༄༅། །བོད་རིགས་རང་སྐྱོང་ས་ཁོངས་བསྐྱར་དུ་ལེགས་སྒྲིག་བྱས་ནས་མི་རིགས་ཀྱི་རང་བདག་དབང་ཆར་དངོས་འབྲེལ་འགན་སྲུང་ཡོང་ཐབས་སྐོར་གྱི་བསམ་འཆར་འགའ་ཤས། །
ཕྱི་ལོ་༡༩༨༠ ལོའི་ཟླ་༡༡ ཚེས་༢༧ ལ། །
ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ། མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང༌། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ལ།
ང་ཚོ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་གྱི་བོད་རིགས་ལས་བྱེད་དཀྱུས་མ་འགའ་ཤས་ཡིན། ༼མི་བཞི་ཤོག་ཁག༽ གཏོར་རྗེས། ཀྲུང་དབྱང་ནས་ཟིང་བཅོས་ཡོ་བསྲང་གིས་མི་རིགས་སྲིད་ཇུས་ཐོག་མར་དོན་འཁྱོལ་གནང་བ་དེར་སྙིང་ནས་དགའ་སྤྲོ་འཕེལ་ཞིང༌། ལྷག་པར་དུ༌།༨༠། ཡིག་ཆ་ཨང་༣༡ པ་དེས་སྐྱོན་ཆ་ཡོད་སར་རྣག་ཐོག་གཙག་འཁེལ་ལྟ་བུས་གནད་འགག་ལ་གཏུགས་ཐུབ་པ་དེ་ནི་ང་ཚོའི་ཏང་གི་མི་རིགས་གནད་དོན་གྱི་ཤེས་རྟོགས་རྣམ་བཤད་ཀྱི་ཐད་ལ་བརྟོལ་ཕོད་པ་དང་བརྒལ་ཕོད་པ་ཞིག་བྱུང་བ་དང༌། དེ་ནི་མི་རིགས་ལས་དོན་ཀྱི་ཁ་ཕྱོགས་སྒྱུར་མཚམས་དང༌། འགོ་འཛུགས་ས་གསར་པ་ཞིག་ཡིན། ལོ་སུམ་ཅུའི་རིང་མི་རིགས་ཀྱི་གནད་དོན་ཐོག་ཡོ་ལང་གི་གོད་ཆག་བྱུང་བའི་ལོ་རྒྱུས་ལ་ཕྱི་མིག་ལྟ་སྐབས། ང་ཚོའི་ཏང་འདི་མི་རིགས་ཀྱི་གནད་དོན་ཐོག་བསྐྱར་དུ་བཀས་བཀོད་རྒྱུད་འཛིན་གྱི་འཆིང་རྒྱར་ཚུད་མི་རུང་བ་དང༌། དངོས་ཕན་རིང་ལུགས་ཀྱི་སྤྱོད་ཚུལ་འཛིན་མི་རུང་བ། བསྐྱར་དུ་སྲོལ་རྒྱུན་འདུ་ཤེས་ཀྱིས་ང་ཚོའི་བྱ་སྤྱོད་ལ་བཀོད་འདོམས་བྱེད་དུ་འཇུག་མི་རུང༌།
བཅིངས་འགྲོལ་རྗེས་ང་ཚོའི་མི་རིགས་ཀྱི་ལས་དོན་ཐད་གཞི་རྐང་གྲུབ་འབྲས་ངེས་ཅན་ཞིག་ཐོབ་ཡོད་རུང༌། ང་ཚོའི་སྤྱི་ཚོགས་རིང་ལུགས་ནི་བཀས་བཀོད་རྒྱུད་འཛིན་གྱི་ས་གཞིའི་ཐོག་སྐྱེས་པ་ཞིག་ཡིན་པས། མི་རིགས་སྲིད་ཇུས་ཐད་ལའང་བཀས་བཀོད་རྒྱུད་འཛིན་གྱི་རྗེས་ཤུལ་ཕྲན་བུ་ཞིག་ཡོད་རྒྱུ་ནི་གཡོལ་ཐབས་མེད་ལ། མི་རིགས་སྲིད་ཇུས་ཀྱི་ནང་དོན་མང་བོ་ད་དུང་ཡོངས་སུ་དོན་འཁྱོལ་བྱུང་མེད་པ། སྲིད་ཇུས་འགའ་ཤས་ཆ་མི་ཚང་བ་དང་ནུས་པ་དེ་ཙམ་མ་ཐོན་པ་བཅས་བྱུང་ཡོད། མ་གཞི་ལོ་ཤས་ནང་ཟིང་བཅོས་ཡོ་བསྲང་བྱས་ཡོད་ཀྱང༌། ད་དུང་གནད་དོན་མང་བོ་ལྷགས་ཡོད་ལ་ནུས་པ་དེ་ཙམ་ཐོན་མེད་ཅིང༌། ལྷག་པར་དུ་བོད་རིགས་ས་ཁོངས་རང་སྐྱོང་གི་གནད་དོན་ཐད་དེ་བས་མངོན་གསལ་དོད་པོ་ཡོད་པ་དེས། བརྟན་ལྷིང་མཐུན་སྒྲིལ་ལ་མི་ཕན་པའི་རྒྱུ་རྐྱེན་ཡང་གནས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ཕུལ་བྱུང་རང་བཞིན་དེ་བོད་རིགས་ཀྱི་དཔལ་འབྱོར་དང་རིག་གནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བྱེད་པའི་ཐད་ལའང་ད་དུང་ཡོངས་སུ་གསལ་པོར་མཚོན་པ་ཞིག་བྱུང་མེད། གཞི་རྐང་ལོ་སུམ་ཅུའི་ལོ་རྒྱུས་ཀྱི་ཐོག་ནས་བོད་རིགས་མི་དམངས་ནི་ཏང་ལ་དགའ་ཞེན་དང་མེས་རྒྱལ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་ཡོད་པ་ཞིག་ཡིན་རུང༌། གོང་གསལ་གནད་དོན་རྣམས་དེ་མུར་ཡུན་རིང་གནས་ན་མི་རིགས་མཐུན་སྒྲིལ་ལ་ཤུགས་རྐྱེན་ཐེབས་རྒྱུ་དང༌། མེས་རྒྱལ་གོང་བུ་གཅིག་གྱུར་ལའང་གྲིབ་སོ་ནག་པོ་ཕོག་པ་ལྟར་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་ངེས་ཅན་རེད།
བོད་རིགས་ས་ཁོངས་རང་སྐྱོང་གི་ཐད་ལ་གནད་དོན་མངོན་གསལ་དོད་པོ་ཡོད་ཟེར་དགོས་དོན་གང་ཡིན་ནམ། གཙོ་བོ་གཤམ་གསལ་ཕྱོགས་གཉིས་ཀྱི་རྒྱུ་རྐྱེན་ཡོད་པ་སྟེ།
༼དང་བོ།༽
ད་ལྟ་དབྱེ་བགོས་བྱས་པའི་བོད་རིགས་རང་སྐྱོང་ལྗོངས་ཏེ། བོད་རང་སྐྱོང་ལྗོངས་དེས་བོད་ཡུལ་ཡོངས་ཀྱི་བོད་རིགས་ཚང་མའི་ཚབ་བྱེད་ཁག་པོ་ཡིན།
༡༽ མི་འབོར་གྱི་བསྡུར་ཚད་དང་ས་ཁམས་ཀྱི་ཆགས་ཚུལ་གྱི་ཐད་ནས་ལུགས་མཐུན་མིན་པ།
ཉེ་བའི་ལོ་ཤས་ནང་གི་སྡོམ་རྩིས་ལྟར་ན། ད་ཡོད་བོད་རིགས་ཀྱི་མི་འབོར་ཁྲི་སུམ་བརྒྱ་བཞི་བཅུ་ལྷག་ཙམ་ཡོད་པ་ནས། བོད་རང་སྐྱོང་ལྗོངས་ལ་བོད་རིགས་མི་འབོར་ཁྲི་བརྒྱ་དང་བཞི་བཅུ་༤༤༠ལྷག་ཙམ་ལས་མེད་པ་དེས་སྤྱི་འབོར་གྱི་བརྒྱ་ཆ་བཞི་བཅུ་༤༠ལས་ཟིན་མེད་པ་ནི་ཕྱེད་ཀ་ཡང་ཟིན་མེད་པར། དེ་མིན་བོད་རིགས་བརྒྱ་ཆ་དྲུག་ཅུ་༦༠ནི་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་རོལ་དུ་ཕུད་ཡོད་པར་བརྟེན། བོད་ཀྱི་ཚབ་བྱེད་རང་བཞིན་དེར་གཞི་རྩའི་ཐོག་ནས་ཚད་བཀག་ཧ་ཅང་ཆེན་པོ་ཡོད་པ་ཞིག་ཡིན།
མཚོ་བོད་ས་མཐོ་ཞེས་པ་ནི་ཧྲིལ་པོ་གཅིག་ཏུ་འབྲེལ་བའི་ས་ཁམས་ཀྱི་ཐ་སྙད་ཅིག་ཡིན། ལོ་རྒྱུས་ཐོག་ནས་དེར་འཚོ་ཞིང་གནས་པའི་བོད་རིགས་མི་དམངས་ཀྱིས་ས་ཁམས་ཀྱི་ཆགས་ཚུལ་གཞིར་བཟུང་ནས་རང་གི་མི་རིགས་དེ། ཚོ་ཁག་ཆེན་པོ་བཞི་རུ་བགོས་ཡོད་པ་སྟེ། དབུས་དང༌། གཙང༌། ཁམས།ད་ལྟའི་སི་ཁྲོན་གྱི་དཀར་མཛེས་ས་ཁུལ། བོད་ཀྱི་ཆབ་མདོ། མདོ་མཚོ་སྔོན་དང༌། ཀན་སུའུ། སྲི་ཁྲོན་ནུབ་བྱང་བཅས་ཡིན། མིག་སྔར་དབྱེ་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱིས་དབུས་གཙང་གཉིས་གཅིག་པུར་དོ་དམ་བྱེད་ཀྱི་ཡོད་པས། ས་ཁོངས་ཀྱི་ངོས་ནས་བཤད་ན་བོད་རིགས་ས་ཁོངས་ཡོངས་ཀྱི་ཚབ་བྱེད་ཐབས་མེད། ཀན་སུའུ་དང༌། མཚོ་སྔོན། སི་ཁྲོན། ཡུན་ནན་བཅས་ཀྱི་བོད་རིགས་ས་ཁོངས་དེ་མ་གཞི་ཞིང་ཆེན་བཞི་པོ་དེའི་ཁོངས་སུ་དབྱེ་ཡོད་རུང༌། ས་ཁམས་ཆགས་ཚུལ་གྱི་ངོས་ནས་བཤད་ན་དབུས་གཙང་དང་དམ་པོར་འབྲེལ་ཡོད་ཅིང༌། ས་མཚམས་འབྲེལ་ནས་ཧྲིལ་པོ་གཅིག་ཏུ་འགྲིལ་ཡོད་པ་ལས་བར་སྟོང་གི་རྒྱང་ཐག་གང་ཡང་མེད་བཞིན་དུ། བོད་གཅིག་པུ་ཕྱིར་བཏོན་ནས་དབྱེ་བ་དེར་ས་ཁམས་ཀྱི་ངོས་ནས་བཤད་ན་ཁུངས་སྐྱེལ་བྱེད་ཁག་པོ་ཞིག་ཡིན། ལོ་རྒྱུས་ཀྱི་གོམས་གཤིས་ངོས་ནས་བཤད་ནའང༌། བོད་རིགས་མི་དམངས་ཀྱིས་ཁམས་དང་མདོ་ཞེས་པ་དེ་ས་ཁམས་ཀྱི་ཐ་སྙད་ཅིག་ཏུ་བརྩིས་ནས། རྩོམ་ཡིག་དང༌། སྒྲོག་སྦྱངས་འགྲེལ་བཤད་སོགས་གང་བྱས་ཀྱང༌། ཁམས་དང་མདོ་ཞེས་པ་ལས་བོད་རིགས་ས་ཁོངས་མཚོན་པར་བྱེད་པའི་ལོ་རྒྱུས་ཀྱི་སྲོལ་རྒྱུན་དེར་བརྩི་བཀུར་བྱེད་འོས་པ་ཞིག་ཡིན།
༢༽ ཞིང་ཆེན་བཞིར་ཁ་བཀྲམ་ནས་དབྱེ་བའི་བོད་རིགས་རང་སྐྱོང་ས་ཁུལ་ནང་གི་མི་རིགས་གྲུབ་ཚུལ་གྱི་ངོས་ནས་བལྟས་ན། བོད་རིགས་ནི་ས་ཁུལ་དང་རྫོང་དེ་རྣམས་ཀྱི་གཙོ་བོའི་མི་རིགས་ཀྱི་གྲུབ་ཆ་ཡིན་པ་ལས། ཁ་འཐོར་ཆེན་པོ་དང་གཅིག་སྡུད་ཆུང་ངུ་ཟེར་བའི་འདྲེས་སྡོད་ས་ཁུལ་ཞིག་མིན།
ཀན་སུའུ་ཀན་ལྷོ་ས་ཁུལ་དེ་༡༩༥༨ ལོར་འཛུགས་སྐབས་མི་འབོར་ཁྲི་སུམ་ཅུ་དང་ཆིག་སྟོང་བདུན་བརྒྱ་ཉི་ཤུ་རྩ་དགུ་༣༠༡༧༢༩ཡོད།རྒྱ་རིགས་འདུས་སྡོད་ཀྱི་རྫོང་བ་ཙེ་༼ལིང་ཐེན་༽རྫོང་ཚུད་ དེའི་ནང་བོད་རིགས་ཁྲི་བཅོ་ལྔ་དང་བདུན་བརྒྱ་ལྔ་བཅུ་ང་བརྒྱད་༡༥༠༧༥༨ཡོད་པ་དེས་སྤྱིའི་མི་འབོར་གྱི་ཕྱེད་ཙམ་ལོན་ཡོད། རྒྱ་རིགས་ཁྲི་བཅུ་གསུམ་དང་ཆིག་སྟོང་སུམ་བརྒྱ་བཞི་བཅུ་ཞེ་བརྒྱད་༡༣༡༣༤༨ཡོད་བ་ཙེ་༼ལིན་ཐན་༽རྫོང་གཅིག་པུར་ལྔ་ཁྲི་དྲུག་སྟོང་དྲུག་བརྒྱ་བཅོ་བརྒྱད་༥༦༦༡༨ཡོད་པ་དེས་བརྒྱ་ཆ་བཞི་བཅུ་ཞེ་གསུམ་ཟིན་གྱི་ཡོད། མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ། མཚོ་ལྷོ། མཚོ་ནུབ། མཚོ་བྱང༌། མགོ་ལོག སྐྱེ་རྒུ་མདོ་བཅས་ས་ཁུལ་དྲུག་ནང་བོད་རིགས་ཀྱིས་ས་ཁུལ་དེ་ཚོའི་སྤྱིའི་མི་འབོར་གྱི་བརྒྱ་ཆ་བདུན་ཅུ་དང༌། དགུ་བཅུ་ཡན་ཟིན་ཡོད། སི་ཁྲོན་དང༌། ཡུན་ནན་ནི་ག་འདྲ་ཞིག་རེད་ཟེར་ན། ༡༩༥༨ ལོའི་སྡོམ་རྩིས་ལྟར་ན། སི་ཁྲོན་ཞིང་ཆེན་གྱི་རྔ་བ་ས་ཁུལ་དུ་བོད་རིགས་ཁྲི་ཉི་ཤུ་རྩ་གཅིག་དང་བདུན་སྟོང་དྲུག་བརྒྱ་བཅོ་ལྔ་༢༡༧༦༡༥ཡོད་པ་དེས་སྤྱིའི་མི་འབོར་གྱི་བརྒྱ་ཆ་བཞི་བཅུ་ཞེ་གཅིག་དང་གྲངས་ཆུང་གཉིས་༤༡།༢ཟིན་ཡོད། རྒྱ་རིགས་ཁྲི་ཉི་ཤུ་དང་ལྔ་སྟོང་སུམ་བརྒྱ་ཉི་ཤུ་རྩ་གཅིག་༢༠༥༣༢༡ཡོད་པ་དེས་སྤྱིའི་མི་འབོར་གྱི་བརྒྱ་ཆ་སུམ་ཅུ་སོ་བརྒྱད་དང་གྲངས་ཆུང་བརྒྱད་ཅུ་གྱ་བདུན་༣༨།༨༧ཟིན་ཡོད། དཀར་མཛེས་ས་ཁུལ་དུ་བོད་རིགས་ཁྲི་བཞི་བཅུ་ཞེ་བཞི་དང་བཞི་སྟོང་ཉིས་བརྒྱ་ཉི་ཤུ་རྩ་དྲུག་༤༤༤༢༢༦ཡོད་པ་དེས་སྤྱིའི་མི་འབོར་གྱི་བརྒྱ་ཆ་བརྒྱད་ཅུ་གྱ་གཉིས་༨༢ཟིན་ཡོད། ཡུན་ནན་ཞིང་ཆེན་བདེ་ཆེན་ས་ཁུལ་དུ་བོད་རིགས་དྲུག་ཁྲི་བདུན་སྟོང་བརྒྱད་བརྒྱ་དགུ་བཅུ་གོ་དྲུག་༦༧༨༩༦ཡོད་པ་དེས་སྤྱིའི་མི་འབོར་གྱི་བརྒྱ་ཆ་བཞི་བཅུ་དང་གྲངས་ཆུ་ལྔ་༤༠།༥ཟིན་ཡོད་པ་དང༌། རྒྱ་རིགས་སུམ་ཁྲི་སྟོང་མེད་བརྒྱ་མེད་སུམ་ཅུ་སོ་གཅིག་༣༠༠༣༡ཡོད་པ་དེས་སྤྱིའི་མི་འབོར་གྱི་བརྒྱ་ཆ་བཅུ་བདུན་དང་གྲངས་ཆུང་དགུ་བཅུ་གོ་གཅིག་༡༧།༩༡ཟིན་ཡོད། ས་ཁམས་ཐད་བོད་ཧྲིལ་པོ་གཅིག་ཏུ་འབྲེལ་ཡོད་ལ། མི་འབོར་ཐད་བོད་རིགས་ཀྱི་གྲངས་མང་ཟིན་པ་དེ་རྣམས་བོད་རིགས་རང་སྐྱོང་ལྗོངས་ཀྱི་ཕྱི་རོལ་དུ་དབྱེ་བ་དེ་ནི་མ་ལེ་རིང་ལུགས་ཀྱི་མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་རྣམ་བཤད་དང་མི་མཐུན་པ་ཞིག་ཡིན།
༣༽༼ས་ཁོངས་རྒྱ་ཆེ་བས་དོ་དམ་བྱེད་དཀའ་བ་༽དེ་རྒྱུ་མཚན་དུ་བྱས་ནས་ས་ཁོངས་ཁ་འགྲེམས་པ་ཞེས་པའི་ཤོད་སྟངས་དེ་ཡང་གཞི་བཟུང་ས་མེད་པ་ཞིག་ཡིན།
