང་གོང་མས་བོད་ས་ཡོངས་སུ་བོད་ཡིག་གི་སློབ་གྲྭ་གསར་འཛུགས་དང་བོད་ཡིག་གི་སློབ་ཚན་མང་དག་ཅིག་གཏན་ལ་ཕབས་པ་ནས་བཟུང་། སྤྱིའི་ཆ་ནས་བོད་ཡིག་དེ་ལོ་རྒྱུས་ཐོག་སྔ་ན་མ་གྲགས་པ་ཞིག་ཏུ་མཆོང་བསྐྱོད་བྱས་ཡོད་ཀྱང་། པན་ཆེན་ཉི་མ་གཞོན་ནུ་བོད་མི་རིགས་ཀྱི་བསོད་སྐལ་གྱི་ནམ་མཁའ་ནས་ནུབ་པ་ནས་བཟུང་བོད་ཡིག་གི་མེ་རོ་ཡང་དལ་གྱིས་འཆི་བར་ཕྱོགས། ཞིང་ལྗོངས་ལྔའི་ལོ་ལྔའི་སློབ་གསོ་ལམ་ལུགས་དེ་གྲགས་འགུལ་ཅི་ཡང་མེད་པའི་སྒོ་ནས་བོད་རང་སྐྱོང་ལྗོངས་ནས་ཤི་ཟིན་པ་དང་། སྤྱི་ལོ་༢༠༠༨་དང་༢༠༡༢་ལོ་སོ་སོར་ཨ་མདོའི་ས་ཁུལ་ཁག་ནས་སྐད་ཡིག་རང་དབང་གི་འབོད་ཚིག་མ་བསྒྲགས་པའི་བར་དུ་ཞིང་ལྗོངས་ལྔའི་ལོ་ལྔའི་སློབ་གསོ་ལམ་ལུགས་དེ་མཚོ་སྔོན་ཞིང་ཆེན་གཅིག་བུར་གསོན་པོར་གནས་ཐུབ་ཡོད། བོད་རིགས་འདུས་སྡོད་ཀྱི་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱིས་རང་གི་སྐེ་རྩ་འགག་པ་དེར་སྐད་ལོག་ཚིག་གཅིག་ཀྱང་བརྒྱབ་མེད་པ་ནི་དོན་དངོས་སུ་ཅི་ཞིག་མཚོན་པ་ཡིན་ནམ།
བཙན་བྱོལ་ནང་ལ་མཚོན་ན་ཡང་། མཁས་དབང་ཟམ་གདོང་རིན་པོ་ཆེ་བཀའ་ཁྲིར་མ་ཕེབས་པའི་སྔོན་ལ། བོད་ཡིག་ནི་གསར་འབྱོར་བ་ཚོའི་ཉི་མ་གཏོང་ས་ཞིག་ལས་མཐོང་ཡོད་པའི་སློབ་ཚན་ཞིག་ཏུ་གྱུར་མེད་ལ། བོད་ཡིག་ནི་དག་ཡིག་གཙང་མ་ཙམ་ཡང་མི་ཤེས་པའི་རྒན་རྒོན་རེ་ཟུང་གི་ཡིག་གཟུགས་སྦྱོང་བརྡར་བྱེད་ས་ཞིག་དང་། ཤར་ཕྱོགས་སུ་འགྲོ་ལས་རྣམ་དབྱེ་གཉིས་པའི་དཔེར་བརྗོད་གཞན་འཇོག་མི་ཤེས་པའི་སློབ་མ་རེ་ཟུང་གི་སྐར་གྲངས་ལེན་སྤྱད་ཙམ་རེད།
དེང་སྐབས་མཁས་དབང་ཟམ་གདོང་རིན་པོ་ཆེའི་བཀའ་དྲིན་དང་། ནུབ་ཕྱོགས་པ་རེ་ཟུང་གི་བཀའ་དྲིན་ལ་བརྟེན་ནས་བོད་ཡིག་གིས་ཀྱང་ལྟོ་གོས་གང་འཚམས་སྤྲོད་ཀྱིན་པའི་བསྐལ་བ་ཞིག་འཆར་འགོ་ཚུགས་པ་རེད་ལ། མཚོ་སྔོན་ས་ཁུལ་གྱི་བོད་རིགས་དགེ་རྒན་དང་སློབ་མ་དག་གི་སྐད་འབོད་ལ་བརྟེན་ནས། ཕྱི་ཕྱོགས་ཀྱི་ཆབ་སྲིད་པ་ཚོར་ཡང་ལྟོ་གོས་གཏམ་གསུམ་གྱི་འཚོ་བའི་ཁ་སྣོན་ཞིག་རག་པ་རེད། ཡིན་ན་ཡང་། ཡིད་ཕངས་པ་ཞིག་ལ། གོ་སྐབས་འདི་ཡང་བོད་ཡིག་མི་ཤེས་མཁན་དང་། བོད་ཡིག་ལ་ཡིད་སུན་ཞིང་མགོ་ན་བཞིན་པའི་མགོ་བདེ་རེ་ཟུང་གི་ལྟོ་བསྐལ་ཏུ་གྱུར་བ་ལས། བོད་ཡིག་བོད་སྐད་ལ་ཤི་འཐམ་རོ་འཐམ་བྱེད་མཁན་གྱི་རིགས་དེར་ཐོབ་མེད། དེ་ཙམ་དུ་མ་ཟད། དེང་སྐབས་མི་དེ་དག་གིས་བོད་ཡིག་ལ་དག་ཐེར་བྱེད་ཀྱིན་ཡོད། མི་དེའི་རིགས་ཀྱིས་”ལུང་སྐད་”དང་ “ལོག་སྐད་” ཟེར་ནས་རང་གིས་མ་གོ་བ་དང་མི་ཤེས་པ་ཚང་མ་ཚར་གཅོད་བྱེད་ཀྱིན་ཡོད། ཕྱོགས་གཅིག་ནས་བཤད་ན་དེ་ནི་ཁྱི་རྣམས་ཀྱིས་རང་ས་སྲུང་བ་ལྟ་བུ་རེད། ཁྱིས་རང་གི་ཉེ་འཁོར་ལ་ཁྱི་རིགས་གཞན་འོང་ན་རང་གི་ལྟོ་བསྐལ་འཕྲོག་པར་འཇིགས་པ་རེད།
