རྨེ་རུ།
ཨ་མའི་བུ་ཆུང་ས་མཐའ་ལ་མ་ཡོང་།།
ས་མཐའི་འཚོ་བ་བུ་གཡུག་ཁྲོད་ལ་ཡོད།།
ལོ་ཟླ་གྲངས་མེད་སེམས་ཀྱི་མེ་ཏོག་དེ།།
བུ་གཡུག་ཁྲོད་ནས་བཞད་ཁ་བྱེད་ཐབས་བྲལ།།
ཨ་མའི་བུ་ཆུང་ས་མཐའ་ལ་མ་ཡོང་།།
ས་མཐའི་འཚོ་བ་དགོང་ཁའི་ཉི་འོད་འདྲ།།
ལུས་སེམས་གཉིས་ཀྱི་ལང་ཚོ་དར་མ་དེ།།
གྲང་བའི་ལྷག་རླུང་ཁྲོད་ནས་སད་ཀྱི་བཅོམ།།
ཨ་མའི་བུ་ཆུང་ས་མཐའ་ལ་མ་ཡོང་།།
ས་མཐའི་འཚོ་བ་དྲན་གདུང་ཁྲོད་ལ་གནས།།
དྲན་པའི་མིག་ཆུ་དབྱར་གྱི་རྒྱ་མཚོ་བཞིན།།
དྲན་གདུང་སེམས་པའི་རྨ་ཁ་ན་ཟུག་ཆེ།།
ཨ་མའི་བུ་ཆུང་ས་མཐའ་ལ་མ་ཡོང་།།
ས་མཐའི་འཚོ་བ་གནས་འགྲོའི་བུ་མོ་བཞིན།།
རང་ཁྱིམ་དྲོད་འཁོལ་ཁ་དྲན་བཞིན་དུ།།
དགའ་སྐྱོ་སྙིང་གཏམ་བཅོལ་སའི་སེམས་པ་མེད།།
ཨ་མའི་བུ་ཆུང་ས་མཐའ་ལ་མ་ཡོང་།།
ས་མཐའི་འཚོ་བ་ཐག་རིང་འགྲུལ་བ་འདྲ།།
སེམས་ཀྱི་བུ་ཆུང་རླུང་དམར་ནང་དུ་འཚུད།།
ཤར་ནུབ་གང་དུ་སྐྱོད་ཀྱང་རང་ཁྱིམ་མེད།།
ཨ་མའི་བུ་ཆུང་ས་མཐའ་ལ་མ་ཡོང་།།
ས་མཐའི་འཚོ་བ་བདག་མེད་དྭ་ཕྲུག་བཞིན།།
མ་མ་བརྩེ་སེམས་དྭངས་མའི་འདི་ན་མེད།།
ཁྱེར་རྐྱང་འགྲོ་སྡོད་སེམས་པ་སྐྱོ་ལྷང་ལྷང་།།
ཨ་མའི་བུ་ཆུང་ས་མཐའ་ལ་མ་ཡོང་།།
ས་མཐའི་འཚོ་བ་སྟོན་གྱི་འཇའ་མཚོན་བཞིན།།
ཕྱི་ཡི་བཀོད་པ་མིག་སྣང་མཛེས་གྱུར་ཀྱང་།།
དོན་གྱི་སྐྱིད་སྣང་མུན་པའི་ཀློང་དུས་འཐིམ།།
ཨ་མའི་བུ་ཆུང་ས་མཐའ་ལ་མ་ཡོང་།།
ས་མཐའི་འཚོ་བ་དྲག་འཆར་ཁྲོད་དུ་གནས།།
ལང་ཚོའི་ལྗང་གཞོན་ལོ་འདབས་གང་དུ་རྒྱས།།
ས་ལུད་དྲོད་ཤེར་སྟོང་པ་ས་མཐའི་ཡུལ།།
ཨ་མའི་བུ་ཆུང་ས་མཐའ་ལ་མ་ཡོང་།།
ས་མཐའི་འཚོ་བ་ལམ་མདོའི་སྤྲང་པོ་བཞིན།།
ངེས་མེད་ས་མཐའ་འགྲིམ་ནས་མི་ཚེ་ཟད།།
ལྷང་ལྷང་སེམས་པ་རི་མགོའི་དར་ལྕོག་བཞིན།།
ཨ་མའི་བུ་ཆུང་ས་མཐའ་ལ་མ་ཡོང་།།
ས་མཐའི་འཚོ་བ་དགུན་གྱི་ནམ་ཟླ་རེད།།
གྲང་རླུང་ཟི་ཁ་རྣོ་པོའི་རལ་གྲི་ཡིས།།
རྨས་པའི་སེམས་པ་དུམ་བུར་འདྲ་བཞིན་མཆིས།།
ཨ་མའི་བུ་ཆུང་ས་མཐའ་ལ་མ་ཡོང་།།
ས་མཐའི་འཚོ་བ་འདྲིས་མེད་གཞན་ཡུལ་རེད།།
གནམ་ས་གཉིས་དེ་སྙིང་ཉེའི་ཕུ་ནུ་བཞིན།།
སེམས་ཀྱི་སྙིང་གཏམ་བཅོལ་ཡུལ་གནས་འདིར་མེད།།
ཨ་མའི་བུ་ཆུང་ས་མཐའ་ལ་མ་ཡོང་།།
ས་མཐའི་འཚོ་བར་ཞེན་ཁ་ཡོད་རེ་སྐན།།
མ་ཡོང་མ་ཡོང་ས་མཐར་མ་ཡོང་ཨང་།།
དྲན་གདུང་སེམས་པ་ཆར་ཆུས་རྦགས་བཞིན་འདུག །
ཨ་མའི་བུ་ཆུང་ས་མཐའ་ལ་མ་ཡོང་།།
ས་མཐའི་འཚོ་བར་དགུན་གྱི་མཚོ་ཁ་རེད།།
གསེར་བྱ་ངང་པ་ཐག་རིང་རོང་སར་འཕུར།།
འཁྱགས་ཀྱི་བཟུང་བའི་མཚོ་འགྲམ་སྟོང་ལྷང་ལྷང་།།
ས་མཐར་ས་མཐར་མ་ཡོང་ཨོ་ལོ་ཚོ།།
ས་མཐའི་འཚོ་བར་བྲལ་གདུང་སྒྲུང་གཏམ་མང་།།
སྐྱོ་གར་སྒྲུང་གཏམ་མང་བའི་རྐང་ལམ་འདི།།
སྐྱུར་འདོད་འདུན་པ་ཆེ་ཡང་ལས་སུ་བཀོད།།
ཨ་མའི་བུ་ཆུང་ས་མཐའ་ལ་མ་ཡོང་།
རང་ཡུལ་ཉི་མའི་བཏང་བའི་ས་མཐའ་དེ་།
མུན་པའི་སྨག་རུམ་འཐུག་པོ་སངས་རྒྱུ་མེད་།
དགའ་སྐྱིད་སྐྱ་རིང་ནམ་མཁའ་ལང་རྒྱུ་མེད་།
ཨ་མའི་བུ་ཆུང་ས་མཐའ་ལ་མ་ཡོང་།།
ས་མཐའི་འཚོ་བ་ང་ཡ་ཡུ་མུག་རེད།།
ཁོག་གི་སྡུག་བསྔལ་སུ་ཡིས་རྟོགས་ནུས་ཏེ།།
ཨ་མའི་པང་གི་བདེ་སྐྱིད་བརླག་མ་བཅུག།