ཞིང་ཆེན་ལྔའི་བོད་རིགས་ས་ཁུལ་གྱི་རྒྱ་ཁྱོན་ལ་ཕལ་ཆེར་སྤྱི་ལེ་ཀི་ལོ་མི་ཀྲར་གྲུ་བཞི་མ་ཁྲི་ཉིས་བརྒྱ་སུམ་ཅུ་ཙམ་ཡོད་པ་དེས་རྒྱལ་ཡོངས་ས་ཁྱོན་གྱི་བཞི་ཆ་གཅིག་མིན་ཙམ་ཟིན་གྱི་ཡོད་པ་དེ་དོ་དམ་བྱེད་མི་བདེ་ཙམ་ཡོད་ཀྱང༌། སྤུན་ཟླའི་རང་སྐྱོང་ལྗོངས་དང་བསྡུར་ན། དོ་དམ་བྱེད་མི་བདེ་བ་ཞེས་པ་དེ་བོད་ས་ཡོངས་རྫོགས་སྐྱོང་བའི་རང་སྐྱོང་ལྗོངས་མི་འཛུགས་པའི་རྒྱུ་མཚན་དུ་འགྱུར་མི་ཐུབ། དཔེར་ན་ཤིན་ཅང་གིས་རྒྱལ་ཡོངས་ས་ཁྱོན་གྱི་དྲུག་ཆ་གཅིག་ཟིན་གྱི་ཡོད་པ་མ་ཟད་རང་བྱུང་གི་གནས་སྟངས་རྙོག་འཛིང་ཆེ་ལ་གཡང་གཟར་ཆེ་བ། བྱེ་ཐང་དང་གངས་རི། འཁྱགས་པའི་རི་བོ་སོགས་ཡོད་ལ། ལྷོ་ནས་བྱང་བར་སྤྱི་ལེ་སྟོང་ཕྲག་གིས་ཆོད་ཡོད་ཀྱང་དེ་རང་སྐྱོང་ས་ཁོངས་གཅིག་ཏུ་དབྱེ་ཡོད། ནང་སོག་ལ་ཆ་མཚོན་ན་ཤར་ནས་ནུབ་བར་གྱི་ཐད་ཐིག་ལ་སྤྱི་ལེ་སུམ་སྟོང་ལྷག་ཙམ་ཡོད་ལ། ས་ཁུལ་མི་ཉུང་བ་ཞིག་དབར་བྱེ་ཐང་གིས་བཀག་ནས་འགྲིམ་འགྲུལ་སོགས་ཀྱི་འབྲེལ་བ་བྱེད་པར་ཧ་ཅང་སྟབས་མི་བདེ་བ་ཡོད་ཀྱང་དེའང་རང་སྐྱོང་ས་ཁོངས་གཅིག་ཏུ་དབྱེ་ཡོད། འོན་ཀྱང་བོད་རིགས་ཀྱི་ཐོག་ཀྲུང་དབྱང་གིས་ཧྲིལ་པོ་ཆ་ཚང་ཡིན་པའི་བོད་རིགས་ས་ཁོངས་དེ་དུམ་བུ་བཞི་ལྔར་བགོས་ནས༌། བོད་ཀྱི་རིག་གཞུང་སློབ་གསོ་དང་བྱ་གཞག་གཞན་དག་མི་རིགས་ཀྱི་ཁྱད་ཆོས་དང་མཐུན་པའི་མ་ལག་གྲུབ་དཀའ་བ་ཞིག་བཟོས་ཡོད་པར་བརྟེན། བོད་རིགས་མི་དམངས་ཀྱི་བསམ་པར་དེ་ནི་དོན་དངོས་ཐོག་ཀྲུང་དབྱང་ནས་འདྲ་མཉམ་མིན་པ་ཞིག་བྱས་བྱུང་སྙམ་པའི་བློ་ཕམ་ཡི་ཆད་དང་དོགས་འཆར་མི་ཡོང་བ་ག་ལ་སྲིད།
༤༽སྤུན་ཟླའི་རང་སྐྱོང་ས་ཁོངས་ཀྱི་མི་འབོར་བསྡུར་ཚད་ཀྱི་བསྡུར་བའི་ངོས་ནས་བལྟས་ན། བོད་རིགས་རང་སྐྱོང་ས་ཁོངས་དབྱེ་སྟངས་ཐད་དེ་བས་ལུགས་མཐུན་དྲང་བཞག་མིན་པ་ཞིག་ཚོར་གྱི་འདུག
ནང་སོག་ལ་མི་འབོར་ཁྲི་ཆིག་སྟོང་བརྒྱད་བརྒྱ་ལྔ་བཅུ་ཡོད་པ་ལས་སོག་རིགས་ཀྱིས་བརྒྱ་ཆ་བཅུ་གཅིག་ལས་ཟིན་མེད་ཀྱང་དེ་གའི་ཨན་རེ་སུའེ་དེ་ནང་སོག་རང་སྐྱོང་ལྗོངས་ལ་དབྱེ་ཡོད། ཉིན་ཤ་ཧུའེ་རིགས་ཀྱིས་བརྒྱ་ཆ་སུམ་ཅུ་སོ་གསུམ་ལས་ཟིན་མེད་རུང་༡༩༥༨ ལོའི་གྲངས་ཀ་དེ་ཡང་རང་སྐྱོང་ལྗོངས་ལ་དབྱེ་ཡོད། ཤིན་ཅང་ཡུ་གུར་རིགས་ཀྱིས་བཞི་ཆ་གཅིག་ལས་ཟིན་མེད་རུང་དེ་ཡང་རང་སྐྱོང་ལྗོངས་ལ་དབྱེ་ཡོད་ཀྱང༌། བོད་རིགས་ཀྱི་སྤྱིའི་མི་འབོར་གྱི་བརྒྱ་ཆ་སུམ་ཅུ་སོ་དྲུག་ཡན་ལོན་ཞིང༌། འཚོ་སྡོད་བྱེད་པའི་ས་ཁྱོན་དེ་ཞིང་ཆེན་དེ་ཡོངས་ཀྱི་བརྒྱ་ཆ་དགུ་བཅུ་ཡན་ལོན་པ་དང༌། བོད་རིགས་མེད་པའི་རྫོང་གཅིག་ཀྱང་མེད་པའི་མཚོ་སྔོན་ཞིང་ཆེན་དེ་ཡང་སྐམ་ས་ནང་ཁུལ་གྱི་སྲིད་འཛིན་ཞིང་ཆེན་ཞིག་ཏུ་དབྱེ་ཡོད། མཚོ་སྔོན་དང༌། ཀན་སུའུ། སི་ཁྲོན་བཅས་པར་བོད་རིགས་ཁྲི་ཉིས་བརྒྱ་ཡོད་ཀྱང་རང་སྐྱོང་ལྗོངས་ཁོངས་དབྱེ་མེད། མི་རིགས་འདྲ་མིན་ལ་སྤྱོད་ཚུལ་འདྲ་མིན་འཛིན་པ་དེས་མི་རིགས་དབར་དོན་དངོས་ཐོག་འདྲ་མཉམ་མིན་པ་དེ་གསལ་བཤད་བྱས་ཡོད་ལ། མི་རིགས་ས་ཁོངས་དབྱེ་སྟངས་ཐད་དངོས་ཕན་རིང་ལུགས་ཀྱི་བྱེད་སྟངས་ཡོད་པ་དེ་གསལ་བཤད་བྱས་ཡོད།
༥༽ད་ལྟའི་བོད་རིགས་རང་སྐྱོང་ས་ཁོངས་དེ་གཞི་རྩའི་ཐོག་དེ་སྔ་གོ་མིན་ཏང་དང་ལོ་རྒྱུས་རིམ་བྱུང་གི་ཀྲུང་དབྱང་བཀས་བཀོད་རྒྱུད་འཛིན་གོང་མའི་རྒྱལ་ཁབ་ཀྱི་བོད་རིགས་ས་ཁོངས་དབྱེ་སྟངས་དེ་རྒྱུན་འཛིན་བྱས་ཡོད།
ལོག་སྤྱོད་དབང་སྒྱུར་གྲལ་རིམ་གྱིས་ བྱབྱཡིའི་རིགས་ལ་བརྟེན་ནས་ཡིའི་རིགས་འདུལ་བ་བྱབྱ དང༌། བྱབྱཁ་ཕྲལ་ནས་འདུལ་བའི་བྱབྱ དམིགས་ཡུལ་འགྲུབ་ཆེད། དེ་སྔ་ཧྲིལ་པོ་ཆ་ཚང་ཡིན་པའི་བོད་རིགས་ས་ཁོངས་དེ་ལས་རང་ཉིད་ཀྱིས་དབང་སྒྱུར་བྱེད་ཐུབ་ཚོད་ཀྱི་བོད་རིགས་ས་ཁོངས་ཤིག་ཕྱིར་བཏོན་ནས་དབྱེ་བ་དེ་ཁོ་ཚོས་དབང་སྒྱུར་བྱེད་བདེའི་ཆེད་དུ་ཡིན། མིག་སྔར་སི་ཁྲོན་དང༌། ཀན་སུའུ། མཚོ་སྔོན། ཡུན་ནན་བཅས་ཀྱི་ས་ཁོངས་དབྱེ་སྟངས་དེ་ཀྲའོ་ཨར་ཧཕེང་དང༌། མཱ་པུའུ་ཧཕང༌། ཧཕིན་ཡུས་ཞང་སོགས་ཀྱིས་བོད་རིགས་ས་ཁོངས་ལ་དབང་སྒྱུར་བྱས་པའི་འབྲས་བུ་ཞིག་རེད། ཁོ་ཚོའི་གྲལ་རིམ་གྱི་ངོ་བོར་བརྟེན་ནས་བོད་རིགས་ས་ཁོངས་ལ་དབང་སྒྱུར་བྱས་པའི་འབྲས་བུ་ཞིག་རེད། ཁོ་ཚོའི་གྲལ་རིམ་གྱི་ངོ་བོར་བརྟེན་ནས་བོད་རིགས་མི་དམངས་ཀྱི་རྩ་བའི་ཁེ་ཕན་གྱི་ཆེད་དུ་བསམ་བློ་གཏོང་མི་སྲིད། ང་ཚོ་ནི་མ་ལེ་རིང་ལུགས་པ་ཡིན་པས་ཁོ་ཚོ་དང་ངོ་བོའི་ཐོག་ནས་གྲལ་རིམ་དབྱེ་བ་ཡོད། འོན་ཀྱང་བཅིངས་འགྲོལ་རྗེས། བོད་རིགས་རང་སྐྱོང་ས་ཁོངས་དབྱེ་སྟངས་ཐད། ང་ཚོས་སྤྱི་ཚོགས་རྙིང་བས་བཞག་པའི་བོད་ས་ཡོངས་ཀྱི་ས་ཁོངས་དབྱེ་སྟངས་དེ་ཚུར་བླངས་ཡོད་པས། དེར་སྲོལ་རྒྱུན་འདུ་ཤེས་དང༌། བཀས་བཀོད་རྒྱུད་འཛིན་གྱི་རྩ་རྒྱུད་བསམ་བློས་ང་ཚོ་གུང་ཁྲན་ཏང་མིར་བསླད་སྐྱོན་བཏང་བ་ཞིག་རེད་ཅེས་མི་བརྗོད་ཀ་མེད་རེད།
༦༽ས་ཁོངས་དབྱེ་སྟངས་དེ་རིགས་ཀྱི་རྐྱེན་པས་ཀྲུང་དབྱང་ནས་བོད་རིགས་ས་ཁུལ་གྱི་ལས་དོན་ལ་མཛུབ་སྟོན་བྱེད་སྟངས་ཐད་ཕྱོགས་རིས་ཀྱི་རང་བཞིན་བྱུང་ཡོད།
བོད་རིགས་དང་འབྲེལ་ཡོད་ཀྱི་ལས་དོན་ཐད་བོད་གཅིག་པུར་དོ་སྣང་ཆེན་པོས་བལྟས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང༌། མ་དངུལ་རོགས་སྐྱོར་སོགས་བོད་ཙམ་ལ་མ་གཏོགས་མ་བྱས་སྟབས། བོད་རིགས་ནང་ཁུལ་གྱི་ཡར་རྒྱས་དེ་ཆ་སྙོམས་མིན་པ་ཞིག་བྱུང་བས་ས་ཁུལ་དབར་གྱི་ཧེ་བག་ཆེ་རུ་བཏང་ཡོད་ལ། ང་ཚོའི་བོད་རིགས་ས་ཁོངས་དབྱེ་སྟངས་ཐད་ཀྱི་སྐྱོན་ཆ་དེས་སྤྱི་ཚོགས་བཙན་རྒྱལ་རིང་ལུགས་ལ་ཡང་ལབ་གཞི་སྤྲད་ནས། ཁོ་ཚོས་དེར་བརྟེན་ནས་རང་རྒྱལ་གྱི་མི་རིགས་ས་ཁོངས་ཀྱི་སྲིད་ཇུས་ལ་དམའ་འབེབས་དང་དཀྲོག་གཏམ་བཟོས་ཏེ། རང་རྒྱལ་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་ལ་གནོན་འཚེ་བཏང་ཡོད།
༼གཉིས་པ།༽
བོད་རིགས་ས་ཁོངས་རང་སྐྱོང་གི་ད་ལྟའི་གནས་སྟངས་དེ་ནི་ས་ཁམས་དང༌། མི་འབོར། སྲོལ་རྒྱུན་བཅས་གང་གི་ཐད་ནས་ཀྱང་ཁུངས་སྐྱེལ་བྱེད་ཁག་པོ་ཡིན་པ་མ་ཟད། ལག་ལེན་གྱི་ནང་དུའང་སྐྱོན་ཆ་ཧ་ཅང་མང་བོ་ཞིག་མངོན་གསལ་དུ་ཐོན་ཡོད་པ་དེ་ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་ལམ། མཚོ་སྔོན་དང་ཀན་སུའུ། ཡུན་ནན་བཅས་ཀྱི་བོད་རིགས་ས་ཁུལ་ལ་ལོ་ཉི་ཤུ་རྩ་བརྒྱད་རིང་གི་ལག་ལེན་ཐོག་ནས་མཚོན་པའི་གཙོ་གནད་གཤམ་གསལ།
༡༽ རང་བདག་གི་དབང་ཆ་དེ་ཅི་གསུང་བཀའ་སྒྲུབ་ཀྱི་དབང་ཆར་གྱུར་པ།
ཀན་ལྷོར་དཔེ་བཞག་ན། ཀན་ལྷོའི་བོད་རིགས་ཁྲི་ཉི་ཤུ་དེས་ཀན་སུའུའི་སྤྱིའི་མི་འབོར་གྱི་དགུ་བརྒྱའི་ཆ་གཅིག་ལས་ཟིན་མེད་པས། ཤིན་ཏུ་ནས་གྲངས་ཉུང་ཞིག་ཡིན་པ་དེའི་ཐོག ས་ཁུལ་ཡོངས་ཀྱི་དོ་དམ་ལས་བྱེད་དང་ལས་བཟོའི་ནང་བརྒྱ་ཆ་བརྒྱད་ཅུ་ཡན་ཆད་རྒྱ་རིགས་ཡིན་པས། ཕྱི་རོལ་ཡུལ་དུ་རྒྱ་རིགས་རིག་གནས་ཀྱི་ཁྱབ་ཁོངས་ཤིག་བཟོས་ཡོད། ཀན་སུའུ་དེ་ཡང་རྒྱ་རིགས་ཀྱིས་གཙོ་ཤུགས་བྱེད་རྐྱང་བྱེད་པའི་སྐམ་ས་ནང་ཁུལ་གྱི་ཞིང་ཆེན་ཞིག་ཡིན་པར་བརྟེན། མཛུབ་སྟོན་གྱི་ལས་དོན་ནང་ཀན་ལྷོ་དེ་ཡང་རྒྱ་རིགས་ས་ཁུལ་དང་ བྱབྱགཅིག་པ་གཅིག་རྐྱང་བྱབྱ དུ་བརྩིས་ནས། གཅིག་གྱུར་གྱི་འཆར་འགོད་དང༌། གཅིག་གྱུར་གྱི་སྲིད་ཇུས། གཅིག་གྱུར་གྱི་བྱ་སྤྱོད་ཡོང་བར་ནན་བཤད་བྱས་ནས། ལས་དོན་མཐའ་དག་ཞིང་ཆེན་དང་ཁ་སྦྲགས་བཟོས་ནས་ལས་དོན་ཆེ་ཕྲ་ཆུང་གསུམ་ཚང་མ་ངག་བཀོད་ལྟར་དོན་འཁྱོལ་དང་ལག་བསྟར་གྱིས། ཞིང་ཆེན་ཡོངས་ཀྱི་གོམ་སྟབས་ཀྱི་རྗེས་ཟིན་པ་བྱེད་དགོས་པར་བརྟེན། རང་བདག་གི་དབང་ཆ་དེ་སྒྲོམ་སྟོང་བ་ཞིག་ཏུ་གྱུར་ཅིང༌། མི་རིགས་ས་ཁོངས་རང་སྐྱོང་ཟེར་བ་དེ་རང་ཤུགས་ཀྱིས་འོན་པའི་རྣ་བ་ལྟ་བུ་ཞིག་ཏུ་གྱུར་ནས་འགྱོད་གདུང་སྐྱེ་འོས་པའི་ལོ་རྒྱུས་ཀྱི་བསླབ་བྱ་མང་བོ་ཕོག་དགོས་པ་བཟོས་པ་རེད། དཔེར་ན་༡༩༥༨ ལོའི་སྟོན་ཁར་དམངས་གཙོའི་བཅོས་སྒྱུར་མཇུག་བསྒྲིལ་མེད་རུང༌། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་གོམ་སྟབས་དང་རྗེས་ཟིན་ཆེད། དགོང་མོ་གཅིག་ལ་ཀུང་ཧྲེཅན་དུ་བསྒྱུར་བ་དང༌། སྐམ་ས་ནང་ཁུལ་གྱི་ལས་ཀའི་ཉམས་མྱོང་དེ་བོད་ལ་ཞྭ་དཔེ་ལྷམ་འགེབས་བྱས་སྟབས། ཟིང་འཁྲུག་ཞོད་འཇགས་གཏོང་རྒྱུ་རྒྱ་ཆེ་དྲགས་པ་དང༌། འཛིན་བཟུང་བྱེད་ནོར་བ། དོ་དམ་བྱེད་ནོར་བ། ཞཱ་མོ་གཡོགས་ནོར་བ་བཅས་ཁྱོན་བསྡོམས་མི་ཉིས་ཁྲི་བཞི་སྟོང་དགུ་བརྒྱ་བཅུ་བདུན་༢༤༩༡༧བྱུང་བ་དེས་སྐབས་དེའི་བོད་རིགས་མི་འབོར་གྱི་བརྒྱ་ཆ་བདུན་ལྷག་ཙམ་ཟིན་ཡོད། གཞུང་ལེན་བྱེད་ནོར་གྱུར་པའི་འབྲོག་དུད་ལྔ་སྟོང་དྲུག་བརྒྱ་ལྔ་བཅུ་༥༦༥༠བྱུང་བ་དེས་སྐབས་དེའི་བོད་རིགས་ཐེམ་གྲངས་ཀྱི་ལྔ་ཆ་གཅིག་ལྷག་ཙམ་ཟིན་ཡོད་པ་བཅས་རླབས་ཆེན་གྱི་གསར་བརྗེ་ཞིག་གཞན་ངོས་ནས་མི་རིགས་ནང་ཁུལ་རྩོད་རྙོག་གི་འདམ་རྫབ་ཅིག་ཏུ་ཁྲིད་པ་རེད།