བོད་ཡིག་ནི་ངོ་མ་སུས་ཀྱང་གཡབ་ཆོག་ཆོག་གི་སྲང་གི་གཞང་བཙོང་མ་འདྲ་བོ་ཆགས་འདུག
རྩོམ་ཡིག་གི་བརྗོད་དོན་ལ་བསྔགས་བརྗོད་དང་རྗེས་སུ་ཡ་རངས་ཞུ། བཙན་བྱོལ་ནང་བོད་ཡིག་ལ་དོ་སྣང་བྱེད་མཁན་དགོན་སྡེའི་དགེ་བཙུན་རྣམས་དང་། བོད་ནས་ཕེབས་པ་
ཚོ་མ་གཏོགས་གཞན་ཤིན་ཏུ་དཀོན། གཞི་རིམ་སློབ་གྲྭ་ཁག་ནང་བོད་ཡིག་ལ་དོ་སྣང་མེད་རྐྱེན་བོད་ཡིག་གི་ཆུ་ཚད་བཤད་ན་ངོ་ཚ་དགོས་པ་ཤིག་ཆགས་ཡོད།
བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་བསྒྲིགས་པའི་བོད་ཡིག་ཚིག་མཛོད་ཆེན་མོ་ཞེས་པའི་ནང་དུ་དབུས་སྐད་ཀྱི་ལུང་སྐད་མང་པོ་བསྡུས་འདུག ད་བོད་ཀྱི་ལུང་སྐད་ཀྱང་ཚིག་མཛོད་དུ་འཇུག་མགོ་བརྩམས་སོང་། ཁམས་པའི་ཁམས་སྐད་བཅུག ཨ་མདོ་བས་ཨམ་སྐད་བཅུག དབུས་པས་དབུས་སྐད་བཅུག གཙང་པས་གཙང་སྐད་བཅུག སྟོད་པས་སྟོད་སྐད་བཅུག ཡར་ཀླུང་བས་ཡར་ཀླུང་སྐད་བཅུག དེ་ནས་ཡུལ་ལུང་དེ་ལས་ཆུང་བ་དག་གིས་སོ་སོའི་ཁ་སྐད་རྣམས་བོད་ཡིག་གི་ཚིག་མཛོད་དུ་བཅུག་ན། བོད་ཡིག་གི་བརྡ་དག་ཉམས་ནས་ཉོག་དྲ་འབྱུང་གི་རེད། དེ་མིན་ན་བོད་ཡིག་ཚིག་མཛོད་དུ་ལྷ་ས་ལྟ་བུའི་ལུང་ཁུག་ཆུང་ཆུང་གི་སྐད་འཇུག་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། སྔོན་མ་ཡང་སྐུ་དྲག་ཚོས་ཡོད་ཚད་སྒེར་གཅོད་བྱས་འདུག་ག ད་ལྟ་སྐུ་དྲག་མེད་ཀྱང་དེ་ཚོའི་སྒེར་གཅོད་ཀྱི་རྒྱུན་སྐྱོང་དོན་ཅི་རེད། ཚང་མས་གཟབ་གཟབ་མ་བྱས་ན་སྐུ་དྲག་གི་ནད་རོ་ལངས་གི་རེད། ཚིག་མཛོད་དེའི་ནང་དུ་བོད་ཡིག་གི་སྤྱི་སྐད་མིན་པའི་ལུང་ཚན་གྱི་ཁ་སྐད་བསྡུས་པར་ངོ་རྒོལ་ཡོད།
ཕྱོགས་ཞེན་གྱི་སྐད་ཆ་ཀྱང་ཤོད་མ་སྡོད།
བཀྲ་ཤིས་ལགས།
འདི་དོན་བཟང་རེད། རླུང་ལངས་ནས་གང་བྱེད། རྗེས་མ་ལོག་སྐད་ཟེར་ནས་འབོད་ས་མེད་པའི་སྔ་ལྟས་རེད། འདི་སྲལ་འི་མོ། ད་རེ་དབུས་ཡིན་ན་གཞུག་མ་ཨ་མདོ། དེ་ནས་ཁམས་སོགས་ཡོད་ཚད་ཡིག་ཐོག་དུ་སྤེལ་ཐུབ་ན་འདི་སྐད་ཡིག་གཉིས་ཀའི་ཕྱོགས་ནས་འཕེལ་རྒྱས་འགྲོ་འི་ཡོད་པའི་དཔང་རྟགས་རེད། ང་དགའ་ནི་ཡིན།
