ཟླ་བ་གཞོན་ནུ།
1
ཟླ་གཞོན་སྐར་ཚོགས་ཀྱིས་བཏུམས་པའི་མཚན་ལྗོངས་བསམ་སྟེ
ཁྱེད་ཀྱིས་བློས་གཏོང་མི་འདོད་ཟེར་ན
ངས་དྭངས་གཙང་གི་བྱིས་བློ་འཁྱེར་ནས
ཉི་མ་ལ་མ་ཤར་རོགས་ཞེས
རེ་སྨོན་དང་སྐྱབས་འཇུག་ཞུས་ཆོག
2
དུང་ཟླ་མཛེས་སྡུག་གིས་མཁའ་དབྱིངས་ནས་དཔྱངས་པར་ཞེན་ཏེ
ཁྱེད་ཀྱིས་མེ་ལོང་བྱེད་འདོད་ཟེར་ན
ངས་བརྩོན་པའི་གནམ་སྐས་རིང་མོ་ཞིག་བཙུགས་ནས
རྔུལ་ཆུ་ཁྲོམ་ཁྲོམ་གྱི་ངོ་གདོང
ཐོག་མའི་ལྟ་སྟངས་ཀྱི་མིག་ཟུང་གིས་བརྒྱན་ཏེ
ཁྱེད་ལ་དགའ་བས་བཏེགས་ཆོག
3
ཁྱེད་ཀྱི་སྤྱན་ཟུང་བཞིན་འཚེར་བའི་སྐར་ཚོགས་ལ་ཅེར་ཏེ
ཁྱེད་ཀྱིས་སྐེ་རྒྱན་བྱེད་འདོད་ཟེར་ན
ངས་དགའ་སྣང་གི་དྲི་བཞོན་ལ་ཞོན་ནས
མཛེས་སྡུག་གི་སྐར་རྡོག་རེ་རེ
བརྩེ་ཞེན་དང་ཕྱི་ཐག་རིང་མོར་བརྒྱུས་ཏེ
ཁྱེད་ལ་འབུལ་ཆོག
2009།6།5རྡ་སར།