༡༩༦༠ ལོར། ཞིང་ལས་ཤུགས་ཆེན་གཉེར་སྐབས། རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེ་གྲས་ལྔའི་ནང་གི་གཅིག་ཡིན་པའི་ཀན་ལྷོ་དེ་ཡང་གཡོལ་ས་མ་བྱུང་བར། ས་ཁུལ་ཡོངས་ཀྱི་རྩ་ཐང་དུ་ཞིང་སྦོལ་བྱས་པའི་མུའུ་གྲངས་དེ་ཁྲི་བརྒྱ་དང་ཉི་ཤུ་ལོན་ཡོད་པ་དེ་ནི་ ༼ཕྱུགས་ཟོག་རི་ལ་བཏང༌། གྲམ་ཐང་ཞིང་ཁར་གྱུར་༽ཟེར་བའི་རྣམ་པ་ཐོན་ཡོད། ༡༩༥༧ ལོའི་ཕྱུགས་རིགས་མགོ་གྲངས་ཁྲི་བརྒྱ་དང་དྲུག་ཅུ་རེ་བརྒྱད་དང་བཞི་སྟོང་བཞི་བརྒྱ་༡༦༨༤༤༠༠༠ཡོད་པ་ནས། ༡༩༦༢ ལོར་མགོ་གྲངས་ཁྲི་བརྒྱ་དང་བཅུ་བདུན་དང་བདུན་སྟོང་༡༡༧༧༠༠༠ལྷག་ཙམ་མར་ཆག་པ་དེ་ནི་༡༩༥༧ ལོ་ལས་བརྒྱ་ཆ་སུམ་ཅུ་མར་ཆག་ཡོད། ཏ་ཀྲེར་སློབ་སྦྱོང་བྱེད་པའི་ལས་འགུལ་ནང༌། ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲིས་གཏུབ་པ་ལྟར་གྱི་མཛུབ་སྟོན་འོག འབྲོག་ལས་གཙོ་བོར་བྱེད་པ་དེ་ཞིང་ལས་གཙོ་བོར་བྱེད་པར་བསྒྱུར་སྟབས། འབྲོག་ལས་འཕེལ་མེད་རང་སོར་གནས་ཏེ་ཧྲེ་ཡོན་གྱི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་ནས། ས་ཁུལ་ཡོངས་ཀྱི་ས་མ་འབྲོག་གི་ཧྲེ་ཉི་ཤུ་རྩ་ལྔ་ཡོད་པ་དེ་༡༩༥༨ ལོ་ནས་༡༩༨༠ ལོ་བར་གྱི་ཕྱུགས་ཟོག་གི་སྤྱིའི་མགོ་གྲངས་དེ་ཧྲེར་ཐོག་མར་ཞུགས་སྐབས་དང་བསྡུར་ན་སུམ་ཆ་གཅིག་མར་ཆག་ཡོད། ས་ཁུལ་མི་ཉུང་བ་ཞིག་གི་འབྲོག་པ་ཚོ་རྒྱུག་པ་འཁྱེར་ནས་ལྟོ་སློང་བར་འགྲོ་དགོས་བྱུང་བ་དང༌། དེ་སྔོན་ཅུང་ཕྱུག་ཙམ་ཡིན་པའི་མཛོད་དགེམེའི་ཨུ་ཀུང་ཧྲེ་དེ་ཡང་༡༩༧༥ ལོ་ནས་༡༩༧༧ ལོ་བར་ཕྱི་རོལ་དུ་ཡུལ་གྱར་བའི་མི་འབོར་དེ་སྤྱིའི་མི་འབོར་གྱི་ལྔ་ཆ་གཅིག་ཡས་མས་ཟིན་ཡོད། ས་ཁུལ་མི་ཉུང་བ་ཞིག་གི་འབྲོག་པ་མི་རེར་ལོ་རེར་མར་རྒྱ་མ་དྲུག་ནས་བཅུ་ཙམ་བར་ལས་བགོ་བཤའ་ཐོབ་ཀྱི་མེད་པས་རྩ་བ་ནས་མ་ལྡེང་སྟབས། ཁྱིམ་དངོས་བཙོང་ནས་གོང་ཆེན་སྤྲད་དེ་མར་ཉོ་དགོས་བྱུང་ཡོད། སྤྱིར་བཏང་གི་དགོས་མཁོར་གཞིགས་ན་མི་རེར་ལོ་རེ་མར་རྒྱ་མ་བདུན་ཅུ་དོན་གཉིས་ཙམ་དགོས། ཕྱོགས་ཁ་ཤས་ཐད་ལ་སྤྱི་ཚོགས་རྙིང་བའི་འཚོ་བའི་ཆུ་ཚད་ལས་ཀྱང་མར་ཆག་ཡོད་ཅིང༌། རྩྭ་ཐང་གི་རང་བདག་དབང་ཆ་ཟེར་བ་ཡང་སྐད་ཆ་སྟོང་བ་ཞིག་ཏུ་གྱུར་ཡོད།
རིག་གནས་གསར་བརྗེའི་རྗེས། དམག་དཔུང་དང་ཞིང་ཆེན་རིམ་པའི་ཚན་པ་བཅོ་བརྒྱད་ཀྱིས་མིང་འདོགས་སྣ་ཚོགས་ལ་བརྟེན་ནས། ང་ཚོའི་ས་ཁུལ་དུ་འབྲོག་ར་དང་ཞིང་ར་སུམ་ཅུ་གཉེར་ནས་ཧྲེ་དང་རུ་ཁག་གི་རྩྭ་ར་མུའུ་ཁྲི་སུམ་བརྒྱ་བཞི་བཅུ་ཞེ་དྲུག་༣༤༦༠༠༠༠བཟུང་ཡོད། དེའི་ནང་དུ་དམག་དཔུང་གི་འབྲོག་ར་དང་ཞིང་ར་བཅོ་ལྔ་ཡོད་པ་དེས་རྩྭ་ར་མུའུ་ཁྲི་བརྒྱ་དང་ལྔ་བཅུ་དང་བཞི་བརྒྱ་༡༥༠༠༤༠༠བཟུང་ཡོད་པ་དེ་ད་ལྟ་ཡང་ཕྱིར་སློག་བྱས་མེད། ཀན་ལྷོ་ནི་བརླན་གཤེར་ཆར་ཞོད་ཆེ་བའི་ས་ཁུལ་ཞིག་ཡིན་པས། གཞི་རྩའི་ཐོག་ཆུ་མ་ལྡེང་བའི་གནས་ཚུལ་མེད་ཀྱང༌། ཀན་སུའུའི་ས་ཆ་མང་ཆེ་བ་སྐམ་ཤས་ཆེ་བའི་རི་ཁུལ་ཡིན་པས། ཞིང་ཆེན་ནས་ཀན་ལྷོར་ཡང་ཁྲོན་པ་འདྲུ་བའི་ལས་འགན་སྤྲད་དེ། ལོ་ཤས་ནང་རྒྱལ་ཁབ་ནས་ཁྲོན་པ་འདྲུ་རྒྱུར་མ་དངུལ་སྒོར་ཁྲི་བཞི་བརྒྱ་དང་བཅུ་གཅིག་དང་ལྔ་སྟོང་སྤྲད་ཡོད་ཀྱང༌།གལ་ཏེ་བོད་རིགས་མི་དམངས་ཀྱི་ཕན་བདེར་སྤྲད་ན་མི་རེར་སྒོར་ཉི་ཤུ་རྩ་གཅིག་ལྷག་ཙམ་འཐོབ། དྲུས་པའི་ཁྲོན་པ་དེ་ཚོ་ལས་ཕན་ཐོགས་པ་ཁ་ཤས་ལས་བྱུང་མེད། ད་ལྟའི་དངོས་ཡོད་གནས་ཚུལ་ལ་བལྟས་ན། ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མི་རིགས་རང་བདག་གི་དབང་ཆར་སྣང་ཆུང་དང༌། མི་རིགས་ཀྱི་ལས་དོན་ལ་མཐོང་ཆུང༌། རྣམ་འགྱུར་ཁྲལ་མངོན་སླ་བཅོས། བོད་རིགས་མི་དམངས་ལ་བརྩེ་དུང་ཆུང་ཆུང་འཆང་བ་བཅས་བྱེད་ཀྱི་ཡོད། མི་རིགས་སྲིད་ཇུས་དང་འབྲེལ་བ་ཡོད་པའི་རིགས་ལ་ཁ་ནས་མང་ཙམ་ཤོད་པ་དང་ཞིབ་ཕྲའི་མཛུབ་ཁྲིད་ཉུང་བ། རང་དགར་ཤོད་རྒྱུ་མང་ལ་བྱེད་ཐུབ་ངེས་ཀྱི་བྱ་ཐབས་འདོན་ཉུང་བ། ཚོགས་འདུའི་ཐོག་མང་ཙམ་ཤོད་པ་དང་གཤམ་དུ་ལག་ལེན་བསྟར་ཉུང་བ་བཅས་ཡོད། ཀན་སུའུ་དེ་རྒྱ་རིགས་ས་ཁུལ་ཁེར་རྐྱང་ཞིག་ཏུ་བརྩིས་ནས། ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་རིག་གནས་གསར་བརྗེའི་སྐབས་མེད་པ་བཟོས་པའི་ཞིང་ཆེན་མི་རིགས་གླུ་གར་ཚོགས་པ་དང༌། མི་རིགས་དཔེ་སྐྲུན་ཁང༌། མི་རིགས་ཞིབ་འཇུག་སོའོ། མི་རིགས་ཚོང་ཁང་སོགས་མི་རིགས་ཀྱི་ལས་ཁུངས་ད་ལྟ་ཡང་བསྐྱར་གསོ་བྱས་མེད། ཞིང་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་དེ་བཙུགས་པ་ནས་ད་བར་ལན་ཀྲོའུ་ཟ་ཁང་ལ་ཁང་གླ་གླས་ནས་བསྡད་ཡོད།
༡༩༧༩ ལོར་ཀྲུང་དབྱང་གི་མཐའ་སྲུང་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་སྐོར་གྱི་ཡིག་ཆ་ཨང་༥༡ དེ་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་ནས་བརྒྱུད་བསྒྲགས་བྱས་མེད་ལ། ལག་བསྟར་བྱེད་པའི་བྱ་ཐབས་དང་བཀོད་སྒྲིག་གང་ཡང་བཏོན་མེད། ཀྲུང་དབྱང༌།༨༠།ཡིག་ཆ་ཨང་༣༡ པ་ཐོན་རྗེས། ཀན་སུའུ་ཞིང་ཨུད་ཀྱིས་དེར་སློབ་སྦྱོང་དང་གྲོས་བསྡུར། དོན་འཁྱོལ་གྱི་བྱ་ཐབས་གཏན་འཁེལ་བྱ་རྒྱུ་བཅས་ལ་ནར་འགྱངས་གང་ཐུབ་བྱས་རྗེས། མཚོ་སྔོན་དང༌། ཤིན་ཅང༌། ནང་སོག སི་ཁྲོན་བཅས་མི་རིགས་ས་ཁུལ་གྱིས་གཅིག་རྗེས་གཉིས་མཐུད་དུ་རྣམ་འགྱུར་བསྟན་ཅིང་བྱ་སྤྱོད་སྤེལ་རྗེས་གཞི་ནས་གྲོས་སྡུར་བྱས་ནས་རྣམ་འགྱུར་ཞིག་སྟོན་པ། རྩོམ་ཡིག་ཅིག་འབྲི་བ། ཀན་ལྷོར་མི་བཏང་ནས་བསྐོར་ཙམ་བྱས་ནས་བཟོ་ལྟ་ཙམ་སྟོན་པ། ཀྲུང་དབྱང་ལ་རྩིས་སྤྲོད་བྱེད་ཐུབ་ཙམ་བཅས་བྱས་ཡོད་ཀྱང༌། ཇི་ལྟར་བྱས་ནས་བོད་རིགས་ས་ཁོངས་ས་ཁུལ་གྱི་རང་བདག་དབང་ཆར་འགན་སྲུང་ཡོང་ཐབས་ཀྱིས། གྲངས་ཉུང་མི་རིགས་ཀྱི་དཔལ་འབྱོར་དང་རིག་གནས་སོགས་ཀྱི་གནད་དོན་ཐད་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་ནན་བཤད་བྱས་མེད་ལ། དོན་དམ་པའི་བྱ་ཐབས་འདོན་པའམ་ལག་བསྟར་བྱས་མེད་དེའི་སྐོར་གྱི་སྙན་ཞུ་དཔང་བོ་བྱེད་ཐུབ་སྟབས། བོད་རིགས་ལས་བྱེད་མང་ཚོགས་རྣམས་རེ་བ་ཟད་དགོས་པ་བྱུང་ནས་མང་ཚོགས་ཀྱིས་གདུང་བའི་དབུགས་རིང་གཏོང་བཞིན་པར། ལོ་སུམ་ཅུའི་ཉམས་མྱོང་ལ་བལྟས་ན། ང་ཚོ་ལྟ་བུའི་སྐམ་ས་ནང་ཁུལ་གྱི་ཞིང་ཆེན་དུ་གནས་པའི་མི་རིགས་རང་སྐྱོང་ས་ཁུལ་རང་བདག་དང་རང་སྐྱོང་ཟེར་བ་ཚང་མ་སྐད་ཆ་སྟོང་བ་ཞིག་རེད། མི་རིགས་སྲིད་ཇུས་དོན་འཁྱོལ་ཡོང་བའི་རེ་བ་མི་འདུག་ཅེས་རྗོད་ཀྱིན་ཡོད།
ཀན་ལྷོ་ནི་སྔར་སྲོལ་ལྟར་ན་འབྲོག་ལས་གཙོ་བོ་བྱེད་པའི་ས་ཁུལ་ཞིག་ཡིན་པས་འབྲུ་རིགས་རང་མཁོ་རང་ལྡེང་ཐུབ་ཀྱི་མེད། མིག་སྔར་ཧྲེ་དང་རུ་ཁག་འགའ་ཤས་ལོ་བཅུའི་གེགས་བར་གྱི་ནང་བཙན་ཤེད་ཀྱིས་ཞིང་བར་སྒྱུར་དུ་བཅུག་པ་རྣམས་སླར་ཡང་འབྲོག་པར་བསྒྱུར་ནས། མཁོ་སྤྲོད་ཀྱི་འབྲུ་རིགས་ཟ་དགོས་པའི་གནས་ཚུལ་མང་ཙམ་ཡོད་རུང༌། ཞིང་ཆེན་ཨུ་ཡོན་ལྷན་ཁང་ནས་ཀན་ལྷོ་དེ་ཡང་འབྲུ་རིགས་འགན་གཙང་ཆེན་པོ་བྱེད་དགོས་ཟེར་ནས་ཆེད་མངགས་འབྲུ་རིགས་ཀྱི་གནད་དོན་ཐོག་དཀའ་ངལ་བཟོ་གི་ཡོད།
ནོར་སྲིད་ཀྱི་ཐད་ལ་ཀན་ལྷོའི་དཔལ་འབྱོར་གྱི་རྨང་གཞི་ཞན་པ་དང༌། ནོར་སྲིད་ཁྲལ་རིགས་ཀྱི་ཡོང་འབབ་དཀོན་པ། ས་རྒྱ་ཆེ་ལ་མི་འབོར་ཉུང་བ། དཔལ་འབྱོར་གྱི་འགྲོ་སོང་ཆེ་ཙམ་ཡིན་པ། ལོ་རེའི་ཡོང་འབབ་ཀྱིས་གཏོང་སྒོའི་བརྒྱ་ཆ་བཅུ་བདུན་དང་གྲངས་ཆུང་བདུན་ལས་མ་ཟིན་པ་སོགས་ཀྱི་དམིགས་བསལ་གནས་ཚུལ་ལ་མ་ལྟོས་པར། ཀན་ལྷོ་དེ་ཡང་རྒྱལ་ནང་དང་འདྲ་བར་ནོར་སྲིད་འགན་གཙང་བྱེད་དགོས་ཟེར་བར་བརྟེན། ཀན་ལྷོའི་ལས་དོན་ཁག་དེ་བས་གོམ་པ་སྤོ་ཁག་པ་ཞིག་བཟོས་ཡོད། ཉེ་བའི་ལོ་གཉིས་ནང་སྨན་རིགས་དང༌། བཟའ་བཅའ། འབར་རྫས། མི་དམངས་ཚོང་ལས་སོགས་ཁེ་སླེབས་ཡོད་པའི་ཁེ་ལས་རྣམས་གཅིག་མཇུག་གཉིས་མཐུད་ཀྱིས་ཞིང་ཆེན་ལ་ཡར་འཐེན་ནས་ བྱབྱགཅིག་གྱུར་གསུམ་བྱབྱ བྱས་པ་དེས་ཀན་ལྷོའི་ནོར་སྲིད་དེ་སྔར་བས་ཉམ་ཐག་པ་ཞིག་ཏུ་གྱུར་ནས། རང་བདག་དབང་ཆ་སྲུང་སྐྱོབ་བྱེད་པའི་དངོས་པོའི་རྨང་གཞི་མེད་པ་ཞིག་ཏུ་གྱུར་ཡོད།
དཔལ་འབྱོར་གྱི་ཡོང་འབབ་ཅུང་ལེགས་པ་དེར་ཡང་འགོག་གནོན་བྱེད་པ་དང་རང་བདག་གི་དབང་ཆར་འགན་སྲུང་ཡོང་ཐབས་མེད་པ། ཀན་ལྷོར་སྤུ་བལ་དང་བགས་རིགས་སོགས་འབྲོག་ལས་ཐོན་ཟོག་གི་རྒྱུ་ཆ་ཕུན་སུམ་ཚོགས་པོ་ཐོན་གྱི་ཡོད་སྟབས། འབྲོག་ལས་ཐོན་ཟོག་བཅོས་ལས་བྱེད་རྒྱུ་གོང་འཕེལ་གཏོང་ཐུབ་ངེས་ཡོད་ཀྱང༌། ཞིང་ཆེན་ཨུ་ཡོན་ལྷན་ཁང་ནས་ཀན་ལྷོ་དེ་མ་བཅོས་རྒྱུ་ཆའི་རྟེན་གཞི་ཞིག་ཏུ་བརྩིས་ནས་མ་བཅོས་རྒྱུ་ཆ་ཚང་མ་ལན་ཀྲོའུ་ལ་དབོར་གྱི་ཡོད། ༡༩༧༧ ལོར་ཀྲུང་དབྱང་ནས་ཡང་བའི་བཟོ་ལས་པུའུ་ཡི་རོགས་སྐྱོར་འོག་ས་ཁུལ་ནས་བལ་འཐག་བཟོ་གྲ་ཆུང་གྲས་ཤིག་འཛུགས་རྒྱུའི་གྲ་སྒྲིག་བྱས་ཡོད་ཀྱང༌། ཞིང་ཆེན་གྱི་ལས་བྱེད་པས་ཨུ་ཚུགས་ཀྱིས་བཀག་ནས་མོས་མཐུན་མི་བྱེད་པ་མ་ཟད། ད་དུང་སྒྲིག་ཆས་ཀྱར་ཕར་འཐེན་པ་དཔེར་ན། ས་ཁུལ་ནས་རྔ་མ་བཅོས་ལས་བཟོ་གྲ་ཞིག་འཛུགས་རྩིས་ཀྱིས་གཟེ་དང་བགས་རིགས་སོགས་གོང་ལ་སྤྲོད་རྒྱུར་ཤུགས་རྐྱེན་མ་ཐེབས་པ་བྱེད་རྩིས་བྱས་ཀྱང༌། ཞིང་ཆེན་ནས་མོས་མཐུན་བྱས་མེད། མ་བཅོས་རྒྱུ་ཆ་ཚང་མ་ལན་ཀྲོའུ་ལ་དབོར་རྗེས་ཡང་བསྐྱར་ལན་ཀྲོའུ་ནས་ཀན་ལྷོའི་ཉེ་འགྲམ་ལིང་ཐའོ་རྫོང་ལ་བཅོས་ལས་བྱེད་རྒྱུར་སྐྱེལ་གྱི་ཡོད་སྟབས། ཕྱི་རོལ་གྱི་བཟོ་གྲའི་ཐོན་སྐྱེད་ལོ་རེ་བཞིན་རྒྱ་ཆེར་འགྲོ་ཡང་ཀན་ལྷོ་རང་ཉིད་ལ་ཁེ་སླེབས་གང་ཡང་ཡོང་གི་མེད། ས་ཁུལ་ཡོངས་ནས་ལོ་རེར་གཡག་གོ་བཞི་ཁྲི་བདུན་སྟོང་ལྷག་ཙམ་ཐོན་གྱིན་ཡོད་ཀྱང༌། ས་ཁུལ་གྱི་བླ་བྲང་རྫོང་བལ་འཁེལ་འཐག་དང་བགས་རིགས་བཟོ་གྲར་པགས་པ་སུམ་སྟོང་ཙམ་ཡང་མ་བཅོས་རྒྱུ་ཆ་འགན་ལེན་བྱེད་ཁག་པོ་ཡོད་ཅིང༌། ཚང་མ་ཞིང་ཆེན་གྱིས་དབོར་འགྲོ་གི་ཡོད།