དེང་སང་བོད་ཡིག་ལ་ལྟ་སྟངས་གང་འདྲ་རེད་ཟེར་ན་གྲྭ་བས་ཆོས་འདོན་བྱེད་ཙམ་ལས་མ་གཏོགས་ཡོད་པ་མ་རེད། གདན་ས་ཁག་གི་བསླབ་གཞི་ཡོངས་རྫོགས་བོད་ཡིག་གི་ཐོག་ནས་སྦྱང་དགོས་པ་ཡིན་སྟབས། སྐད་རིགས་གཞན་པ་འགྲོ་ས་ཡོད་པ་མ་རེད། རྒྱུ་མཚན་གཙོ་བོ་སྐད་ཡིག་གི་སྲོག་རྩ་ནང་བསྟན་ལ་ཐུག་པས་རེད། བཀའ་བསྟན་དང་གསུང་འབུམ་བགྲང་ལས་འདས་པ་དེ་ཚོ་བོད་ཡིག་ཐོག་ཡོད་པ་ནང་བཞིན་སྐད་ཡིག་གཞན་པའི་ཐོག་ལ་ཡོད་པ་མ་རེད། ད་ཆ་བོད་པ་རང་གི་གྲྭ་རྒྱུན་ཡོང་ཁུངས་ཉུང་ནས་ཉུང་དུ་འགྲོ་བ་དང་གཅིག །གཞིས་ཆགས་ཚོས་ཕྲུ་གུ་དགོན་པའི་ནང་ཞུགས་འདོད་མེད་པ་དང་གཉིས། བོད་ཀྱི་སྤྱི་ཚོགས་ཐོག་གྲྭ་བ་ལ་མཐོང་མེད་པ་དང་གསུམ། རྒྱུ་རྐྱེན་དེ་གསུམ་གྱི་ཐོག་ནས་དགོན་པ་ཡང་ཉེན་ཁ་ཡོད་པ་རེད། ང་ཚོའི་བོད་པ་ཚོས་ཡོད་པ་མི་མཐོང་པའི་གོམས་གཤིས་དེས་ཀྱང་ཤེས་གསལ་རེད། ཕྱི་ལོགས་ན་དྲ་ཚིགས་རེ་ཟུང་དང་ཚགས་པར་རེ་ཟུང་ནང་བོད་ཡིག་བེད་སྤྱོད་པ་མ་གཏོགས་བོད་ཡིག་གི་ཁོར་ཡུག་རྒྱ་ཆུང་དུ་འགྲོ་གི་ཡོད་པ་སུས་ཀྱང་ཚོར་གི་ཡོད་པ་མ་རེད། ཉེན་ཁ་འདི་ལས་སྐྱོབ་ཐབས་ཀྱི་ལམ་བུ་ཕལ་ཆེར་བསྟོར་ཚར་བ་རེད། ནམ་ཞིག་དགོན་པ་ཤི་སོང་ན་སྐད་ཡིག་ཀྱང་མཉམ་དུ་ཤི་ངེས་རེད།
བོད་ཡིག་གི་འཇིག་གནས་ཀྱི་ཆེད་དུ་སེམས་ཚོར་དྲག་པོའི་སྒོ་ནས་གདུང་འབོད་བྱེད་པ་ལ་སྙིང་ཁོང་རུས་པའི་གཏིང་ནས་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་མོད། འོན་ཀྱང་། བོད་སྐད་མི་ཤེས་པའི་བོད་མི་ལ་རང་སྐད་སྲུང་བའི་ཐོབ་ཐང་ཁྲིམས་ལུགས་དང་ཀུན་སྤྱོད་གང་གི་སྒོ་ནས་ཀྱང་ཡོད་རྒྱུ་མ་རེད་ཟེར་བ་ནི། ངོ་མ་ཧམ་པ་ཏོག་ཙམ་ཆེ་དྲགས་སེམས་པ་མ་ཟད། གལ་ཏེ་ཁྲིམས་ཀྱི་སྒོ་ནས་བཤད་ན་ཕལ་ཆེར་རང་ཉིད་ཁྲིམས་འགལ་ཆགས་འགྲོ་སྟེ། མི་རིགས་གང་གི་ཡིན་ན་དེའི་སྐད་ཡིག་ངེས་པར་དུ་ཤེས་པའི་ཁྱབ་པ་མེད་ལ། དེ་བཞིན་འུ་ཅག་བོད་མི་རིགས་ལ་བསམ་ན་ཡང་ཁོར་ཡུག་གི་རྐྱེན་པས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་ན་གཞོན་མང་དག་ཞིག་གིས་བོད་སྐད་ཕར་ཟད། མཐའ་ན་རང་གི་ཕ་ས་བོད་ཡུལ་ཡང་མཐོང་མྱོང་མེད་ཀྱང་། ཁོ་ཚོ་ནི་ད་དུང་ཡང་བཀྲུས་ན་མདག་པའི་བོད་མི་ཡིན་པས། རང་ཉིད་བོད་མི་ཡིན་ཡང་བོད་སྐད་མི་ཤེས་པའི་ལས་དབང་ལ་བསམས་ནས་བོད་སྐད་སྲུང་སྐྱོབ་ཀྱི་ཆེད་དུ་སྐད་ཆ་བཤད་ཆོག་སྟེ། དེ་ནི་བོད་མི་གཅིག་མཚུངས་ཡིན་པས་ཡིན།
ངོ་མ་རེད་ཡ་བོད་ཡིག་ངོ་ཆོད་ཙམ་གྱི་བོད་ཡིག་ལ་ཞུ་དག་བྱེད་པ་དང་། དེ་བཞིན་གཞུང་ཆེན་ལ་ཐོས་བསམ་གང་ཡང་བྱེད་མ་མྱོང་མཁན་མང་པོ་ཞིག་འཛོམས་ནས་བཀའ་བསྟན་འགྱུར་དབྱིན་བསྒྱུར་བྱེད་བརྩིས་རྣམས་ནི་རིག་གཞུང་དང་བསྟན་པའི་གཤེད་མ་རང་རེད།
གནའ་ནས་ད་བར་དགོན་པ་ནས་དཔེ་ཆ་ཚང་མ་བརྩིགས་རེད།་ད་ནས་མཐའ་བར་རྩིག་ནས་འགྲི་འི་རེད། མཇལ་ས་ཉན་ན་འགྲིག་ཡོད་པ་རེད། ད་དེ་ཚོ་གཅིག་ཀློག་ནས་གང་བྱེད། སངས་རྒྱས་ནི་གཅིག་ལ་མི་འདུག
དགོས་པ་རྒྱུ་མཚན་ལྡན་པ་རེ་བརྗོད་མི་ཤེས་ན། མི་དགོས་ཚིག་རྩུབ་ཉུང་ན་བཟང་།
ཚང་མས་སྡུག་གཏམ་ཞིག་ཤོད་བསྡད་པ་ལས་འབད་སྒྲུབ་གྱིས་དང་། ནམ་ཞིག་བོད་ཡིག་འདི་ཡང་གྲལ་ཞིག་ཟིན་ལོས་ཐུབ།
ཚང་མས་སྡུག་གཏམ་ཞིག་ཤོད་བསྡད་པ་ལས་འབད་སྒྲུབ་གྱིས་དང་། ནམ་ཞིག་བོད་ཡིག་འདི་ཡང་གྲལ་ས་ཞིག་ཟིན་ལོས་ཐུབ། ང་ཚོས་སུ་ལ་ལེ་བདའ་བྱེད་དགོས་པ་རེད། མི་རབས་རྗེས་མས་སུ་ལ་ལེ་བདའ་བྱ་ངེས་རེད།
ཤར་རི་ནས་བལྟས་ན་ནུབ་རི་སྐྱིད། ནུབ་རི་ནས་བལྟས་ན་ཤར་རི་སྐྱིད་ཅེས་པ་ལྟར་ཡིན་པས་དེར་བསམ་དགོས། བོད་ཡིག་ལ་བརྩེ་ཞེན་ཡོད་འདོག་ཀྱིས་རང་ལ་རྐུབ་སྟེགས་མ་ཐོབ་པའི་འཁོན་གནས་བརྗོད་པ་ཨེ་རེད།
གནད་འགག་ཅན་གྱི་རྩོམ་ཡིག་ཅིག་བྲིས་འདུག འདི་ལྟ་བུའི་རྩོམ་ཡིག་མང་ཙམ་སྤེལ་ན་བཟང་།
སྒོ་དམར་མཆོག་ངོ་མ་རྩོམ་ཡིག་དོན་སྙིང་ལྡན་པ་ཞིག་བྲིས་འདུག
གོང་དུ་བཀྲ་རྡོར་ལགས་ནས་ཡག་པོ་གསུངས་འདུག ང་ཚོ་ཚང་མས་གང་ཐུབ་ཐུབ་ཀྱིས་སོ་སོའི་ཕྲག་སྟེང་དུ་ལེན་རྒྱུ་ནི་གལ་ཆེན་པོ་རེད། ང་ལ་བསམ་ཚུལ་ཞིག་ཡོད་པ་ནི་བཙན་བྱོལ་སློབ་གྲྭ་ཁག་ཏུ་དགོས་པ་སོ་སོའི་བོད་ཡིག་ཡར་རྒྱས་སུ་མི་གཏོང་བར། སློབ་གྲྭའི་ནང་རྒྱ་ཡིག་སློབ་ཁྲིད་བྱེད་པ་དེ་ནི། སློབ་མ་རྣམ་ལ་རྐང་བཙུགས་ནས་ནར་གཅོད་གཏོང་གི་ཡོད་པ་དང་གཉིས་སུ་མ་མཆིས། དེས་སློབ་མ་ཚོའི་དུས་ཚོད་ཆུད་ཟོས་སུ་གཏོང་གི་ཡོད། སློབ་མ་ཚོར་སློབ་ཚན་མང་དྲག་པ་རེད། ཧིན་ལྡེ་ནི་ངེར་པར་ཏུ་སྦྱོང་དགོས་པ་རེད། དེ་ལ་ཐབས་ཤེས་མེད་པ་རེད། རྒྱ་གར་བའི་ཁྲིམས་རེད། བཙན་བྱོལ་ནང་གི་སློབ་ཕྲུག་རྣམས་བོད་པའི་མ་འོང་བའི་སོན་རྩ་ཡིན་བསམ་ན་བོད་ཡིག་ཡག་པོ་ཞིག་ཤེས་དགོས། དེ་མ་གཏོགས་སོན་རྩ་ཡིན་ཟེར་བ་ཁ་བཤད་གཏོང་བ་རང་རེད། རང་གིས་རང་ལ་མགོ་སྐོར་བཏང་བ་རེད་བསམ་སོང་། རྒྱ་ཡིག་སློབ་ཚན་འཇོག་དགོས་པའི་བསམ་ཚུལ་འདི་སུས་ཡིད་ལ་དྲན་པ་དང་སུས་དབང་ཤུགས་བཀོལ་བ་ཡིན་ནམ།