བླ་བྲང་རྫོང་གིས་རུས་པ་སྣ་ཚོགས་འཐུ་སྒྲུབ་བྱེད་པ་ལས་འགན་སྒྲུབ་པའི་རྨང་གཞིའི་ཐོག་རུས་ལུད་བཟོ་གྲ་ཞིག་བཙུགས་པ་དང༌། ས་གནས་དེ་རང་གི་རྒྱུ་ཆར་བརྟེན་ནས་རུས་ལུད་དང་སུག་མཐིལ་ཕྱེ་མ་སོགས་ཕྱི་འདྲེན་ཚོང་ཟོག་ཐོན་སྐྱེད་བྱས་ནས་རང་གིས་གསར་གཏོད་བྱས་ཏེ་ཕྱིར་སྤེལ་རྩིས་བྱས་ཀྱང༌། ཞིང་ཆེན་ནས་བཀའ་ཐེངས་མང་བཏང་ནས་ཀན་ལྷོས་འཐུ་སྒྲུབ་བྱས་པའི་རུས་པ་ཡོངས་རྫོགས་ཡར་བླངས་པ་རེད། ཀྲུང་དབྱང་ནས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་བྱེད་ཆེད། ཞིང་ཆེན་གཞན་དང་རིགས་མཐུན་ཁ་སྦྲགས་ཀྱིས་རོགས་སྐྱོར་བྱེད་དུ་བཅུག་སྐབས། ཀན་སུའུ་རང་ཉིད་དབུལ་ཕོངས་ཤིག་ཡིན་པས་མི་རིགས་ས་ཁུལ་ལ་རོགས་སྐྱོར་བྱེད་པའི་ནུས་པ་མེད་སྟབས། ཀྲུང་དབྱང་ནས་ཐེན་ཅིན་གྱིས་ཀན་སུའུའི་མི་རིགས་ས་ཁུལ་ལ་རོགས་སྐྱོར་བྱེད་དུ་བཅུག་ཀྱང༌། ཀན་སུའུ་ཞིང་ཆེན་གྱིས་ཐེན་ཅིན་དང་ཀན་ལྷོ་གཉིས་ངོ་འཕྲད་བྱེད་དུ་མ་བཅུག་པར། རོགས་སྐྱོར་གྱི་དངོས་པོ་ཚང་མ་ལན་ཀྲོའུ་ལ་བཞག་ནས་རྒྱ་རིགས་ས་ཁུལ་གྱི་དཔལ་འབྱོར་གོང་འཕེལ་བཏང་བར་བརྟེན། ཀན་ལྷོར་ཐེན་ཅིན་གྱི་དངོས་པོ་དང་ལག་རྩལ་གྱི་རོགས་སྐྱོར་འཐོབ་ཐབས་མེད་པ་ཞིག་བཟོས་ཡོད།
ནགས་ལས་ནི་ཀན་ལྷོའི་ཁེ་སླེབས་ཡོང་ཁུངས་དྲག་པ་གཞན་ཞྀག་ཡིན། ས་ཁུལ་ཡོངས་ཀྱི་ནགས་ཚལ་གྱི་རྒྱ་ཁྱོན་མུའུ་ཆིག་སྟོང་བརྒྱ་ལྷག་ཙམ་ཡོད་པ་དེས་ས་ཁུལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆ་བཅུ་དྲུག་ཟིན་གྱི་ཡོད། རྫོང་བདུན་གྱི་ནང་དུ་ནགས་ཚལ་ཡོད་པའི་རྫོང་དྲུག་ཡོད། དེའི་ནང་ནས་ཐེ་བོ་དང༌། འབྲུག་ཆུ། ཅོ་ནེ། བླ་བྲང་བཅས་ནི་དོན་དངོས་ཐོག་ནགས་ལས་ཀྱི་རྫོང་ཡིན། ཐེ་བོ་རྫོང་གཅིག་པུའི་ནགས་ཚལ་གསོག་ཉར་བྱས་པ་དེ་མི་ཊར་རྒྱ་དཔངས་གྲུ་བཞི་མ་ཁྲི་བཞི་སྟོང་བརྒྱད་བརྒྱ་བཅུ་ལྷག་ཙམ་ཡོད་ཀྱང༌། ནགས་ཁུལ་མི་དམངས་ལ་རི་བོར་དགེ་བེད་སྤྱོད་པའི་རང་བདག་དབང་ཆ་མེད། ནགས་ཚལ་གྱི་རྒྱུ་ཆ་ཚང་མ་རིམ་པ་ཁག་གི་ནགས་ལས་ཚན་པས་དོ་དམ་བྱས་ནས་མང་ཚོགས་ལ་ཁེ་སླེབས་སྐར་གང་དང་ལི་གང་ཙམ་ཡང་མེད། ༡༩༥༨ ལོར་ང་ཚོའི་ས་ཁུལ་ཀྲོའུ་ཆུས་སོགས་སུ་ཆེད་མངགས་ནགས་ལས་ཁེ་གཉེར་བྱེད་པའི་ནགས་ལས་ཧྲེ་ཡོད་ཀྱང༌། དེ་རྗེས་བཙན་ཤེད་ཀྱིས་དེ་ཚོ་ཚང་མ་ཞིང་ལས་ཧྲེ་ལ་བསྒྱུར་དུ་བཅུག་ཡོད།
ཚོང་ལས་ཐོག་གི་རང་བདག་དབང་ཆར་འགན་སྲུང་མེད། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་༡༩༧༨ ལོར་ནོར་སྲིད་པུའུའི་༼ཞིང་ཁུལ་གྱི་ཁྲལ་རིགས་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་སྙན་ཞུ་༽ཞེས་པའི་གཏན་འབེབས་ལ་ཆོག་མཆན་དང་བརྒྱུད་བསྒྲགས་བྱས་ནས་༼མཐའ་ཁུལ་གྱི་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཞིང་གྲོང་དཔལ་འབྱོར་གོང་འཕེལ་གཏོང་ཆེད། མཐའ་མཚམས་ཀྱི་རྫོང་དང་མི་རིགས་རང་སྐྱོང་རྫོང་གི་ཧྲེ་དང་རུ་ཁག་གི་ཁེ་ལས་ལ་ལོ་ལྔའི་རིང་བཟོ་ཚོང་གི་ཁྲལ་རིགས་ཆག་ཡང་བཏང་༽ ཡོད་ཀྱང༌། ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་༼ཞིང་གྲོང་བཟོ་ལས་ཀྱི་ཁྲལ་རིགས་ཆག་ཡང་དང་མི་བསྡུ་བའི་ཁྱབ་ཁོངས་ཀྱི་གཏན་འབེབས་༽ཀྱི་ཁོངས་སུ་ང་ཚོའི་ས་ཁུལ་གྱི་རྫོང་གཅིག་བཅུག་མེད་པ་དང༌། མི་དམངས་ཚོང་ལས་ནང་གི་༼ལྟ་རྟོག་གསུམ་༽ཞེས་པ་ད་ལྟ་ཡང་དོན་འཁྱོལ་བྱས་མེད་ཅིང༌། དེ་མིན་ཁ་གསབ་སྤྲོད་དགོས་པའི་མ་དངུལ་དང་གུན་གསབ་བྱེད་དགོས་པའི་རིགས་ལ་ཁ་གསབ་དང་གུན་གསབ་བྱས་མེད།
༢༽ མི་རིགས་ཀྱི་སློབ་གསོའི་མ་ལག་འགྲུབ་དཀའ་བ་དང་བོད་རིགས་ཀྱི་སྐད་ཡིག་དང་རྩོམ་རིག་དེ་ཉམ་ཞན་གྱི་གནས་སུ་གྱར་བ།
སློབ་གསོ་ནི་མི་རིགས་ཤིག་གི་ཤེས་རིག་ཡར་ཐོན་གྱི་ཚད་གཞི་འཇལ་བྱེད་ཀྱི་གལ་ཆེའི་མཚོན་བྱེད་ཅིག་ཡིན། ལོ་སུམ་ཅུའི་རིང༌། རྒྱལ་ཡོངས་སུ་ཆེད་ལས་འཛིན་གྲྭ་ཁག་ལ་བོད་ཀྱི་སྐད་ཡིག་ལ་བརྟེན་ནས་སློབ་ཁྲིད་བྱེད་པའི་སློབ་གྲྭ་ཆེན་མོ་བཙུགས་མེད་པ་དང༌། དངོས་གཞིའི་སློབ་གྲྭ་ཆེན་མོ་ཐོན་པའི་བོད་རིགས་སློབ་གྲྭ་བ་མཛུབ་མོར་གྲངས་ཀ་ཐེབས་ཙམ་ལས་མེད་པར། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་གཏོང་བའི་སློབ་ཕྲུག་ནི་དེ་བས་གླེང་ཐབས་བྲལ། བོད་ཡིག་ལ་ལོ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཡོད་རུང༌། ད་བར་ཞིབ་འཇུག་ལས་ཁུངས་གཅིག་ཀྱང་མེད་པ་དང༌། བོད་ཡིག་གི་དཔེ་སྐྲུན་ཁང་མེད་པ། ཞིབ་འཇུག་གི་དུས་དེབ་སྣེ་གཅིག་མེད་པ་བཅས་བོད་ཡིག་བེད་སྤྱོད་བྱེད་སའི་ཁྱབ་ཁོངས་ ༼གནོན་བཙིར་གྱིས་ཆུང་དུ་གཏོང་བ༽་དང་།༼ཕྱིར་འབུད་༽ བྱས་པར་བརྟེན། བོད་རིགས་ཀྱི་ལོ་རྒྱུས་ཡུན་རིང་ཡོད་པའི་རྩོམ་རིག་དང༌། ཚད་མ་རིག་པ། གསོ་བ་རིག་པ། རྩིས་རིག གནམ་རིག ས་ཁམས། ལོ་རྒྱུས། སྒྲ་རིག་པ། སྐད་ཡིག་རིག་པ་སོགས་ཤིན་ཏུ་རྩ་ཆེའི་ཤུལ་བཞག་རྣམས་རྗེས་རྒྱུན་འཛིན་མཁན་མེད་པའི་གནས་སུ་གྱར་ཡོད།
བོད་ཡིག་གི་རྩོག་ཡིག་འགྲེམ་སྤེལ་བྱ་ཡུལ་མེད། མཚོ་སྔོན་དང༌། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ས་ཁུལ་དུ་དེ་བས་མངོན་གསལ་དོད་པོ་ཡོད་པ་ནི། ཞིང་ཆེན་དེ་ཚོའི་ནང་རྒྱ་རིགས་ཀྱི་གྲངས་མང་བཟུང་ཡོད་སྟབས་ལས་བྱེད་པའི་བསྡུར་ཚད་དང༌། སྐད་ཆའི་བེད་སྤྱོད་ཐད། ཡི་གེའི་སྤྱོད་རྒྱ་ཆེ་ཆུང་བཅས་ཚང་མར་རྒྱའི་སྐད་ཡིག་དེ་ ༼དོན་དངོས་ཐོག༽ གཙོ་བོའི་སྐད་ཡིག་ཅིག་ཏུ་གྱུར་ཟིན་པ་དཔེར་ན། ཀན་སུའུ་ལ་ཆ་མཚོན་ན། འདས་པའི་ལོ་ཤས་ནང་རྒྱ་ཡིག་སློབ་འཁྲིད་བྱེད་རྒྱུ་བཙན་ཤེད་ཀྱིས་ཁྱབ་སྤེལ་བཏང་གནས་ཚུལ་དེ་རིགས་ད་ལྟ་ཡང་ཡོ་བསྲང་དེ་ཙམ་བྱུང་མེད།ནས། གཞུང་ཡིག་ནང་སྙན་ཞུ་སོགས་ངེས་པར་དུ་རྒྱ་ཡིག་འབྲི་དགོས་པ་དང༌། ལས་བྱེད་པ་དང་བཟོ་བ། སློབ་གྲྭ་བ་བཅས་སྡུད་སྐབས་ཚང་མ་རྒྱ་ཡིག་གི་ཆུ་ཚད་མཐོ་དམན་གཞིར་བཟུང་བ་དང༌། ཐ་ན་ཐོན་སྐྱེད་རུ་ཁག་གི་རྩིས་ཁྲ་ཡང་རྒྱ་ཡིག་གིས་འབྲི་དགོས་ཀྱི་ཡོད་པ་སོགས་གཟུགས་སུ་གྲུབ་པ་དང༌། གཟུགས་སུ་མ་གྲུབ་པའི་གཏན་འབེབས་དང་ཤུགས་རྐྱེན་དེ་ཚོས། མི་རིགས་ཀྱི་སྐད་ཡིག་ཐོག་གནོན་ཤུགས་ཡོང་གི་ཡོད་པ་དེ་འགོག་ཐབས་མེད་པ་ཞིག་ཡིན་པར་བརྟེན། ༼རྒྱ་སྐད་བརྒྱབ་ན་གཟི་བརྗིད་༽དང༌། ༼བོད་སྐད་རྒྱག་ན་ངོ་ཚ་དགོས་པ་༽ཞིག་ཡིན་པའི་རྣམ་པ་ཞིག་ཆགས་ཏེ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྤྱོད་སའི་ཁྱབ་ཁོངས་དེ་ཇེ་ཆུང་དུ་འགྲོ་ཞིང༌། བེད་སྤྱོད་ཀྱི་རིན་ཐང་དེ་ཇེ་ཆུང་དུ་སོང་ཡོད། བེད་སྤྱོད་ཀྱི་རིན་ཐང་མེད་པའི་སྐད་ཡིག་ཅིག་གི་ལས་དབང་ནི་སྐྱོ་བ་སྐྱེ་དགོས་པ་ཞིག་རེད། མི་རིགས་ཀྱི་སྐད་ཡིག་དེར་དོན་དངོས་ཐོག་ཁུར་མེད་མཐོང་ཆུང་ཕོག་ཟིན་ནས་མི་འགའ་ཤས་ཀྱིས་བོད་སྐད་ནི་༼སྐད་ཆ་ནག་པོ་༽དང༌། ༼ཕྱི་རྒྱལ་གྱི་སྐད་༽རེད་ཟེར་ནས་གཤེ་ཞིང༌། བོད་སྐད་ལ༼རྗེས་ལུས་༽དང་༼ཆེས་རྨོངས་དད་༽ཀྱི་ཞྭ་མོ་གཡོགས་ཡོད།
བོད་རིགས་ས་ཁུལ་ལ་ལས་ཀ་བྱེད་མཁན་བོད་སྐད་ཤེས་པའི་རྒྱ་རིགས་ལས་བྱེད་པ་ཧ་ཅང་ཉུང་ཤས་ལས་མེད་པ་དང༌། དེ་སྔོན་བོད་སྐད་བསླབས་ཟིན་པའི་རྒྱ་རིགས་ལས་བྱེད་པ་དེ་ཚོས་ཀྱང་བོད་སྐད་ཡིག་གི་ལས་ཀ་བྱེད་འདོད་མེད་པའམ་མི་བྱེད་པ་དང༌། བོད་སྐད་མི་རྒྱག་པ་བཅས་བྱེད་ཀྱི་ཡོད།བརྒྱ་ཆའི་དགུ་བཅུ་ཡན་ཆད་ཟིན་པ། སྐད་ཡིག་རིགས་གཅིག་ལ་༼དགའ་བསུ༽ཞུ་བ་དེས་སྐད་ཡིག་དེ་དང་སྐད་ཡིག་གཞན་དབར་འདྲ་མཉམ་མིན་པའི་གནས་བབ་དེ་ཚད་གཞི་ངེས་ཅན་གྱི་ཐོག་ནས་གསལ་བཤད་བྱེད་ཀྱི་ཡོད། གཞན་ཡང་ཤིན་ཧྭ་དཔེ་ཚོང་ཁང་གིས་བོད་ཡིག་དཔེ་དེབ་ཉོ་སྒྲུབ་དང་ཚོང་འདོད་མེད་པ། དཔེ་སྐྲུན་ཁང་གིས་བོད་ཡིག་གི་དཔེ་དེབ་དང་དུས་དེབ་ཉུང་ཉུང་ལས་མི་བསྐྲུན་པ། སྐད་ཡིག་ཐོག་ཟུར་འབུད་དང༌། གནོན་བཙིར་དེས་མི་རིགས་ཀྱི་སློབ་གསོ་དེ་རང་ཤུགས་ཀྱིས་འཁྲུགས་པོ་མིན་པ་ཞིག་ཏུ་གྱུར་ཡོད།
ཀན་སུའུ་ཞིང་ཆེན་ལ་ཆེད་ལས་དགེ་འོས་སློབ་གྲྭྭ་ཁྱོན་བསྡོམས་ཉི་ཤུ་རྩ་གསུམ་ཡོད་པའི་ནང་མི་རིགས་ཀྱི་དགེ་འོས་སློབ་གྲྭྭ་གཅིག་ཀྱང་མེད། ཀན་ལྷོ་ས་ཁུལ་དགེ་འོས་སློབ་གྲྭྭ་ནི་རང་སྐྱོང་ས་ཁུལ་དགེ་འོས་སློབ་གྲྭྭ་གཅིག་རང་ལས་མེད་པ་དེ་ཡིན་པ་དེར་ཡང་རྒྱའི་སྐད་ཡིག་ལ་བརྟེན་ནས་སློབ་འཁྲིད་བྱེད་ཅིང༌། སློབ་སྦྱོང་བྱས་པ་རྣམས་ནི་དགེ་རྒན་དཀྱུས་མ་ཞེ་ཅིག་ཡིན་ལ་མང་ཆེ་བ་རྒྱ་རིགས་ཡིན། ༡༩༥༠ ལོ་ནས་༡༩༨༠ ལོ་བར་སློབ་གྲྭྭ་ཐོན་པའི་སློབ་གྲྭྭ་བ་ཉིས་སྟོང་བརྒྱད་བརྒྱ་བདུན་ཅུ་དོན་གསུམ་༢༨༧༣ཡོད་པའི་ནང༌། བོད་རིགས་བཞི་བརྒྱ་སུམ་ཅུ་སོ་གཉིས་༤༣༢ལས་མེད་པ་དེས་བརྒྱ་ཆ་བཅོ་ལྔ་ལས་ཟིན་མེད། ས་ཁུལ་དགེ་འོས་དང་མི་རིགས་སློབ་གྲྭྭར་འདི་ལོ་སློབ་སྦྱོང་བྱས་ནས་སློབ་གྲྭྭ་ཐོན་པའི་དགེ་རྒན་བཞི་བརྒྱ་བཅུ་༤༡༠ཡོད་པའི་ནང་བོད་སྐད་ཡིག་གི་དགེ་རྒན་ལྔ་བཅུ་ང་དགུ་༥༩ལས་མེད་པ་དེས་བརྒྱ་ཆ་བཅུ་བཞི་དང་གྲངས་ཆུ་བཞི་ལས་ཟིན་མེད། ས་ཁུལ་ཡོངས་ལ་ད་ཡོད་སློབ་གྲྭྭ་འབྲིང་ཆུང་གི་དགེ་རྒན་བཞི་སྟོང་དྲུག་བརྒྱ་བཅུ་དགུ་༤༦༡༩ཡོད་པའི་ནང༌། བོད་རིགས་ཆིག་སྟོང་བརྒྱ་མེད་ལྔ་བཅུ་ང་གསུམ་༡༠༥༣ལས་མེད་པ་དེས་སྤྱིའི་མི་འབོར་གྱི་བརྒྱ་ཆ་ཉི་ཤུ་རྩ་གཉིས་དང་གྲངས་ཆུང་བདུན་༢༢།༧ལས་ཟིན་མེད།དེའི་ནང་ཁག་གཅིག་ནི་མ་རྒྱུད་བོད་རིགས་ཡིན་རུང་བོད་སྐད་དང་བོད་ཡིག་མི་ཤེས་མཁན་ཡིན། དེའི་ནང་སློབ་འབྲིང་ཆེད་དགེ་རྒན་དྲུག་ཅུ་རེ་གཉིས་ལས་མེད་ཅིང༌། བོད་སྐད་ཡིག་གིས་སློབ་ཁྲིད་བྱེད་ཐུབ་མཁན་སུམ་བརྒྱ་ཉི་ཤུ་ལས་མེད་འདི་ལོར་སློབ་གྲྭྭ་ཐོན་པ་ལྔ་བཅུ་ང་དགུ་ཚུད།པ་དེས་དགེ་རྒན་སྤྱི་འབོར་གྱི་བརྒྱ་ཆ་དྲུག་དང་གྲངས་ཆུང་དགུ་ལས་ཟིན་མེད། མི་རིགས་ཀྱི་དགེ་རྒན་གསོ་སྐྱོང་མ་བྱས་ན་མི་རིགས་ཀྱི་སློབ་གསོ་དེ་རྩ་བ་མེད་པའི་ཤིང་དང༌། ཆུ་མགོ་མེད་པའི་ཆུ་བོ་ཞིག་ཏུ་འགྱུར་རྒྱུ་ངེས་ཅན་ཡིན་པས། བོད་རིགས་ཀྱི་སློབ་གྲྭྭ་བ་ཟབ་སྦྱོང་དང་ཡར་རྒྱས་ཡོང་ཐབས་མེད། ས་ཁུལ་ཡོངས་ལ་མི་རིགས་ཀྱི་ཆེད་ལས་སློབ་གྲྭྭ་ཕུད་ད་ལྟ་སློབ་གྲྭྭར་ཡོད་པའི་སློབ་གྲྭྭ་འབྲིང་བའི་བོད་རིགས་སློབ་གྲྭྭ་བ་སུམ་སྟོང་བརྒྱ་དང་དྲུག་ཅུ་རེ་གཅིག་༣༡༦༡ལས་མེད་པ་དེས་ས་ཁུལ་ཡོངས་ཀྱི་སློབ་འབྲིང་སློབ་གྲྭྭ་བའི་སྤྱི་འབོར་གྱི་བརྒྱ་ཆ་ཉི་ཤུ་རྩ་གཉིས་དང་གྲངས་ཆུང་བཞི་ལས་ལོན་མེད། ས་ཁུལ་གྱིས་གཉེར་བའི་འཕྲོད་བསྟེན་སློབ་གྲྭྭ་དང༌། འབྲོག་ལས་སློབ་གྲྭྭ་སོགས་འབྲིང་རིམ་སློབ་གྲྭྭ་ཆེད་ལས་དེ་ཚོའི་ཐོག་མའི་དམིགས་ཡུལ་ནི། གྲངས་ཉུང་མི་རིགས་ཀྱི་འབྲིང་རིམ་ལག་རྩལ་མི་སྣ་སློབ་སྦྱོང་བྱེད་རྒྱུ་ཡིན་རུང༌། སློབ་གྲྭྭ་བཙུགས་རྗེས་ང་ཚོའི་ས་ཁུལ་གྱི་རྒྱ་རིགས་ལས་བྱེད་ཁག་ཅིག་གི་བུ་ཕྲུག་སློབ་རིམ་སྤོར་ས་དང༌། ལས་ཀ་བཀོད་སྒྲིག་བྱེད་སའི་ངོ་སྤྲོད་སོའོ་ལས་ཁང་ཞིག་ཏུ་གྱུར་ནས། འཕྲོད་བསྟེན་སློབ་གྲྭྭ་བ་ཉིས་བརྒྱ་དགུ་བཅུ་གོ་བཞིའི་ནང་བོད་རིགས་དགུ་བཅུ་གོ་གཉིས་ལས་མེད།དེའི་ནང་གི་མང་ཆེ་བ་ནི་བོད་སྐད་ཡིག་མི་ཤེས་མཁན་མ་རྒྱུད་བོད་རིགས་ཡིན་པ་རྣམས་རེད།འབྲོག་ལས་སློབ་གྲྭྭར་སློབ་གྲྭྭ་བ་བརྒྱ་དང་ཉི་ཤུ་རྩ་དྲུག་ཡོད་པའི་ནང་བོད་རིགས་བཅུ་ལས་མེད། དགེ་འོས་སློབ་གྲྭྭ་བ་སུམ་བརྒྱ་སུམ་ཅུ་སོ་དྲུག་ཡོད་པའི་ནང་བོད་རིགས་དྲུག་ཅུ་རེ་གཉིས་ལས་མེད།
མི་རིགས་ཀྱི་དགེ་རྒན་གསོ་སྐྱོང་མ་བྱས་ན་གྲངས་ཉུང་མི་རིགས་ཀྱི་རིག་གནས་ཐད་ཡར་ལངས་ཐུབ་པ་ཞིག་ཡོང་ཐབས་མེད། རྨ་ཆུ་རྫོང་གི་ཇུན་ཇང་ཀུང་ཧྲེའི་བྱིས་པ་སློབ་གྲྭྭར་ཞུགས་ཚད་དེ་བརྒྱ་ཆ་ཉི་ཤུ་རྩ་ལྔ་དང་གྲངས་ཆུང་བདུན་ལས་ཟིན་མེད་པ་དང༌། སྨན་ཨར་མ་ཀུང་ཧྲེའི་སློབ་ལོ་རན་པའི་བྱིས་པ་སློབ་གྲྭྭར་ཞུགས་ཚད་དེ་དེ་སྔོན་བོད་སྐད་ཡིག་སློབ་སྐབས་ཀྱི་བརྒྱ་ཆ་བརྒྱད་ཅུ་གྱ་གསུམ་ནས་བརྒྱ་ཆ་བཞི་བཅུ་ཞེ་བདུན་བར་ཆག་ཡོད།
གྲོན་དངུལ་ཐད་མི་རིགས་སློབ་གསོར་རོགས་སྐྱོར་ཐོབ་ཐུབ་ཀྱི་མེད། བྱབྱམི་མགོ་ཤས་བྱབྱལ་བཏང་ན་མཚོ་སྔོན་ལ་སྒོར་བཅུ་གསུམ་དང༌། ཉིང་ཤཱ་ལ་སྒོར་བཅུ་གཉིས་ཡིན་རུང༌། ཀན་ལྷོ་ནི་ཀན་སུའུའི་ཁོངས་ཡིན་སྟབས་མི་རེར་སྒོར་དྲུག་རེ་ལས་བྱུང་མེད། དེའི་ཐོག་ང་ཚོའི་ས་ཁུལ་གྱི་བློ་མཐུན་འགའ་ཞིག་གིས་དེ་སྔོན་གྲངས་ཉུང་མི་རིགས་ལ་ཁ་གསབ་ཏུ་སྤྲོད་པའི་སློབ་གྲྭྭ་བའི་རོགས་དངུལ་དེ་སློབ་འབྲིང་ཡོངས་རྫོགས་ལ་བགོས་ནས་སྤྲད་བོད་རྒྱ་དབྱེར་མེད་པར་བརྟེན། མི་རིགས་སློབ་གྲྭྭ་བ་སློབ་སྦྱོང་བྱེད་རིང་རྒྱལ་ཁབ་ཀྱི་རོགས་དངུལ་ཐོབ་མི་ཐུབ་པས་སློབ་སྦྱོང་ལ་འགན་སྲུང་ཡོང་ཐབས་མེད། ཞིང་འབྲོག་ས་ཁུལ་མི་ཉུང་བ་ཞིག་གི་མི་རིགས་ཀྱི་བུ་ཕྲུག་ལ་ཐ་ན་མི་རིགས་རང་ཉིད་ཀྱི་སྐད་ཡིག་སློབ་པའི་ས་ཆ་ཞིག་ཀྱང་མེད། ང་ཚོའི་ས་ཁུལ་གྱི་གྲོང་ཁྱེར་ལྟེ་བ་གཙོད་ས་ཁུལ་ལ་སློབ་འབྲིང་གསུམ་དང༌། སློབ་ཆུང་བཞི་ཡོད་ཀྱང་བོད་སྐད་ཡིག་སློབ་སའི་སློབ་གྲྭྭ་གཅིག་ཀྱང་མེད། ས་ཁུལ་གྲོང་ཁྱེར་ལྟེ་བ་དེ་འདྲ་ཡིན་དུས་གཞི་རིམ་དུ་ག་འདྲ་ཡོད་མེད་ནི་བསམ་བློ་བཏང་ན་ཤེས་གསལ་རེད། དེར་བརྟེན་བོད་རིགས་བྱིས་པས་ཀྱང་བྱབྱརྒྱ་ཡིག་སློབ་རྒྱུ་འདེམས་པ་བྱབྱལས་གཞན་གྱི་བྱ་ཐབས་མེད་པར་གྱུར།
ས་ཁུལ་ཡོངས་ཀྱི་མི་རིགས་ཀྱི་ཆེད་ལས་སློབ་གྲྭྭ་གཅིག་རང་ལས་མེད་པ་དེ་ཡང་གཙོ་གནད་སློབ་གྲྭྭའི་ཁོངས་བདམས་ནས་རོགས་སྐྱོར་བྱས་མེད། ཉེ་བའི་ལོ་ཤས་ནང་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སློབ་གྲྭྭ་ཆེ་བ་མི་ཉུང་བ་ཞིག་གིས་གཙོ་གནད་དེ་རྒྱ་ཡིག་ཚན་པའི་ཐོག་ཏུ་བཞག་ནས། རྒྱའི་སྐད་ཡིག་སློབ་རྒྱུར་སྐུལ་མ་ཤུགས་ཆེན་བཏང་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཡར་རྒྱས་དང་ཕུན་སུམ་ཚོགས་སུ་གཏོང་རྒྱུར་མཐོང་ཆུང་སྣང་མེད་བྱས་ཏེ། རང་རྟོགས་ཡིན་མིན་ལ་མ་ལྟོས་པར་༼སློབ་གསོ་གཅིག་གྱུར༽གྱི་ལག་ལེན་བྱེད་སྟངས་དེ་ཚོས། གྲངས་ཉུང་མི་རིགས་ཀྱི་ཡི་གེ་ཡར་རྒྱས་འགྲོ་རྒྱུར་འགོག་རྐྱེན་ཚབས་ཆེན་བཟོས་པ་དང༌། མི་རིགས་ཀྱི་ཤེས་ལྡན་མི་སྣ་སློབ་སྐྱོང་དང་འཚར་ལོངས་ཡོང་རྒྱུར་ཤུགས་རྐྱེན་ངན་པ་ཐེབས་པ་དང༌། རྒྱ་རིགས་དང་བོད་རིགས་དབར་སློབ་གསོའི་ཐད་ཀྱི་ཐོབ་ཐང་སྤྲོད་རྒྱུར་ཧེ་བག་ཇེ་ཆེར་ཕྱིན་སྟབས། དོན་དངོས་ཐོག་འདྲ་མཉམ་མིན་པ་དེ་གསལ་བོ་མངོན་ཡོད།
༣༽ ས་ཁོངས་དབྱེ་སྟངས་དེ་རིགས་ཀྱིས་བོད་རིགས་ཀྱི་མི་རིགས་རིག་གནས་གོང་འཕེལ་དང་ཕུན་སུམ་ཚོགས་སུ་འགྲོ་རྒྱུར་ཤུགས་རྐྱེན་ཐེབས་ཡོད།
མི་ཤུགས་དང་དངོས་ཤུགས་དེ་ཐལ་ཆེ་བའི་སྒོ་ནས་ཁ་བཀྲམ་པ་དང་ས་ཁོངས་ལོགས་སུ་ཕྱེ་བ། ཕན་ཚུན་སྤེལ་རེས་བྱ་རྒྱུར་དཀའ་ངལ་ཡོད་པ་བཅས་ཀྱིས་རྐྱེན་པས། རྒྱ་ཆེའི་བོད་རིགས་མི་དམངས་ལ་རྒྱ་རིགས་དང་འདྲ་བའི་རིག་གནས་ཀྱི་ཐོབ་ཐང་སྤྲོད་རྒྱུ་མེད། བོད་ཡོངས་ལ་བོད་སྐད་ཀྱི་བརྙན་འཕྲིན་འབབ་ཚུགས་གཅིག་ཀྱང་མེད་པ་དང༌། མང་ཚོགས་ལ་བརྙན་འཕྲིན་ལྟ་རྒྱུ་མེད་པ། བོད་སྐད་ཀྱི་གློག་བརྙན་ཕབ་སྒྱུར་བཟོ་གྲྭ་མེད་པས་མང་ཚོགས་ཀྱིས་བོད་སྐད་ཀྱི་གློག་བརྙན་མཐོང་རྒྱུ་ཧ་ཅང་ཉུང་ཉུང་ཡིན། རང་སྐྱོང་ལྗོངས་གཞན་དག་དཔེར་ན། ནང་སོག་དང་ཤིན་ཅང༌། ཀོའང་ཤི་བཅས་ཚང་མར་གློག་བརྙན་ཕབ་སྒྱུར་བཟོ་གྲྭ་ཡོད། གཞི་རྐང་མཚོ་སྔོན་དང༌། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ཞིང་ཆེན་ཁག་གི་བརྙན་འཕྲིན་འབབ་ཚུགས་ལ་བོད་སྐད་གྱི་རྒྱང་བསྒྲགས་ལེ་ཚན་ཡོད་ཀྱང༌། གཏོང་བའི་དུས་ཚོད་ཧ་ཅང་ཐུང་ལ་ལེ་ཚན་འཁྲུག་པོ་མེད་པས་མང་ཚོགས་ཀྱིས་བོད་སྐད་ཀྱི་རིག་རྩལ་ལེ་ཚན་གོ་རྒྱུ་ཧ་ཅང་དཀོན་པོ་རེད། བོད་ཡོངས་ལ་བོད་རིགས་སྒྱུ་རྩལ་པའི་ཤེས་ལྡན་མི་སྣ་སློབ་སྦྱོང་བྱེད་ས་དང༌། བོད་རིགས་ཀྱི་རིག་གནས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་ཆེད་འཛུགས་ལས་ཁུངས་གཅིག་ཀྱང་མེད་པ། བོད་ཡིག་རྩོམ་རིག་དང༌། གསོ་རིག་སོགས་རྩ་ཆེའི་ཤུལ་བཞག་ཆེད་མངགས་དཔེ་སྐྲུན་བྱེད་མཁན་དཔེ་སྐྲུན་ལས་ཁུངས་གཅིག་ཀྱང་མེད་སྟབས། བོད་རིགས་མི་དམངས་ཀྱིས་བོད་ཡིག་གི་དཔེ་དེབ་མཐོང་ཐུབ་ཀྱི་མེད། ཀྲུང་དབྱང་མི་རིགས་དཔེ་སྐྲུན་ཁང་ནས་བོད་ཡིག་དཔེ་དེབ་དཔར་སྐྲུན་བྱེད་པ་ནི་མ་ལེ་རིང་ལུགས་མིན་ན་དར་དམར་དུས་དེབ་རེད། དེ་མིན་རྩོམ་རིག་དང་རང་བྱུང་ཚན་རིག་ཐད་ཀྱི་དཔེ་དེབ་དཔར་སྐྲུན་བྱེད་ཀྱི་མེད། ང་ཚོའི་ས་ཁུལ་བླ་བྲང་དགོན་པར་བོད་ཡིག་དཔེ་དེབ་ཁྲི་བདུན་ལྷག་ཙམ་དང༌། གསུང་འབུམ་བརྒྱ་དང་བདུན་ཅུ་དོན་བརྒྱད་ཙམ་ཡོད་ཀྱང༌། ལོ་ཉི་ཤུའི་རིང་ཁང་ཆུང་ཁུག་ཀྱོག་ནང་བཅུག་བཞག་ནས་འབུ་སྐྱོན་དང་ལྷད་སྐྱོན་སོགས་གང་བྱུང་ཡང་བདག་པོ་རྒྱག་མཁན་མེད།
བོད་རིགས་ནི་གྲངས་ཉུང་མི་རིགས་ནང་ནས་ལྷ་མོའི་སྒྱུ་རྩལ་ཡོད་པའི་མི་རིགས་གཅིག་པུ་དེ་ཡིན་ཡང༌། བོད་ཀྱི་ལྷ་མོའི་སྒྱུ་རྩལ་དེ་ཡང་ཐོག་མཐའ་བར་གསུམ་དུ་ཉམ་ཞན་དུ་གནས་ཡོད། ལྷ་སར་བྱབྱབོད་ལྗོངས་ལྷ་མོ་ཚོགས་པ་བྱབྱཞེས་པ་ཞིག་ཡོད་པ་ལས། བོད་ཀྱི་ས་ཁུལ་གཞན་དུ་ལྷ་མོའི་སྒྲིག་འཛུགས་མེད་པར་རོགས་སྐྱོར་དང་ཡར་རྒྱས་ཟེར་བ་གླེང་ཐབས་བྲལ། བོད་རིགས་ས་ཁུལ་དུ་ལས་ཀ་བྱེད་མཁན་རྒྱ་རིགས་ལས་བྱེད་པར་ལྟ་རྟོག་བྱེད་ཆེད། ཆིན་ཅུས་ཁྲང་ཞི་ཚོགས་པ་དང་ཡུས་ཅུས་ཁྲང་ཞི་ཚོགས་པ་སོགས་རྒྱ་རིགས་ཀྱི་ཁྲང་ཞི་གཅིག་མཇུག་གཉིས་མཐུད་དུ་སླེབས་ཀྱི་ཡོད། ལོ་སུམ་ཅུའི་རིང་ཧྲང་ཧེ་ནས་ཚབ་བྱས་ཏེ་སྦྱོང་བརྡར་བྱས་པའི་བོད་རིགས་འཁྲབ་སྟོན་པ་ཁག་ཅིག་ཡོད་པ་ལས༌། བོད་ཡོངས་ལ་རྒྱལ་ནང་དུ་སྙན་གྲགས་ཡོད་པའི་རྩོམ་པ་པོ་དང༌། སྙན་ངག་པ། འཁྲབ་ཁྲིད་པ། མཛེས་རིག་པ་སོགས་གཅིག་ཀྱང་ཐོན་མེད་པ་དེ་རྒྱ་རིགས་དང་ཧེ་བག་ཆེན་པོ་ཡོད་པ་མཟད། སོག་པོ་དང༌། ཡུ་གུར་རིགས་དང་བསྡུར་ནའང་ཧེ་བག་ཆེན་པོ་ཡོད།
༤༽ མི་རིགས་ལས་བྱེད་པ་འཚར་ལོངས་ཡོང་རྒྱུར་བཀག་འགོག་བྱས་ནས། བཟོ་བའི་དཔུང་ཁག་གྲུབ་རྒྱུར་ཤུགས་རྐྱེན་ཐེབས་པ།