སྐུ་ཉིད་ཀྱི་བཤད་པ་ངོ་མ་བདེན་པ་བདེན་རྐྱང་རེད། དེང་སང་བོད་ཡིག་ཤེས་མཁན་ལས་མི་ཤེས་མཁན་དག་ལ་ངོ་སོ་དང་ཁ་དབང་ཧ་ཅང་ཆེ། བོད་ཀྱི་བརྡ་སྤྲོད་རིག་པ་དང་མི་མཐུན་པའི་ཐ་སྙད་དང་འགྲེལ་ལོག་གང་མང་ཞིག་འདིའི་རིགས་ཀྱིས་་སྤེལ་བཞིན་འདུག །བླ་སྤྲུལ་མཁན་པོ་དགེ་བཤེས་རྫུན་མའི་ཆོས་རྫུན་དང་གཅིག་པ་རེད། སྤྱིར་བོད་པ་ཚང་ལ་ཤེས་ཡོན་ཚད་ལྡན་འཇལ་བའི་བློ་མིག་ཕལ་ཆེར་མེད་པ་འདྲ། ཞེན་ཁོག་དང་ཕྱོགས་རུས། གཡོ་སྒྱུ་དང་དཔལ་འབྱོར་དག་གི་དཔུང་དང་འགྲོགས་ནས་བྱ་བ་སྒྲུབ་པ་རྐྱང་རེད།། ཧ་ལམ་འདི་ནི་དེང་གི་མིའི་རྣམ་དཔྱོད་ཡིན་ཀྱང་སྲིད། གལ་ཏེ་དེ་ལྟར་ཡིན་ཚེ་ང་ནི་བོད་མི་ཆེས་རྗེས་ལུས་ཞིག་ཡིན་པ་གོར་མ་ཆག །།
གནས་སྟངས་འདི་ལ་དངོས་གནས་བསམ་བློ་གཏོང་དགོས་པའི་གལ་ཆེའི་གནད་དོན་ཞིག་རེད། གཅིག་གིས་གཅིག་ལ་གསེག་འདྲི་དང་ཟུར་ཟས་ང་ཚོའི་བོད་སྐད་ཡིག་སྲུང་སྐྱོབ་ལ་ཕན་གི་མ་རེད། དེ་ལས་དང་པོ་རང་ཉིད་ཀྱིས་བོད་སྐད་ཡིག་གི་ཆེད་དུ་ལས་ཀ་ག་འདྲ་ཞིག་བྱ་གི་ཡོད། རང་གིས་བོད་སྐད་ཡིག་གི་ལམ་ནས་བྲིས་པའི་རྩོམ་ཡིག་ག་ཙམ་ཡོད། རྩོམ་ཡིག་དེ་དག་ལས་ཡིག་ནོར་དང་དོན་ནོར་ག་ཙམ་འདུག དེ་བཞིན་རང་གིས་བོད་སྐད་ག་འདྲ་ཞིག་བཤད་ཀི་འདུག གཞན་སྐད་ཀྱི་འདྲེས་སླད་ག་ཙམ་ཞིག་རྒྱག་གི་འདུག འདི་དག་ལ་རེ་རེ་བཞིན་འཚོལ་ཞིབ་བྱས་པ་ཡིན་ན། མི་ལ་བཤད་རྒྱུ་བསྡད་ཡོད་མེད་ཀྱང་གསལ་པོ་ཧ་གོ་གི་རེད་མ་གཏོགས་ཅིག་གིས་བྱས་མ་སོང་། ཉིག་གིས་བྱས་མ་སོང་ཞེས་ལབ་བསྡད་ན་རང་རེའི་བོད་སྐད་ཡིག་ལ་དེ་ཙམ་གྱིས་ཕན་ཐོགས་མི་ཡོང་བ་མཐོང་གསལ་རེད།
ཁ་བརྡའི་གྲོགས་པོ་རྣམ་པར་བོད་ཀྱི་ཡི་གེར་ཐུགས་བརྩི་ཆེ་རུ་གནང་བ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།
ཡིན་ཡང་ཁ་ཙམ་མ་ཡིན་པར་ལག་ལེན་དུ་བྱ་ན་ཇི་ལྟར་འཚམས།
གོང་གི་ཐབས་ཇུས་ཅན་ལ་ཞུ་རྒྱུ། ད་ལྟ་བཙན་བྱོལ་ནང་བོད་ཁྱིམ་གཙོས་སློབ་གྲྭ་ཁག་གིས་རྒྱ་ཡིག་བསླབ་འཁྲིད་བྱ་རྒྱུ་ཡིན་ཟེར་བ་ནི། སྔོན་མ་བོད་ནང་ལོ་ངོ་མང་པོའི་རིང་ལ་རྒྱ་ཡིག་སློབ་སྦྱོང་བྱས་ནས་ཕྱིས་སུ་བཙན་བྱོལ་དུ་སླེབས་པའི་ན་གཞོན་རྣམས་ཀྱིས་རྒྱ་ཡིག་མ་བརྗེད་པའམཡར་རྒྱས་གཏོང་བའི་ཕྱིར་དུ་བོད་ཡིག་སློབ་པའི་ཞོར་དུ་རྒྱ་ཡིག་བསླབ་རྒྱུ་ཡིན་ཟེར་བ་མ་གཏོགས། རྒྱ་གཞུང་གི་ཇུས་ངན་བཞིན་རྒྱ་ཡིག་གཙོ་འཛིན་བྱས་ནས་བོད་ཡིག་གཉིས་པར་བཞག་རྒྱུ་ཡིན་ཟེར་བ་མ་ཡིན་པས། ངོ་མ་བོད་མི་ཡོངས་ཀྱི་ལས་དབང་གཅིག་མཚུངས་ཡིན་བསམ་ནས་བསམ་བློ་ཕུགས་རྒྱང་རིང་པོ་ཞིག་དང་བསམ་གཞིག་ནན་མོ་ཞིག་བྱས་ན། ད་ལྟའི་ཆར་འུ་ཅག་བཙན་བྱོལ་ནང་རྒྱ་མིའི་ཁ་གཏད་དུ་ལངས་ཏེ་རྒྱ་སྐད་དང་རྒྱ་ཡིག་གི་སྒོ་ནས་དཔྱོད་བརྗོད་དང་སྐྱོན་བརྗོད། གྲོས་མོལ་དང་བགྲོ་གླེང་ཅི་ཞིག་བྱེད་དགོས་ཀྱང་དེ་བྱེད་ཐུབ་པའི་རྒྱ་ཡིག་ཤེས་ཡོན་ཚོད་དང་ལྡན་པའི་ཤེས་ཡོན་ཅན་ཉུང་ཉུང་ཡིན་པ་མ་ཟད། ཡོད་རྒྱུ་རྣམས་ཀྱང་ལོ་ནས་ལོ་རྒས་འཁོགས་ཆགས་འགྲོ་བས། གང་ལྟར་ཡང་། རྒྱ་ཡིག་བསླབ་འཁྲིད་བྱ་རྒྱུ་འདིས་སྤྱིར་བཙན་བྱོལ་སྤྱི་ཚོགས་དང་མི་སྒེར་སོ་སོ་ལ་སྟོབས་ཤུགས་གསར་པ་ཞིག་རྒྱས་བཅུག་པའི་རླབས་ཆེན་གྱི་བྱ་བཞག་ཞིག་ཡིན།
བོད་ཡིག་ཤི་བཞིན་པ་མ་ཚོར་བ་རྒྱ་ཡིག་འདྲ་ཞིག་སླབ་ཁུལ་བྱེད་པ་ནི་རང་སྲོག་བཅོད་པའི་རལ་གྲི་གཅིག་མང་དུ་སོང་བ་ལས་ཅི། བོད་ཁྱིམ་ཚང་གིས་བོད་ཡིག་ལ་མཐོང་ཆེན་བྱེད་ཀྱི་མེད་པ་ནི་ཤེས་ཡོན་སྲིད་ཇུས་ངོས་ལེན་མ་བྱས་པ་དེ་ནས་ཤེས་ཐུབ། ད་དུང་བོད་ཡིག་སླབ་པའི་ཞོར་ལ་རྒྱ་ཡིག་སླབ་པ་རེད་ཟེར་ན་སུ་ཡིད་ཆེས། མི་རིགས་ཀྱི་བླ་སྲོག་སྐད་ཡིག་ཡིན་པ་མ་ཤེས་པའམ་ཤེས་བཞིན་ཁྱད་གསོད་བྱས་པ་འདི་ངོ་མ་ཐབས་སྐྱོ་པོ་རེད།
རྒྱ་ཡིག་སློབ་དགོས་བ་ནི་རྒྱ་ངན་དཔོན་རིགས་ཚོ་ལ་ང་ཚོ་ཁྱེད་ཚང་གི་འཇིགས་སྐུལ་འོག་ནས་འདུག་འདོད་ཡོད་པའི་སྲིད་ཇུས་ཐབས་སྡུག་དེ་ལ་དཔུང་རོགས་བྱེད་ཀྱི་ཡོད་པའི་ཁུལ་རེད། ཡིན་ན་ཡང་། སེམས་སྐྱོ་བ་ཞིག་ལ། རི་བོང་རི་བོང་ཤོར། སྡོམ་པ་སྡོམ་པ་ཤོར་ལས་མཇུག་འབྲས་ཅི་ཡོད།
ད་ཡང་ངས་འདི་ནས་འཚང་ཁ་ཞིག་རྒྱག་ཨེ་རེད། རྒྱ་གར་བ་སློབ་དཔོན་ཆོས་གྲགས་ཀྱིས་ཧིན་དུ་ཚར་གཅོད་ཕྱིར་ཧིན་དུའི་གསང་ཚིགས་མང་པོ་སྦྱངས། དེ་རྗེས་ཧིན་དུའི་སློབ་དཔོན་དེ་རྩོད་ནས་ཕམ་པར་བྱས་པའི་ལོ་རྒྱུས་ཡོད། ལར་ནས་ཁ་བཏད་ཀྱི་ནུས་ཤུགས། འཆར་གཞི། ལོ་རྒྱུས། གནས་སྟངས། བསམ་ཚུལ། དཔལ་འབྱོར། དམག་ཤུགས། ཤེས་ཡོན་སོགས་མདོར་ན་དེ་དག་ཁོང་དུ་མ་ཆུད་པར་བྱས། དེ་རྗེས་སེངྒེ་ཚང་གི་བཤད་སྟངས་ལྟར་གོ་སྐབས་ཟེར་བ་དེ་བླངས་ཏེ་དགྲ་བོ་བཅོམ་མི་དགོས་སམ། དེ་འདྲའི་གོ་རིམ་འདི་ཁས་བླང་ན་བོད་པ་ཚང་རྒྱ་ཡིག་སྦྱོང་དགོས་པར་འདོད།
ང་ཡང་འདི་བར་ལ་འཚང་ཁ་ཞིག་རྒྱག་འདོད་བྱུང་། བཙན་བྱོལ་ཁྲོད་ཀྱི་སློབ་གྲྭ་ཡོངས་སུ་རྒྱ་ཡིག་སློབ་ན་དོན་མེད་དུས་ཚོད་རླག་པ་རེད། འོན་ཀྱང་། རིག་པ་གསལ་ཞིང་རྒྱ་ཡིག་ལ་དགའ་མཁན་སློབ་མ་ལྔ་བཅུ་ཡས་མས་ཞིག་ལ་རྒྱ་ཡིག་སློབ་ཆེན་ནམ་དེ་ལས་མཐོ་བའི་སློབ་སྦྱོང་སྤྲོད་ཐུབ་ནས་ཡག་པོ་ཡོང་གི་རེད་བསམ།
དཔེར་ན། བཀའ་ཟུར་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱིས་བོད་ས་དགའ་ལྡན་ཕོ་བྲང་ལ་རྒྱ་ཡིག་རྒྱ་སྐད་ཐོག་ཕན་ཆེན་པོ་ཐོག་ཡོད་པ་རེད།
གཞན་དེའི་སྔ་བོད་ཀྱི་རྩོམ་པ་པོ་བཀྲ་ཤིས་ཟླ་བ་རྒྱ་ནག་རྒྱལ་ཡོངས་ལ་སྐད་གྲགས་ཆེན་པོ་ཡོད་པ་མ་ཟད་བཀྲ་ཤིས་ཟླ་བ་རྒྱ་ནག་གི་རྩོམ་པ་པོ་ཚོའི་སྒེང་ན་ཡོད་པའི་ཚོར་སྣང་ཡོད་མཁན་རྒྱ་མི་མང་པོས་བརྗོད་ཡོད།
རེད་རེད། ཇ་མས་བཤད་པ་ལྟར་རེད། རྒྱ་ཡིག་སྦྱོང་དགོས། དེ་ཡང་བློ་གསལ་ཚད་ལྡན་འོས་པ་གྲངས་ངེས་ཤིག་ལ་སློབ་ན་འགྲིག་པར་སྙམ།
ལ་ལས་ངས་བོད་ཡིག་ཡག་པོ་མི་ཤེས་ཟེར་བ་ནི་སོ་སོ་དེང་རབས་ཀྱི་སྔོན་ཐོན་པའམ་གཟི་བརྗིད་དུ་རློམ་མཁན་ཡང་ཡོད། སྐད་ཆ་དེའི་ཤུགས་ནས་དབྱིན་ཡིག་གམ་རྒྱ་ཡིག་གང་རུང་ཞིག་ཡག་པོ་ཤེས་པ་སྟོན།
དེང་དུས་སྤྱི་ཚོགས་ཀྱི་འགྱུར་བ་ནི་ཧ་ཅང་མྱུར་པོ་རེད་་དེར་རྟེན་དབྱིན་ཡིག་དང་བོད་ཡིག་དགོས་མཁོ་ཆེན་པོ་ཡོད་ཀྱང་བོད་པ་ཚངས་མས་བོད་ཡིག་མ་བརྗེད་པར་གནང་རོག་
ངས་ཀྱང་འདིར་འཚང་ཁ་ཞིག་བྱེད་ན་ཨེ་འགྲིག གོང་དུ་”བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་བསྒྲིགས་པའི་བོད་ཡིག་ཚིག་མཛོད་ཆེན་མོ་ཞེས་པའི་ནང་དུ་དབུས་སྐད་ཀྱི་ལུང་སྐད་མང་པོ་བསྡུས་འདུག ད་བོད་ཀྱི་ལུང་སྐད་ཀྱང་ཚིག་མཛོད་དུ་འཇུག་མགོ་བརྩམས་སོང་། ཁམས་པའི་ཁམས་སྐད་བཅུག ཨ་མདོ་བས་ཨམ་སྐད་བཅུག དབུས་པས་དབུས་སྐད་བཅུག གཙང་པས་གཙང་སྐད་བཅུག སྟོད་པས་སྟོད་སྐད་བཅུག ཡར་ཀླུང་བས་ཡར་ཀླུང་སྐད་བཅུག དེ་ནས་ཡུལ་ལུང་དེ་ལས་ཆུང་བ་དག་གིས་སོ་སོའི་ཁ་སྐད་རྣམས་བོད་ཡིག་གི་ཚིག་མཛོད་དུ་བཅུག་ན། བོད་ཡིག་གི་བརྡ་དག་ཉམས་ནས་ཉོག་དྲ་འབྱུང་གི་རེད། དེ་མིན་ན་བོད་ཡིག་ཚིག་མཛོད་དུ་ལྷ་ས་ལྟ་བུའི་ལུང་ཁུག་ཆུང་ཆུང་གི་སྐད་འཇུག་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། སྔོན་མ་ཡང་སྐུ་དྲག་ཚོས་ཡོད་ཚད་སྒེར་གཅོད་བྱས་འདུག་ག ད་ལྟ་སྐུ་དྲག་མེད་ཀྱང་དེ་ཚོའི་སྒེར་གཅོད་ཀྱི་རྒྱུན་སྐྱོང་དོན་ཅི་རེད། ཚང་མས་གཟབ་གཟབ་མ་བྱས་ན་སྐུ་དྲག་གི་ནད་རོ་ལངས་གི་རེད། ཚིག་མཛོད་དེའི་ནང་དུ་བོད་ཡིག་གི་སྤྱི་སྐད་མིན་པའི་ལུང་ཚན་གྱི་ཁ་སྐད་བསྡུས་པར་ངོ་རྒོལ་ཡོད།”དེ་འདྲ་ཞིག་བྲིས་འདུག།
ངས་བྱས་ན་ཁ་སྐད་ཚང་མ་བསྡུ་བསྒྲིགས་ཀྱིས་ཚིག་མཛོད་ལྟ་བུ་ཞིག་བཟོ་ཐུབ་ན་ཡག་པོ་རེད་མ་གཏོགས་ལྟས་ངན་པ་ཞིག་རེད་བསམ་གྱི་མིན་འདུག། རྒྱུ་མཚན་ནི་༡༽ཁ་སྐད་དེ་ཚོ་རིམ་གྱིས་ཉམས་འགྲོ་གི་ཡོད་དུས་ཡིག་ཐོག་ལ་བཀོད་བཞག་ན་ཉམས་པ་ལས་སྲུང་ཐུབ། ༢༽དཔེར་ན་ཨ་མདོ་བ་ཞིག་གིས་བྲིས་པའི་ལོ་རྒྱུས་སོགས་བཀླགས་ཚེ་ལོ་རྒྱུས་དེའི་ནང་ལོགས་ལ་ཨ་མདོ་བའི་མིང་ཚིག་མང་དག་ཅིག་ཡོང་གི་ངེས་ཡིན། དེ་ཡིན་དུས་མིང་ཚིག་དེ་ཨམ་སྐད་མ་ཤེས་མཁན་གྱིས་གོ་ཐུབ་ཀྱི་མ་རེད། དེའི་ཕྱིར་དུ་ཡང་ཨམ་སྐད་སོགས་ལུང་སྐད་ཚིག་མཛོད་དུ་བཙུགས་ན་ཕན་པ་ལས་གནོད་པ་མེད་པར་མཐོང་། ༣༽བོད་ཀྱི་སྤྱི་སྐད་སྲུང་དགོས་ལ་ལུང་སྐད་སྲུང་མི་དགོས་པའི་རྒྱུ་མཚན་ཅི། སྤྱི་ཞེས་པ་ནི་བྱེ་བྲག་དུ་མ་ཚོགས་པ་ལ་བཏགས་པའི་བཏགས་མིང་ཞིག་མ་ཡིན་ནམ། མཁན་ཆེན་འཇིགས་ཕུན་གྱིས”སྐད་ཡིག་ནི་མི་རིགས་ཀྱི་ངོ་བོ་ཡིན་ལ་སྐད་ཡིག་དེ་འཛམ་གླིང་གོ་ལའི་སྟེང་ནས་ཡལ་འགྲོ་དུས་མི་རིགས་ཀྱང་ཡལ་འགྲོ་”ཞེས་པ་ཞིག་གསུངས་ཡོད་རེད། དེ་ཡིན་དུས་བོད་ཀྱི་ལུང་སྐད་རྣམས་ལུང་པ་སོ་སོའི་མི་རིགས་ཀྱི་ངོ་བོ་ཡིན་ན་སྐད་རིགས་དེ་དག་ཡལ་འགྲོ་དུས་ལུང་པ་སོ་སོའི་མི་རིགས་ཀྱང་ཡལ་འགྲོ་ལ། ཨ་མདོ་དང་དབུས་གཙང་སོགས་ཀྱི་མི་རིགས་ལས་ལོགས་སུ་གྱུར་པའི་བོད་རིགས་ཤིག་མེད་ན་དེ་དག་ཡལ་འགྲོ་དུས་བོད་རིགས་ཡལ་མ་འགྲོ་བར་ལྷགས་རྒྱུ་ཞིག་འདུག་མིན་འདུག་སོམས་དང་།
དེ་ཡང་ཁོ་བོ་རང་གི་ཀུན་རྟོག་ཙམ་ལགས་སོ༎
བཙན་བྱོལ་ནང་ལ་བོད་ཡིག་བེད་སྤྱོད་གནང་མཁན་གསར་འབྱོར་མ་གཏོགས་མང་ཆེ་ཤོས་དབྱིན་ཡིག་ཁོ་ན་ཐོག་ལས་བོད་ཡིག་ཐོག་འབྲེལ་ལམ་བཟོ་ཐུབ་ཀྱི་མི་འདུག་དེར་རྟེན་བོད་ཡིག་བདག་པོ་གསར་འབྱོར་དང་བོད་གི་བོད་པ་ཚོ་ཡིན་པ་འདྲ་པོ་འདུག་དེ་ཚོ་ད་ལྟ་མཐོང་འདུག་རྒྱུ་དེ་རེད་མོད།
སྐུ་ཞབས་སྨོན་ལམ་ནང་བཞིན་ད་དུང་བོད་མི་མང་པོ་ཞིག་ཡོད་ན་མ་གཏོགས་བོད་ཡིག་རྩ་མེད་དུ་འགྲོ་རྒྱུ་ཐག་ཆོད།
བཀྲ་ཤིས་བདེ་ལེགས།
གཡུ་འབྲུག་པས་ཐུགས་ཁུར་གནང་བར་ལེགས་སོ་ཞུ།
དབུས་གཙང་པ་་ཡིས་ཤིང་དུམ་རྩིག །
མདོ་སྟོད་པ་ཚོས་ས་སྣུམ་ཤོས། །
ཨ་མདོས་ཙག་ཏྲ་སྤར་བྱས་ཏེ། །
ཁ་སྐད་ཡོངས་རྫོགས་མེ་རུ་སྲེག །
གཡུ་འབྲུག་ཁྱོད་ང་ཚོ་བོད་པ་ཚང་ལ་དཀྲུགས་ཤིང་རྒྱག་མི་དགོས། ང་ཚོ་ཁྱོད་འབྲུག་པ་ཚོས་གང་བཤད་ལ་མགོ་འཁོར་གྱི་ལྐུགས་པ་མིན། བརྡ་དག་དང་མཐུན་ན་ཆོལ་གསུམ་གང་གི་སྐད་ཡིན་ཀྱང་བོད་སྐད་རེད། བརྡ་དག་དང་མ་མཐུན་ན་ཆོལ་གསུམ་གང་གི་སྐད་ཡིན་ཀྱང་ཚིག་མཛོད་ནང་བཞག་མི་རུང་བ་ཞིག་རེད། ང་ཚོས་ཆོས་རིག་གི་ཐ་སྙད་གསར་པའི་ནང་བརྡ་དག་དང་མ་མཐུན་པ་ཅིག་ཀྱང་མཐོང་མ་སོང་། གལ་སྲིད་ཁྱོད་ཀྱིས་མཐོང་ན་ཚིག་གཅིག་སྟོན་དང་། དེས་ན་བོད་རིགས་སྤུན་ཟླ་རྣམས་རི་བོང་ཅལ་འདྲོགས་བྱེད་ནས་གཞན་གྱི་དཀྲུངས་ཤིང་མགོ་བསྐོར་འོག་ཚུད་མི་རིགས།