ལོ་སུམ་ཅུའི་རིང་གསོ་སྐྱོང་བྱས་པ་བརྒྱུད། ང་ཚོའི་ས་ཁུལ་མི་རིགས་ལས་བྱེད་པས་ས་ཁུལ་ཡོངས་ཀྱི་ལས་བྱེད་ཆིག་ཁྲི་སུམ་སྟོང་བརྒྱ་མེད་བཅུ་བཞིའི་ནང་བརྒྱ་ཆ་ཉི་ཤུ་རྩ་བདུན་ལས་ཟིན་གྱི་མེད། སྤྱིའི་མི་གྲངས་ནི་བརྒྱ་ཆ་བཞི་བཅུ་ཞེ་གཉིས་དང་གྲངས་ཆུང་གསུམ་ཟིན་འོས་པའི་བསྡུར་ཚད་དེ་ཙམ་ཡང་ལོན་མེད། ལྷག་པར་དུ་མི་རིགས་ཀྱི་ཚན་རིག་ལག་རྩལ་མི་སྣ་ཤིན་ཏུ་ཉུང་བ་དེ་ནི་སྐྱོ་བ་སྐྱེ་འོས་པ་ཞིག་ཡིན། ས་ཁུལ་ཡོངས་ལ་འཕྲོད་བསྟེན་ལག་རྩལ་པ་ཆིག་སྟོང་ཉིས་བརྒྱ་སུམ་ཅུ་སོ་གཉིས་ཡོད་པའི་ནང་བོད་རིགས་བརྒྱ་དང་བཅུ་མེད་གསུམ་ལས་མེད་པ་དེས་སྤྱི་འབོར་གྱི་བརྒྱ་ཆ་བརྒྱད་དང་གྲངས་ཆུང་བཞི་ལས་ཟིན་མེད། ཞིང་ལས་ལག་རྩལ་ལས་བྱེད་པ་བརྒྱ་དང་ཉི་ཤུ་རྩ་བརྒྱད་ནང་བོད་རིགས་གཅིག་ལས་མེད། ཆུ་བེད་ལས་བྱེད་བཞི་བཅུ་ཞེ་གཉིས་ཡོད་པ་ཚང་མ་རྒྱ་རིགས་ཡིན། ས་ཁུལ་ཡོངས་ལ་བོད་རིགས་ལག་རྩལ་དགེ་རྒན་དང༌། ལས་གྲྭ་དབུ་ཆེན། གཙོ་འགན་སྨན་པ་སོགས་འབྲིང་རིམ་གྱི་ལག་རྩལ་རྐང་འཛིན་མི་སྣ་གཅིག་ཀྱང་མེད། བོད་རིགས་ལས་བྱེད་ཉིས་སྟོང་ཉིས་བརྒྱ་བཞི་བཅུ་ཞེ་ལྔའི་ནང་མང་ཆེ་བ་ནི་སྐབས་དེར་སྲིད་དབང་འཛུགས་རྒྱུ་དང༌། ཟིང་འཁྲུག་ཞོད་འཇགས། བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་འཐབ་རྩོད་བཅས་བྱེད་སྐབས་ལམ་སྣེ་འཁྲིད་མཁན་དང༌། སྐད་སྒྱུར། ཁྱི་རྡུང་མཁན། དགག་རྒྱག་འཐབ་རྩོད་སྐབས་གཏམ་བཤད་བྱེད་རྒྱུའི་དགོས་མཁོར་བསྟུན་ནས་བསྐོངས་པ་ཞིག་ཡིན་པས་བརྒྱ་ཆ་བརྒྱད་ཅུ་ཡན་ཆད་ཡིག་རྨོངས་རེད། ལོ་དེ་ཚོའི་ནང་བསྐོངས་པའི་མི་མང་ཆེ་བ་ནི་གྲལ་རིམ་འཐབ་རྩོད་དང༌། ལམ་ཕྱོགས་འཐབ་རྩོད་ཀྱི་ཧུར་བརྩོན་པ་ཡིན་པ་ཙམ་ལས་ཆབ་སྲིད་དང་རིག་གནས། དཔལ་འབྱོར་འཛིན་སྐྱོང་བཅས་ཀྱི་ཆུ་ཚད་ཡོད་པའི་མི་ནི་ཧ་ཅང་ཉུང་ཤས་ལས་མེད།
ས་ཁུལ་ཡོངས་ལ་ཁོའོ་རིམ་པའི་ལས་བྱེད་པ་ཆིག་སྟོང་སུམ་བརྒྱ་སུམ་ཅུ་སོ་བཞི་ལས་མེད་པ་དེའི་ནང་གྲངས་ཉུང་མི་རིགས་སུམ་བརྒྱ་ཉི་ཤུ་རྩ་བཞི་ཡོད་པ་དེས་བརྒྱ་ཆ་ཉི་ཤུ་རྩ་བཞི་དང་གྲངས་ཆུང་གསུམ་ཟིན་ཡོད། ༡༩༨༠ ལོའི་ཟླ་༡ པོར་ དམའ་རིམ་སློབ་འབྲིང་ཡན་ལོན་པའི་མི་གྲངས་ཀྱིས་བརྒྱ་ཆ་ཉི་ཤུ་རྩ་བརྒྱད་དང་གྲངས་ཆུང་གཅིག་ཟིན་ཡོད།ཕྱི་ཕྱོགས་ནས་ཀན་ལྷོར་བཏང་བའི་གྲངས་ཉུང་མི་རིགས་གཞན་དག་གི་ལས་བྱེད་པ་ཚུད། བློ་མཐུན་དེ་ཚོའི་ནང་ཁག་ཅིག་ནི་བསམ་བློ་མཁྲེགས་པོར་གྱུར་ནས་དེང་རབས་ཅན་བཞིའི་འཛུགས་སྐྲུན་ལ་བཀག་འགོག་བྱེད་ཀྱང་ཅན་བཞིར་སེམས་ཁུར་ཡོད་ཁུལ་བྱེད་མཁན་ཡིན་ཞིང༌། དངོས་འབྲེལ་ཅན་བཞིའི་འཛུགས་སྐྲུན་བྱེད་ཐུབ་མཁན་བོད་རིགས་ལག་རྩལ་རྐང་འཛིན་པ་དང་ཤེས་ཡོན་ཅན་ནི་ཧ་ཅང་དཀོན་པོ་རེད།
བཟོ་བའི་དཔུང་ཁག་ཐད་ཀྱང་དེ་ལྟར་ཡིན། ས་ཁུལ་ཡོངས་ལ་བཟོ་བ་བདུན་སྟོང་བདུན་བརྒྱ་བཞི་བཅུ་ཞེ་བཞིའི་ནང་བོད་རིགས་དགུ་བརྒྱ་བདུན་ཅུ་དོན་བཞི་ལས་མེད་པ་དེས་བརྒྱ་ཆ་བཅུ་གཉིས་དང་གྲངས་ཆུང་དྲུག་ཟིན་ཡོད་པ་དང༌། རྒྱ་རིགས་དྲུག་སྟོང་བརྒྱ་མེད་བཅུ་དྲུག་ཡོད་པ་དེས་སྤྱི་འབོར་གྱི་བརྒྱ་ཆ་བདུན་ཅུ་དོན་བདུན་དང་གྲངས་ཆུང་བདུན་ཟིན་ཡོད། བོད་རིགས་བཟོ་བ་མང་ཆེ་བ་ནི་འོ་མ་དང༌། འོ་བཟོས་བཟའ་བཅའ་ཉོ་སྒྲུབ་དང༌། ཀོ་ལྤགས་ཀྱི་སྤྱིར་བཏང་བཅོས་ལས་ཚན་པར་རུབ་བསྡུས་བྱས་ཡོད་པ་ལས། བཟོ་རྩལ་གྱི་ཆུ་ཚད་ཅུང་མཐོ་ཙམ་ཁོང་དུ་ཆུད་རྒྱུ་ཡོད་ལ་སྔོན་ཐོན་གྱི་སྒྲིག་ཆས་བཀོལ་སྤྱོད་བྱེད་རྒྱུ་ཡོད་པ་ནི་ཆེས་ཉུང་ཤས་ཡིན། ས་ཁུལ་དཔར་འདེབས་བཟོ་གྲྭ་ཁང་གི་བོད་ཡིག་འཁོར་ཁང་ལ་བོད་རིགས་བཟོ་བ་གཅིག་ཀྱང་མེད་ལ། བོད་ཡིག་ཤེས་པའི་རྒྱ་རིགས་བཟོ་བ་ཡང་མེད་པར་ཡིག་འབྲུ་ཚང་མ་བྱབྱཞུམ་བུར་བལྟས་ནས་སྟག་འབྲི་བ་བྱབྱལྟར་བསྒྲིགས་ཡོད།
ཞིང་ཆེན་ནས་བཏང་བའི་ལས་བྱེད་པ་དང༌། བཟོ་བ། དམག་མི་ལས་སྒྱུར་ཚང་མ་རྒྱ་རིགས་ཞེ་ཅིག་ཡིན། རྒྱ་རིགས་ལས་བྱེད་པ་མང་ཆེ་བ་ཞིག་བོད་ས་ཁུལ་ལ་སླེབས་རྗེས་ས་གནས་དེ་ནི་ལས་ཀ་རག་སའི་ས་ཆ་ལེགས་པོ་ཞིག་ཏུ་བརྩིས་ཤིང༌། མི་རིགས་དང་ཕ་ཡུལ་གཅིག་པའི་འབྲེལ་བ་བརྒྱུད་སྤྱོད་ཚུལ་ངན་པ་སྐུལ་སློང་དང༌། ལུགས་མཐུན་མིན་པའི་བྱ་ཐབས་སྤྱད་དེ་རང་ཉིད་ཀྱི་སྤུན་མཆེད་དང༌། ཨ་ནེ་སྲུ་མོ་སོགས་ཚང་མ་ཡར་བསྐོངས་ནས་སློབ་རིམ་སྤོར་བ་དང༌། ལས་ཀ་སྤྲོད་པ་སོགས་བྱེད་ཀྱི་ཡོད། དེའི་ཐོག་ལོ་དེ་ཚོའི་ནང་ལས་བཟོ་བ་སྡུད་སྐབས། ལས་བཟོའི་བུ་ཕྲུག་དང༌། གཞོན་ནུ་ཤེས་ཡོན་ཅན་ལ་ལྟ་རྟོག་བྱེད་དགོས་པས་ཚང་མ་རྒྱ་ཡིག་ཡིག་ཚད་དེ་ལས་བཟོ་བ་བསྡུ་བའི་རིག་གནས་ཀྱི་ཚད་གཞིར་བརྩི་གི་ཡོད་པས། ས་གནས་དེ་གའི་བོད་རིགས་བུ་ཕྲུག་ཚོ་ལས་བཟོའི་རུ་བསྟར་ནང་ཞུགས་རྒྱུ་ཧ་ཅང་ཁག་པོ་རེད། དེར་བརྟེན་ལས་བཟོའི་དཔུང་ཁག་ནང་རྒྱ་རིགས་ཀྱི་བསྡུར་ཚད་ཇེ་ཆེར་འགྲོ་བ་དང༌། བོད་རིགས་ཀྱི་བསྡུར་ཚད་ནི་སྔར་ནས་ད་བར་ཆུང་ཙམ་ཡིན་པས་རང་སྐྱོང་ལས་ཁུངས་མི་རིགས་ཅན་དུ་བསྒྱུར་རྒྱུ་ཟེར་བ་སྐད་ཆ་སྟོང་བར་གྱུར། རྒྱ་རིགས་ནི་དོན་དངོས་ཐོག་དོ་དམ་བྱེད་མཁན་གྱི་མི་རིགས་ཤིག་ཏུ་གྱུར་ཅིང༌། བོད་རིགས་ནི་དོ་དམ་བྱ་ཡུལ་གྱི་མི་རིགས་ཤིག་ཏུ་གྱུར་ཡོད།
༥༽ བོད་རིགས་ཀྱི་མི་འབོར་གོང་འཕེལ་འགྲོ་རྒྱུར་ཤུགས་རྐྱེན་གཏོང་བ་དང༌། ས་ཁོངས་དབྱེ་སྟངས་དེའི་རྐྱེན་པས་རྒྱ་རིགས་འབོར་ཆེན་ཞིག་སྤོས་ཡོང་བ་དང༌། དེའི་ཐོག་ས་ཁུལ་དེ་གའི་རྒྱ་རིགས་ས་ཁུལ་གྱི་མི་འབོར་འཕེལ་ཚད་མཐོ་བས། ཀན་ལྷོའི་མི་རིགས་ཀྱི་བསྡུར་ཚད་དེར་རྩ་བའི་འགྱུར་ལྡོག་བྱུང་ནས། བོད་རིགས་འདུས་སྡོད་ས་ཁོངས་དེ་རྒྱ་བོད་འདྲེས་སྡོད་ས་ཁོངས་ཤིག་ཏུ་གྱུར་ནས་དེ་སྔའི་གྲངས་མང་དེ་ད་ཆ་གྲངས་ཉུང་དུ་གྱུར་ཡོད།
༡༩༥༧ ལོར་ང་ཚོའི་ས་ཁུལ་གྱི་བོད་རིགས་མི་འབོར་དེ་ས་ཁུལ་དེ་ཡོངས་ཀྱི་སྤྱི་འབོར་གྱི་བརྒྱ་ཆ་ལྔ་བཅུ་ང་གསུམ་༥༣ཟིན་ཡོད་རུང༌། ད་ཆ་བརྒྱ་ཆ་བཞི་བཅུ་ཞེ་གཉིས་དང་གྲངས་ཆུང་གསུམ་༤༢།༣ལས་ཟིན་མེད་པ་དེ་ཆག་ཚད་ཧ་ཅང་ཆེན་པོ་ཞིག་རེད། ང་ཚོའི་ས་ཁུལ་ནང་རྒྱ་རིགས་ཀྱི་བསྡུར་ཚད་དེ་ས་ཁུལ་ཐོག་མར་འཛུགས་སྐབས་བརྒྱ་ཆ་བཞི་བཅུ་ཞེ་གསུམ་༤༣ལས་མེད་པ་ནས་བརྒྱ་ཆ་ལྔ་བཅུ་ང་གཅིག་༥༡བར་འཕར་ཡོད། རྒྱ་རིགས་ཀྱི་མི་འབོར་ནི་༡༩༥༣ ལོའི་ཁྲི་བཅུ་གསུམ་དང་ཆིག་སྟོང་སུམ་བརྒྱ་བཞི་བཅུ་ཞེ་བརྒྱད་༡༣༡༣༤༨ནས་ཁྲི་ཉི་ཤུ་རྩ་ལྔ་དང་ཉིས་བརྒྱ་བཅུ་བཞི་༢༥༠༢༡༤བར་འཕར་བ་དེ་ཧ་ལམ་ལྡབ་གཅིག་འཕར་ཡོད། ལོ་ཉི་ཤུ་རྩ་བདུན་རིང་ལོ་རེར་རྒྱ་རིགས་ཀྱི་མི་འབོར་འཕར་ཚད་དེ་བརྒྱ་ཆ་གསུམ་དང་གྲངས་ཆུང་སུམ་ཅུ་སོ་བརྒྱད་ཡིན་པ་དང༌། བོད་རིགས་ཀྱི་མི་འབོར་འཕར་ཚད་དེ་བརྒྱ་ཆ་གཅིག་དང་གྲངས་ཆུང་སུམ་ཅུ་སོ་བདུན་ལས་མེད། ཟིང་འཁྲུག་ཞོད་འཇགས་གཏོང་རྒྱུ་དེ་ཚབས་ཆེན་པོས་རྒྱ་ཆེ་རུ་བཏང་བ་དེས་བོད་རིགས་ཀྱི་མི་འབོར་འཕར་ཚད་དེར་ཤུགས་རྐྱེན་ངན་པ་ཐེབས་ཡོད། ལོ་ཉི་ཤུ་རྩ་བདུན་རིང་མི་འབོར་ལྔ་ཁྲི་བདུན་སྟོང་བརྒྱ་མེད་བདུན་ཅུ་དོན་བརྒྱད་ལས་འཕར་མེད། སྐབས་ཤིག་རིང་དེ་ལས་མར་ཆག་པའི་གནས་ཚུལ་བྱུང་ཡོད། ས་ཁུལ་ཐོག་མར་འཛུགས་སྐབས་ཁྲི་བཅོ་ལྔ་ཡོད་པ་ནས་ཁྲི་བཅུ་གསུམ་བར་ཆག་ཡོད།༡༩༦༠ ལོ། རྒྱ་རིགས་མི་འབོར་ཤུགས་ཆེན་འཕར་བའི་རྐྱེན་ནི་ས་གནས་དེ་གའི་རྒྱ་རིགས་ཀྱི་མི་འབོར་ཤུགས་ཆེན་འཕར་བ་ཕུད། ཀན་ལྷོར་རོགས་རམ་བྱེད་པར་ཡོང་མཁན་རྒྱ་རིགས་ལས་བྱེད་པའི་རྒྱུད་འཛིན་དང༌། གཞན་ཡང་གཙོ་བོའི་ཡོང་ཁུངས་ཤིག་ནི་གནས་སྤོས་ཡུལ་མི་ཡིན། བཀས་བཀོད་རྒྱུད་འཛིན་རིང་ལུགས་ཀྱི་བསམ་བློའི་ཤུགས་རྐྱེན་འོག སྐབས་ཤིག་རིང་ང་ཚོས་གནས་སྤོས་ཡུལ་མི་འབོར་ཆེན་ལ་བརྟེན་ནས་མཐའ་སྲུང་སྲ་བརྟན་དང༌། མི་རིགས་ས་ཁུལ་གྱི་བྱབྱབརྟན་ལྷིང་མཐུན་སྒྲིལ་བྱབྱསྲ་བརྟན། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་སྲུང་སྐྱོབ་བཅས་བྱས་ཡོད་པ་དེས། རྗེས་སུ་གནས་སྤོས་ཡུལ་མིའི་སྲིད་ཇུས་དེ་རིགས་གོམས་གཤིས་རང་བཞིན་གྱི་སྲོལ་རྒྱུན་ཞིག་ཏུ་གྱུར་ནས། གེགས་བར་བྱུང་ཁུལ་གྱི་རྒྱ་རིགས་ཚོས་གཉེན་ཉེ་འཚོལ་བའམ་ཡུལ་གྱར་བྱེད་པར་ཡོང་བ་དེ་ནི་གྲངས་ཉུང་མི་རིགས་ས་ཁུལ་གྱི་མི་འབོར་འཕར་ཚད་ལ་འགྱུར་ལྡོག་ཡོང་བའི་རྒྱུ་རྐྱེན་ཞིག་ཡིན། བོད་རིགས་སྐྱེས་འཕེལ་གྱི་ཚད་གཞི་འདི་ལྟ་བུའི་དམའ་བོ་ཡིན་རུང༌། ས་ཁུལ་འགའ་ཤས་ཀྱི་འགོ་ཁྲིད་འགའ་ཤས་ཀྱིས་ད་དུང་བོད་རིགས་མ་གློད་པར་བོད་རིགས་ཀྱིས་ཀྱང་འཆར་གཞི་ལྡན་པའི་ཕྲུ་གུ་སྐྱེ་དགོས་ཟེར་ནས། གཅིག་གཉིས་གསུམ་གྱི་ལམ་ལུགས་ལས་བྱེད་པ་དང་བཟོ་ལས་པས་ཕྲུ་གུ་གཅིག ས་མ་འབྲོག་ལ་ཕྲུ་གུ་གཉིས། མཐའ་ཁུལ་གྱི་ས་རྒྱ་ཆེ་ལ་མི་འབོར་ཉུང་བའི་ས་གནས་སུ་ཕྲུ་གུ་གསུམ།ལག་བསྟར་བྱས་ཡོད། མ་གཞི་ནས་བོད་རིགས་ནི་ས་ཆ་མཐོ་ལ་གྲང་ངར་ཆེ་བའི་ས་ཁུལ་དུ་འཚོ་ཞིང༌། འཕྲོད་བསྟེན་གྱི་ཆ་རྐྱེན་ཞན་པར་བརྟེན་ཕྲུ་གུ་སྐྱེ་ཚད་སྔར་ནས་ད་བར་མཐོན་པོ་མེད་པས། མི་འབོར་ཧ་ཅང་ཉུང་ཉུང་ཡིན་བཞིན་དུ་ད་དུང་ཕྲུ་གུ་སྐྱེ་རྒྱུར་ཚོད་འཛིན་བྱེད་དགོས་བྱུང་སྟབས། ལོ་ཉི་ཤུ་སུམ་ཅུ་མ་སོང་གོང་བོད་རིགས་དེ་རྒྱ་རིགས་ཆེན་པོའི་མཐའ་ཡས་རྒྱ་མཚོའི་ནང་དུ་ནུབ་རྒྱུ་ངེས་ཅན་རེད།
གཞན་ཡང༌། རྒྱ་རིགས་སྤུན་ཟླ་འབོར་ཆེན་གནས་སྤོས་བྱས་ནས་འཛུལ་ཡོང་བ་དེས་བོད་ཀྱི་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་ནས། བོད་ཀྱི་སྔར་སྲོལ་བཟའ་བཅའ་ཚགས་ཤ་དང༌། ལུག་ཤ མར་བཅས་ཧ་ཅང་དཀོན་དུ་ཕྱིན་ནས་དགོས་མཁོ་མ་ལྡེང་བས་ས་གནས་དེ་གའི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་དམའ་རུ་ཕྱིན་ཡོད།
༦༽ འདི་ལྟ་བུའི་བཅད་བཟུང་འཚང་འགག་ལྟ་བུའི་བོད་རིགས་ས་ཁོངས་དབྱེ་སྟངས་དེས། བོད་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་ལའང་ཤུགས་རྐྱེན་ངན་པ་ཐེབས་ནས། ཞིང་ཆེན་དང་ལྗོངས་སུས་ཀྱང་གཅིག་གིས་གཅིག་ལ་དོ་དམ་བྱེད་ཐབས་མེད་པས་རྩ་ཁའི་སྐོར་གྱི་རྩོད་རྙོག་དང་འཁྲུག་རྩོད་སྔར་བས་ཛ་དྲག་ཏུ་འགྲོ་གིན་ཡོད།
༼གསུམ་པ།༽
གོང་དུ་འཁོད་པ་ཕུད་མི་རིགས་ཕན་ཚུན་འགྲོ་འོང་བྱེད་སྐབས་མ་གཞི་གསལ་པོར་རྟོགས་ཐུབ་པ་ཞིག་ཡིན་རུང༌། སྐད་ཡིག་ལ་བརྟེན་ནས་གོ་བརྡ་མི་སྤྲོད་པའི་མཐོང་ཆུང་གི་བྱེད་སྟངས་གང་སར་ཁྱབ་ཡོད་ཅིང༌། མི་རིགས་ཆེན་པོའི་སྒེར་ཕན་རིང་ལུགས་མངོན་གསལ་དོད་པོ་ཡོད།
སྤྱི་ཚོགས་འཚོ་བའི་ནང་དོན་དངོས་ཐོག་འདྲ་མཉམ་མིན་པའི་གནས་ཚུལ་མང་བོ་གནས་ཡོད་པས། གྲངས་ཉུང་མི་རིགས་ཀྱི་ཁེ་ཕན་ལ་གནོད་སྐྱོན་བྱུང་སྟབས་རྒྱ་རིགས་ལ་ཡིད་ཆེས་ཀྱི་བསམ་པ་ཇེ་ཞན་དུ་འགྲོ་བ་དང༌། མི་རིགས་ཀྱི་འགལ་བའི་འཕེལ་ཕྱོགས་དེ་རྣོ་ངར་ཅན་དུ་འགྲོ་གིན་ཡོད། མདོར་ན། ད་ལྟའི་བོད་རིགས་ས་ཁོངས་དབྱེ་སྟངས་དེས་བོད་མི་རིགས་ཡར་རྒྱས་དང་ཕུན་སུམ་ཚོགས་སུ་འགྲོ་རྒྱུར་མི་ཕན་པ་དང༌། བོད་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་ལ་མི་ཕན་པ། མི་རིགས་ཁག་དབར་དང༌། ལྷག་པར་དུ་རྒྱ་བོད་དབར་གྱི་མཐུན་སྒྲིལ་ལ་མི་ཕན་པ། དོན་དངོས་ཀྱི་འདྲ་མཉམ་མིན་པ་དེ་སེལ་རྒྱུར་མི་ཕན་པ། སྔོན་བསྐྱོད་མི་རིགས་དང༌། རྗེས་ལུས་མི་རིགས་དབར་གྱི་ཧེ་བག་ཆུང་དུ་གཏོང་རྒྱུར་མི་ཕན་པ། བཙན་བདག་རིང་ལུགས་ལ་འཐབ་རྩོད་བྱེད་པའི་དགོས་མཁོར་མི་ཕན་པ་བཅས་ཡིན་པས། བབ་བསྟུན་སྣེ་འཁྲིད་ཀྱིས་ཡོ་བསྲང་བྱེད་དགོས།
ཀྲུང་དབྱང་ནས་ཐོག་མར་བོད་རིགས་ས་ཁོངས་དབྱེ་སྐབས། སྐབས་དེའི་བོད་ཀྱི་གནས་སྟངས་དང༌། རྒྱལ་སྤྱིའི་འཐབ་རྩོད་མང་བ། བཀས་བཀོད་རྒྱུད་འཛིན་མི་སེར་སྤེལ་བྱེད་རིང་ལུགས་ཀྱི་ལོ་རྒྱུས་ཉམས་མྱོང་གི་བསླབ་བྱ་མང་ཙམ་ཡོད་པ་བཅས་ལ་བསམ་གཞིགས་བྱས་པ་ཞིག་ཡིན་པ་ཤོད་མི་དགོས་པ་རེད། འོན་ཀྱང་ད་ཆ་རྒྱལ་སྤྱི་རྒྱལ་ནང་དང་བོད་བཅས་ཀྱི་རྣམ་པར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད་བཞིན་དུ། ད་དུང་ང་ཚོས་དེ་སྔའི་གནས་ཚུལ་དེ་རང་ལ་མཁྲེགས་བཟུང་ཨུ་ཚུགས་ཀྱིས་ད་ཡོད་གནས་ཚུལ་ལ་བག་འཁུམས་བྱས་ནས། ཅན་བཞི་དང༌། མི་རིགས་མཐུན་སྒྲིལ་ལ་མི་ཕན་པའི་རྣམ་པ་དེ་རིགས་མཐའ་འཁྱོངས་གཏན་ནས་བྱེད་མི་རུང༌།
བོད་རིགས་ས་ཁོངས་དབྱེ་སྟངས་ཐད་གནད་དོན་དེ་རིགས་ཐོན་པའི་གཙོ་བོའི་རྒྱུ་རྐྱེན་ནི། ང་ཚོའི་ཏང་གིས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་རང་རྒྱལ་གྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་དང༌། མ་ཁེ་སི་དང་ཨིན་ཁེ་སི། སི་ཏཱ་ལིན་བཅས་ཀྱི་མི་རིགས་གནད་དོན་ཐོག་གི་རྣམ་བཤད་ཀྱི་གོ་དོན་མཐིལ་རྟོགས་བྱེད་རྒྱུ་བཅས་ལ་ཧ་ཅང་གི་ཞན་པོ་ཡིན་པའི་རྒྱུ་རྐྱེན་ཡིན་པ་ཕུད། ཚད་གཞི་ངེས་ཅན་གྱི་ཐོག་ནས་མི་སེར་སྤེལ་བྱེད་ཀྱི་བསམ་པའི་འཆིང་རྒྱ་ལས་ཡོངས་སུ་ཐར་མེད་པས། རང་རྟོགས་ཡིན་མིན་སྣ་ཚོགས་ཀྱི་སྒོ་ནས་གྲངས་ཉུང་མི་རིགས་རྣམས་མཐའ་ཁུལ་གྱི་འགོག་སྲུང་ལྕགས་རི་ལྟ་བུར་བེད་སྤྱོད་བྱེད་ཅིང༌། འགའ་ཤས་ལ་སྐབས་བསྟུན་གྱི་བྱབྱསེམས་གསོ་བྱབྱདང༌། བྱབྱའཇམ་བྲིད་བྱབྱཀྱི་ཐབས་ཤེས་སྤྱོད་པ་ལས་བརྩེ་དུང་གི་གནད་དོན་ཐག་གཅོད་བྱས་མེད་པར། བཀས་བཀོད་རྒྱུད་འཛིན་རྩ་རྒྱུད་ཀྱི་བསམ་བློ་ཚབས་ཆེན་ཡོད་པ་དེའི་གཙོ་བོའི་མངོན་ཚུལ་ནི། དེང་སྐབས་འཁྲབ་སྟོན་བྱེད་པའི་ཅིན་འགོག་དང༌། ཡོན་འགོག་ཟེར་བ་སོགས། ༼ཕྱིའི་མི་རིགས་ཀྱི་བཙན་འཛུལ་༽འགོག་པ་ཟེར་བའི་ཁྲང་ཞི་དང༌། ལོ་རྒྱུས་ཀྱི་དེབ་འབོར་ཆེན་ཐོན་པ་དེ་ཚོ་ལས་མཚོན་གྱི་ཡོད། ད་དུང་བོད་ས་ཁུལ་ལ་རྒྱ་མིང་བཏགས་པ་དཔེར་ན་མཚོ་སྔོན་གྱི་རེབ་གོང་ལ་ཐུང་རིན་དང༌། ཨ་རིག་ར་རྒྱའི་ཕྱོགས་ལ་ཐུང་ཏེ་སོགས་ཀྱི་མིང་དེ་ཚོ་ལས་འདུལ་ཐབས་ཀྱི་ལག་རྗེས་མཚོན་ཡོད།
གཞན་ཡང་མི་རིགས་དང་ཆོས་ལུགས་གཅིག་ཏུ་བསྲེས་ནས་མི་རིགས་མགོ་འདོགས་རིང་ལུགས་ལ་དགག་པ་རྒྱག་པ་སོགས་དོན་དུ་བོད་རིགས་དེ་དགྲ་ཟླའི་མི་རིགས་ཤིག་ཏུ་བརྩི་གི་ཡོད།
རྩ་ཟབ་སྡོང་བརྟན་གྱི་སྲོལ་རྒྱུན་འདུ་ཤེས་དེ་རིགས་ཀྱི་རྐྱེན་པས་ང་ཚོས་མི་རིགས་ཀྱི་གནད་དོན་ཐོག་བསྐྱར་ལོག་ཐེངས་འགའ་ཤས་བྱུང་མྱོང་བ་དང༌། རྒྱ་རིགས་ཆེན་པོའི་རིང་ལུགས་ཁྱབ་གདལ། ༼རིག་གནས་གསར་བརྗེ་ཆེན་པོའི་༽ནང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པར་གནོད་འཚེ་དང་མནར་གཅོད་ཕོག་ཅིང༌། གྲངས་ཉུང་མི་རིགས་ཀྱི་རིག་གཞུང་ཤིན་ཏུ་ཉམ་ཞན་གྱི་གནས་སུ་གྱུར་བ་བཅས་བཟོས་པ་རེད། འདི་ལྟ་བུའི་སྲོལ་རྒྱུན་འདུ་ཤེས་ཀྱིས། ང་ཚོས་མི་རིགས་རིང་ལུགས་ཀྱི་ཕྱོགས་ལྷུང་ལ་དགག་པ་རྒྱག་སྐབས། ངག་ཐོག་ནས་རྒྱ་རིགས་ཆེན་པོའི་རིང་ལུགས་དེ་གཙོ་གནད་ཡིན་ཁུལ་ཟེར་ཡང༌། དོན་དངོས་ཐོག་རྟག་པར་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ནི་༼ངོ་ལོག་པ།༽ ༼ཇག་པ་དང་ལག་འབྲེལ་ཡོད་པ།༽ ༼ཕྱི་རྒྱལ་དང་ངན་འབྲེལ་བྱེད་མཁན།༽ ༼མི་རིགས་ཁ་བྲལ་རིང་ལུགས་པ་༽སོགས་ཀྱི་ཉེས་མིང་བཀལ་ནས་མནར་གཅོད་བཏང་ཡོད་པ་དང༌། དངོས་ཕན་རིང་ལུགས་ལག་ལེན་བསྟར་ནས་གྲངས་ཉུང་མི་རིགས་ཀྱི་ལུགས་མཐུན་རེ་འདུན་རྣམས་ལ་བཙན་གནོན་བྱེད་ཅིང༌། མི་རིགས་ཀྱི་བརྩེ་དུངས་མེད་པ་བཟོ་གི་ཡོད།
༼མཐུན་སྒྲིལ་༽བྱེད་དགོས་ཞེས་ཡིན་མིན་དང༌། བདེན་རྫུན་གྱི་དབྱེ་བ་མེད་པར། རྒྱ་རིགས་ལ་བརྟེན་དགོས་པ་སོགས་དཔེ་མཚོན་གྱི་མི་རིགས་སྒེར་ཕན་རིང་ལུགས་ལག་བསྟར་བྱེད་ཀྱི་ཡོད། དེའི་རྒྱུ་རྐྱེན་ནི་གཙོ་བོར་ལིན་པེའོ་དང་མི་བཞི་ཤོག་ཁག་གི་གཡོན་ལྷུང་ལམ་ཕྱོགས་ལས་བྱུང་བའི་ངན་འབྲས་ཤིག་ཡིན།
ལིན་པེའོ་དང་མི་བཞི་ཤོག་ཁག་གི་རྒྱ་རིགས་ཆེན་པོའི་རིང་ལུགས་ཀྱི་དུག་སྐྱོན་འོག རྒྱ་རིགས་སྤུན་ཟླ་མང་བོ་ཞིག་གིས་རང་ཉིད་ནི་ཕུལ་བྱུང་གི་མི་རིགས་ཤིག་ཡིན་པར་རློམ་ཞིང༌། གྲངས་ཉུང་མི་རིགས་ནི༼སྤྱི་འབངས་རིམ་པ་གཉིས་པ་༽ཞིག་ཡིན་པར་བརྩིས་ནས། རྒྱུན་དུ་༼བྲན་གཡོག་གི་སྤྱི་ཁྱབ་དཔོན་པོ་༽དང༌། ༼འཇིག་རྟེན་སྐྱབས་མགོན་༽གྱི་གནས་བབ་ཐོག་ནས་གྲངས་ཉུང་མི་རིགས་དང་འབྲེལ་ཡོད་ཀྱི་ལས་དོན་རྣམས་འགན་གཙང་ལེན་རྐྱང་བྱེད་པ་དང༌། ལས་དོན་ཞིག་བྱུང་ན་སྔོན་ལ་རང་གི་ཁེ་ཕན་དམིགས་ཡུལ་དུ་བཟུང་ནས། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཐོག་གི་དམིགས་བསལ་གྱི་ལྟ་རྟོག་དང་གཟིགས་སྐྱོང་དེ་ཚོ་བཙན་ཧམ་གྱིས་འཕྲོག་གིན་ཡོད་པའི་མངོན་ཚུལ་གཤམ་གསལ།
མི་བཞི་ཤོག་ཁག་གཏོར་རྗེས་ཏང་གི་མི་རིགས་སྲིད་ཇུས་ཐོག་མར་དོན་འཁྱོལ་བྱས་པ་དེར་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་རྣམས་དགའ་སྤྲོ་དཔག་མེད་བྱུང་ཡང༌། རྒྱ་རིགས་སྤུན་ཟླ་འགའ་ཤས་ནི་སྡོད་མི་ཐུབ་པ་ཞིག་ཆགས་ནས་ག་རེ་ཟེར་གྱི་ཡོད་ཅེ་ན། གནས་བབ་ཡག་པོ་མི་འདུག རོ་ལངས་རྒྱག་གི་འདུག ངོ་ལོག་རྒྱག་གི་འདུག་ཅེས་ཟེར་གྱི་ཡོད། ༡༩༧༩ ལོ་རང་ཚོའི་ཀྲོའུའི་ལིང་ཐན་ལྗོང་གི་ཀུང་ཧྲེ་ཞིག་གི་འགོ་ཁྲིད་ཀྱིས། ཁ་ཆེ་ཚོས་ངོ་ལོག་རྒྱག་གི་འདུག་ཟེར་བའི་དཀྲོག་གཏམ་བཟོས་ནས་མི་རྣམས་དངངས་སྐྲག་སྐྱེ་བ་བཟོས་ཏེ། མི་རིགས་ཀྱི་འབྲེལ་བར་ཤུགས་རྐྱེན་ངན་པ་ཐེབས་ཡོད།
ཀྲུང་དབྱང་གི༌།༨༠། ཡིག་ཆ་ཨང་༣༡ པ་ཐོན་རྗེས་རྒྱ་རིགས་ལས་བྱེད་པ་འགའ་ཤས་ཀྱིས་འགོ་ཁྲིད་ལས་བྱེད་ཚུད། མི་འདོད་པའི་མིག་གིས་གཅིག་གིས་གཅིག་ལ་ལྟ་ཞིང༌། ཐ་ན་སྒེར་གྱི་ངན་འབྲེལ་བྱས་ནས་རྒྱ་རིགས་ཆེན་པོའི་རིང་ལུགས་ཀྱི་སེམས་ཤུགས་ངན་སྐུལ་དང༌། མི་རིགས་ཀྱི་འབྲེལ་བར་དཀྲུག་ཤིང༌། བོད་རིགས་ཚོས་ངོ་ལོག་ཟིང་འཁྲུག་སློང་གིན་འདུག་ཟེར་བའི་གླེང་ཕྱོགས་བཟོས་ནས། རྗེས་སུ་མི་རིགས་ལས་བྱེད་པ་དང་མང་ཚོགས་ལ་དྲག་གནོན་བྱ་རྒྱུའི་ལམ་བཤངས་བརྒྱབ་པ་རེད། ལྷག་པར་གོང་རིམ་གྱི་མི་རིགས་སྲིད་ཇུས་ལག་བསྟར་བྱེད་རྒྱུའི་ཆོད་སེམས་ལ་གཡོ་འགུལ་བཏང་བ་དང༌། མི་རིགས་ལས་དོན་གྱི་དུས་བབ་ཆེས་བཟང་བོར་འཁྱོག་བཤད་བཅས་བྱས་པ་དཔེར་ན། ང་ཚོའི་ས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧྲེ་པའོ་ཧྲན་དེ་སྔོན་ཀན་ལྷོར་ལོ་ཉི་ཤུའི་རིང་ལས་ཀ་བྱས་མྱོང་གྱིས། ཞིང་ཆེན་གྱི་སྐབས་ལྔ་བའི་རྒྱུན་ལས་ཚོགས་འདུ་ཐེངས་བཞི་བའི་ཐོག མ་ཡོད་ཡོད་ཚུལ་དང༌། དོན་དངོས་ལ་འཁྱོག་བཤད་ཀྱི་ཐོག་ནས་བྱབྱཀན་ལྷོའི་བོད་རྒྱའི་འབྲེལ་བ་དེ་ཡག་པོ་མི་འདུག བོད་རིགས་ཀྱིས་རྒྱ་རིགས་ལས་བྱེད་པ་མི་དགོས་ཟེར་བ་དང༌། རྒྱ་རིགས་ལས་བྱེད་པས་དེ་གར་བློ་བདེ་བག་ཕེབས་ཀྱི་ལས་ཀ་མི་བྱེད་པ། ད་ཆ་གནས་ཚུལ་སྤྱིར་བཏང་མིན་པ་ཞིག་ཡོད་པ་ནི། ས་ཁུལ་འགའ་ཤས་ལ་བོད་རིགས་ཚོས་གྲི་དང༌། མེ་མདའ་ཉོས་ནས་མི་རེས་སྣེ་ཁ་གསུམ་རེ་ཁྱེར་བ་དང༌། རྟ་ཡག་པ་བདམས་ནས་དམག་རྒྱག་རྒྱུའི་གྲ་སྒྲིག་བྱེད་པ་མ་ཟད། ད་དུང་འགའ་ཤས་ཀྱིས་མེ་སྒྱོགས་ཀྱང་ཉོ་གིན་ཡོད་སྐད་འདུག གནས་ཚུལ་དེ་ཧ་ཅང་གི་ཛ་དྲག་པོ་འདུག གནད་དོན་དེར་ཞིང་ཆེན་ནས་ཚད་མཐོའི་དོ་སྣང་བྱེད་དགོས་བྱབྱཞེས་བཤད་ཡོད། བསྡུས་གསལ་གསར་འགྱུར་སྐབས་ལྔ་བ། རྒྱ་རིགས་ལས་བྱེད་པ་དེ་རིགས་ནི་མི་རིགས་སྲིད་ཇུས་ལ་མི་དགའ་བ་དང༌། བོད་རིགས་མི་དམངས་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་མཁན་ཡིན་པས། ཁོ་ཚོ་ནི་མི་རིགས་སྲིད་ཇུས་དོན་འཁྱོལ་བྱེད་པའི་ལམ་ཐོག་གི་འགོག་རྡོ་དང་བོད་རིགས་ལས་བྱེད་པའི་བསམ་པ་སྒྲིབ་བྱེད་ཀྱི་སྤྲིན་ནག་ཅིག་ཡིན་པ་དང༌། མི་རིགས་མཐུན་སྒྲིལ་གཏོར་བཤིག་གཏོང་མཁན་གྱི་གདོང་མཆོངས་པ། མི་རིགས་ཧྲ་ཝུན་རིང་ལུགས་ཀྱི་དཔེ་མཚོན། བོད་རིགས་ལས་བྱེད་མང་ཚོགས་ཀྱི་ཁྲོད་དུ་དགའ་བསུ་མི་ཐོབ་པའི་མི་བཅས་རེད།
མིག་སྔའི་གནས་ཚུལ་དེ་རིགས་ལ་འགྱུར་ལྡོག་གཏོང་དགོས་ན། གལ་འགངས་ཆེ་ཤོས་ནི་བསྐྱར་དུ་བོད་རིགས་རང་སྐྱོང་ས་ཁོངས་ལེགས་སྒྲིག་བྱེད་དགོས།
རབ་བྱུང་ན་བར་སྟོང་གི་ས་ཆས་གཏན་ནས་མ་ཆོད་པའི་བོད་རིགས་རང་སྐྱོང་ས་ཁུལ་དང་རྫོང་རྣམས་ཟླ་བསྒྲིལ་གྱིས་བྱབྱཁ་བ་ཅན།བྱབྱ བྱབྱབོད་རིགས་ཕ་ཡུལ་བྱབྱརང་སྐྱོང་ལྗོངས་ཞེས་བསྒྱུར་ནས། བོད་མི་རིགས་ཀྱི་དཔལ་འབྱོར་དང་རིག་གནས་རྣམས་མི་རིགས་ཀྱི་ཁྱད་ཆོས་དང་བསྟུན་ནས་མ་ལག་གཅིག་གྲུབ་པ་བྱས་ཏེ་མདུན་བསྐྱོད་བྱ་རྒྱུར་སྐུལ་མ་གཏོང་བདེ་ཡོང་བ་བྱེད་དགོས།
འབྲིང་ལ་མཚོ་སྔོན་དང༌། ཀན་སུའུ། སི་ཁྲོན་བཅས་ཀྱི་བོད་རིགས་ས་ཁུལ་དེ་རྣམས་ཨ་མདོ་བོད་རིགས་རང་སྐྱོང་ལྗོངས་སུ་དབྱེ་བགོ་བྱེད་དགོས། ལོ་རྒྱུས་ཀྱི་སྲོལ་རྒྱུན་དང༌། རང་བྱུང་གི་མཐུན་རྐྱེན། ས་ཁམས་ཁོར་ཡུག དཔལ་འབྱོར་གྱི་གྲུབ་ཚུལ། ཆོས་ལུགས་ཀྱི་དད་མོས། འཚོ་བའི་གོམས་གཤིས། རིག་གནས་སྒྱུ་རྩལ། བསམ་པའི་ངོ་བོ་སོགས་ཀྱི་ཐད་ལ་ཨ་མདོ་ས་ཁུལ་ཡོངས་ལ་གོང་གསལ་ཐུན་མོང་གི་ཁྱད་ཆོས་ལྡན་པ་ཞིག་ཡིན་པས། དེ་ནི་ཨ་མདོ་ས་ཁུལ་གྱི་བོད་རིགས་མི་དམངས་ཁྲི་ཚོ་ཉིས་བརྒྱས་རྨི་ལམ་དུ་ཡང་ཐོབ་རེ་བྱེད་པའི་རེ་འདོད་གཅིག་ཡིན།
དེ་ཡང་མ་འགྲིག་ན། ཀན་ལྷོ་དེ་མཚོ་སྔོན་ལ་ཟླ་བསྒྲིལ་ནས་དོ་དམ་བྱས་ཏེ། ཀན་ལྷོའི་བོད་རིགས་མི་དམངས་ཁྲི་ཉི་ཤུ་དེ་རང་ཉིད་ཀྱི་མི་རིགས་ས་ཁུལ་གྱི་མི་དམངས་དང་འབྲེལ་བ་བྱེད་པའི་གོ་སྐབས་ཕྲན་བུ་ཡོང་བ་དང༌། རིག་གནས་སློབ་གསོ་དེ་མ་ལག་གཅིག་ཏུ་གྱུར་ནས་མགྱོགས་མྱུར་ངང་ཁོ་ཚོའི་ཅུང་སྔོན་ཐོན་ཡིན་པའི་དཔལ་འབྱོར་རིག་གནས་ཀྱི་ཆུ་ཚད་ཀྱི་རྗེས་ཟིན་པ་ཡོང་རྒྱུར་བརྟེན། དེ་དོན་དོན་སྨིན་ཡོང་བ་ཞེས་ཀྲུང་དབྱང་ལ་རེ་འདུན་མི་ཞུ་མཐུ་མེད་རེད།
དགའ་གུས་འོས་པའི་ཏང་དང་མི་དམངས་སྲིད་གཞུང་གི་དབུ་ཁྲིད་ཚོ། གཞི་རྐང་ལོ་རྒྱུས་ཐོག་རྒྱ་བོད་མཛའ་གྲོགས་ཀྱི་དུས་མཚམས་བྱུང་མྱོང་ཡོད་ཀྱང༌། ཀྲུང་དབྱང་སྲིད་གཞུང་ནས་ཐད་ཀར་དོ་དམ་བྱས་པའི་དུས་ཚོད་ཧ་ཅང་ཐུང་ཐུང་ཡིན་ཁར་ང་ཚོའི་ལས་ཀའི་ནང་གི་ཕྱོགས་རིས་ཀྱི་སྐྱོན་ཆའི་རྐྱེན་པས། མི་རིགས་ཀྱི་འགལ་ཟླ་གཏིང་ཟབ་ཙམ་ཡོད་པ་དང༌། ཡིད་ཆེས་ཀྱི་འབྲེལ་བར་གཏོར་བཤིག་ཕོག་ཡོད་སྟབས། ཡིད་ཆེས་གསར་པ་འཛུགས་དགོས་ན་སྲིད་ཇུས་ལྷུག་གཏོང་ཐོག་ད་དུང་ལྷུག་གཏོང་དགོས། རོགས་སྐྱོར་ཐོག་ད་དུང་རོགས་སྐྱོར་བྱེད་དགོས།
མ་ལེ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང༌། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ། བོད་རིགས་མི་དམངས་ལ་ཕན་པ་ཡོད་པ་བཅས་ཡིན་ཕྱིན་ངེས་པར་དུ་རང་སྐྱོང་གི་ཁྱབ་ཁོངས་དེ་བས་ཆེ་བ་དང༌། རང་བདག་གི་དབང་ཆ་དེ་བས་ཆེ་བ་སྤྲོད་དགོས། དེ་ལྟར་བྱས་ནས་བོད་རིགས་མི་དམངས་ཀྱིས་དངོས་འབྲེལ་མེས་རྒྱལ་གྱི་ཁྱིམ་ཚང་ཆེན་པོའི་དྲོད་སྐྱིད་དང༌། དོན་དངོས་ཐོག་འདྲ་མཉམ་ཡིན་པ། ཕན་ཚུན་བརྟེན་རེས་ཀྱི་འབྲེལ་བ་ཡོད་པ་བཅས་ཚོར་བ་བཟོ་དགོས། དེ་ལྟར་བྱས་ན་རྒྱལ་ནང་གི་རྣམ་པ་དངོས་འབྲེལ་བརྟན་ལྷིང་དང་མཐུན་སྒྲིལ། མི་རིགས་ཀྱི་འབྲེལ་བ་དེ་གཞི་ནས་འཆམ་མཐུན་ཞིག་ཡོང་ཐུབ་པ་མ་ཟད། མཐའ་མཚམས་ཀྱང་སྲ་བརྟན་ཡོང་ཐུབ།
ལོ་རྒྱུས་ཀྱི་ཉམས་མྱོང་ཐོག་ནས་མི་རིགས་ཀྱི་འབྲེལ་བ་དེ་ཡང་ཁྱིམ་ཚང་གི་འབྲེལ་བ་དང་འདྲ་ཞིང༌། འཆམ་པོ་མ་བྱུང་ན་བུ་སྤུན་གྱིས་ཁྱིམ་ཚང་བགོ་བཤའ་བྱེད། འཆམ་པོ་བྱུང་ན་ལེ་དབར་སྟོང་གིས་ཆོད་པའི་བུ་དང་བུ་མོ་ཡང་མཐུན་གཤིབ་ཡོང་ཐུབ་པ་དེ་གསལ་པོར་བསྟན་ཡོན།
ཧྲུའུ་ཅི་ཁྲུའུ། མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང༌། རྒྱལ་སྲིད་སྤྱི་ཁྱབ་ཁང༌། གོང་གསལ་ལྟ་སྟངས་ནི་བོད་རིགས་ལས་བྱེད་པ་དང༌། མང་ཚོགས། ཤེས་ཡོན་ཅན་བཅས་ཀྱི་ཁྲོད་དུ་ཡོངས་ཁྱབ་ཏུ་ཤོད་གླེང་ཡོད་ཀྱང༌། ང་ཚོ་སྐམ་ས་ནང་ཁུལ་གྱི་རང་སྐྱོང་ས་ཁུལ་ཡིན་པས། ལོ་རྒྱུས་ཐོག་གི་ལས་འགུལ་རིམ་བྱུང་ནང་རྒྱ་རིགས་ཆེན་པོའི་རིང་ལུགས་ཀྱི་གནོན་ཤུགས་དང་སྣ་རྒྱུག་ཕོག་མྱོང་བར་སྐྲག་ནས། དབང་ཆ་མེད་པ་རྣམས་ཀྱིས་ཤོད་མི་ནུས་པ་དང༌། དབང་ཆ་ཡོད་མཁན་ཚོས་མི་རིགས་དོན་སྟོང་རིང་ལུགས་ལག་བསྟར་བྱས་ནས་མི་ཤོད་པར་བརྟེན། ཀྲུང་དབྱང་ནས་གཤམ་གྱི་གནས་ཚུལ་དང་དམངས་ཀྱི་བསམ་བློ་ཤེས་རྟོགས་ཡོང་བ་ཁག་པོ་རེད། ཏང་གིས་ལོ་མང་གསོ་སྐྱོང་བྱས་པའི་ལས་བྱེད་གཞོན་ནུ་ཞིག་གི་ངོས་ནས་བཤད་ན། ང་ཚོས་བྱབྱས་གནས་མི་རིགས་རིང་ལུགས་བྱབྱ དང༌། བྱབྱབཀས་བཀོད་རྒྱུད་འཛིན་གྱི་སྟོབས་ཤུགས་ལྷག་འཕྲོའི་རྙོག་ཁྲ་བྱབྱ ཞིག་སློང་ག་ལ་སྲིད། དེ་དང་དུས་མཚུངས། ཏང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་༼བསམ་བློ་བཅིངས་འགྲེོལ་དང༌། དངོས་ཐོག་བདེན་འཚོལ་༽གྱི་མཛད་ཕྱོགས་བཏོན་ཡོད་སྟབས། ང་ཚོས་བློ་ཁོག་ཆེན་པོས་སྙན་ཞུ་འདི་ཕུལ་བར་ནོར་འཁྲུལ་ཡོད་སར་ཀྲུང་དབྱང་དབུ་ཁྲིད་ཚོ་དགོངས་དྭངས་ཡོང་བ་ཞུ། །
ཀན་ལྷོ་ས་ཁུལ་ཨུ་ཡོན་ལྷན་ཁང་གི་དྲིལ་བསྒྲགས་པུའུའི་སྐལ་བཟང་ཚེ་བརྟན།ས་རྟགས།
ས་ཁུལ་ཏང་གི་སློབ་གྲྭྭའི་འཇམ་དབྱངས་བློ་གྲོས།ས་རྟགས།
ས་ཁུལ་རྒྱང་བསྒྲགས་རླུང་འཕྲིན་ཁང་གི་གདུགས་དཀར་སྐྱབས།ས་རྟགས།
ས་ཁུལ་གློག་བརྙན་ཀུང་སིའི་བློ་བཟང༌།ས་རྟགས།
ས་ཁུལ་སློབ་གསོ་ཅུས་ཀྱི་ནོར་ལྷ་ཚེ་རིང་དང༌། བསོད་ནམས་དབང་རྒྱལ།ས་རྟགས།
ས་ཁུལ་ཡིག་སྒྱུར་ཁོའོའི་དབང་རྒྱལ།ས་རྟགས།
ས་ཁུལ་མི་རིགས་སློབ་གྲྭའི་དགེ་འདུན་བཅས་ནས།ས་རྟགས།
སྤྱི་ལོ་༡༩༨༠ ལོའི་ཟླ་ ༡༡ ཚེས་ ༢༧ ལ། །
བོད་རིགས་གུང་ཕྲན་ཏང་ཡོན་འདི་དག་གི་སྙན་ཞུ་འདི། དེ་སྔོན་མཐོང་བའི་སྐབས་སུ་ཚོར་སྣང་སྐྱེན་པོ་ཞིག་བྱུང་མྱོང་ལ། དེ་རིང་ཡང་བསྐྱར་མཐོང་བས་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བ་རྣོན་པོ་ཞིག་བྱུང་། སྙན་ཞུ་འདི་
༧གོང་ས་མཆོག་གིས་བཏོན་གནང་བའི་དབུ་མའི་ལམ་གྱི་སྲིད་ཇུས་དང་གནད་འགག་གཅིག་ཏུ་གནས་འདུག
བོད་རིགས་གུང་ཕྲན་ཏང་ཡོན་འདི་དག་གི་ལྷག་བསམ་དང་སྙིང་སྟོབས། བློ་གྲོས་བཅས་ལ་རྗེས་སུ་ཡི་རང་ཡོད།
ད་དུང་འདི་དང་འདི་ལྟ་བུའི་བོད་རིགས་གུང་ཕྲན་ཏང་ཡོན་མང་ཙམ་ཐོན་ན་ཅི་མ་རུང་སྙམ།
སྙན་ཞུ་འདི་ཕུལ་ནས་མི་ལོ་སུམ་ཅུ་ཕྱིན་ཡོད་འདུག ལྟ་རྒྱ་ཐོས་རྒྱ་ཁབ་མིག་ལས་དོག་པ་ང་ཡིས་སྙན་ཞུ་འདི་ཐེངས་དང་པོ་མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་ཚང་གིས་བཏོན་པའི་ས་བྱི་ཞི་རྒོལ་ཆེན་མོའི་དེབ་ཀྱི་རྒྱབ་ལོགས་ནས་མཐོང་བྱུང་། མི་རིགས་རང་སྐྱོང་གི་ཁྲིམས་ལུགས་གཞིར་བཞག་དེ་གུང་ཁྲན་ཏང་ལ་འགྲམ་ལྕགས་ཚ་ཐག་ཆོད་ཞིག་བརྒྱབ་འདུག སྙན་ཞུ་འདིས་རྐྱེན་གྱིས་ཁོང་ཚོའི་གོ་གནས་འཕར་བར་འགོག་རྐྱེན་བཟོས་ཡོད་ཚུལ་གོ་མྱོང་།
དངོས་གནས་རིགས་ཞེན་ལག་བསྟར་བྱེད་ན་དཔའ་བོ་རེད། མ་ཟད་རྒྱའི་ཁྲིམས་ལུགས་དང་མཐུན་པར་ཐོབ་ཐང་རྩོད་ལེན་གནང་ན་ཤིན་ཏུ་ལེགས།
འོན་ཀྱང་འདི་བཙན་བྱོལ་བས་ཕྱི་བསྒྲགས་གནང་ཙང་རྒྱ་གཞུང་འདྲོགས་ནས་ཡིག་འབྲི་པ་ཚོ་ལ་བརྡབ་སྐྱོན་ཐེབས་ཡོད་པ་ཐག་ཆོད་རེད། ཡིན་ཡང་འདི་ནི་ནག་ནོག་གི་ཆབ་སྲིད་ཁྲོད་ཀྱི་རྩོད་པ་མེད་པའི་རྩོད་གཞི་ཞིག་རེད།
ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟེར་ནས་མི་རིགས་ཀྱི་བདེ་སྡུག་ཞུ་ས་ཞིག་ཡོད་ན་ང་ཚོ་བསོད་བདེ་ཆེ་བ་ལ། མི་རིགས་བཙན་གནོན་གྱི་མགོ་བ་ནག་པོ་དང་མི་རིགས་རྩ་མེད་གཏོང་བར་ཇུས་འགོད་བྱེད་མཁན་དག་པེ་ཅིང་ལ་ཡོད་པ་རེད།
པེ་ཅིང་ལ་ཀན་ལྷོའི་སྐོར་གྱི་སྙན་ཞུ་འབྱོར་སྐབས། ཕུན་ཚོགས་དབང་རྒྱལ་གྱིས་ངན་ཇུས་སྤེལ་བ་རེད་ཟེར་ནས་ནག་ཉེས་ཚང་མ་ཕུན་དབང་གི་མགོར་འདེད་རྩིས་ཀྱིས་ཀན་ལྷོར་ཞིབ་འཇུག་བྱེད་དུ་ཡོང་ཡང་དཔང་རྟགས་ཅི་ཡང་མ་རག་པར་སླར་ལོག་ཡོང་བའི་གནས་ཚུལ་ཞིག་བྱུང་བ་དེ་སྙན་ཞུ་འདི་མ་རེད་དམ།
སྙན་ཞུ་འབྲི་མཁན་གྱི་མི་སྣ་འདི་དག་གི་ལོ་རྒྱུས་རེ་ཤེས་ན་འདིར་འབྲི་རོགས་གནང་། ཁོང་ཚོའི་དགོངས་ཚུལ་དེ། མི་རིགས་ལ་ཕན་པ། རྒྱ་བོད་ཀྱི་མཐུན་སྒྲིལ་ལ་ཕན་པ། གུང་གཞུང་གི་མཚན་མཐོང་ལ་ཕན་པ་སོགས་མིག་རྒྱང་རིང་བའི་དགོངས་ཚུལ་ཞེ་ཅིག་ཏུ་མཐོང་། མི་འདི་འདྲའི་རིགས་ནི་རྒྱ་བོད་སུ་ཞིག་ཡིན་ཡང་རྒྱབ་སྐྱོར་ཁ་ཞེ་གཉིས་མེད་དུ་ཡོད། ཀྲུང་གོ་རྒྱལ་གྱུར་ཅིག བོད་མི་རིགས་རྒྱལ་གྱུར་ཅིག
དེ་དུས་རྒྱ་ནག་དབུས་གཞུང་གིས་བསམ་ཚུལ་འདི་ལྟ་བུ་ལ་ཉན་འཇོག་བྱེད་མིན་ཇི་ལྟར་ཡང་འདི་འདྲ་ཕུལ་ས་ཡོད་པ་རེད། དེ་མ་ཟད་མི་དམངས་ཀྱི་ནང་ལ་འགྲེམས་སྤེལ་བྱས་ནས་རྒྱབ་སྐྱོར་བཙལ་ན་ཡང་སྐྱོན་ཡོད་པ་མ་རེད། ཡི་གེ་འདི་སྐབས་དེར་ངས་ནུབ་བྱང་མི་རིགས་སློབ་གྲྭ་ལ་མཐོང་སོང་། ཡི་གེ་འདི་ནུབ་བྱང་མི་རིགས་སློབ་གྲྭའི་བོད་རིགས་སློབ་མའི་ནང་ལ་བཀྲམས་ནས་མིང་རྟགས་ལེན་གྱི་འདུག སློབ་མ་མང་པོས་མིང་རྟགས་བཀོད་ནས་རྒྱབ་སྐྱོར་བྱས་སོང་།
ཡི་གེ་འདིའི་སྔོན་ནམ་རྗེས་ཤིག་ལ་ཡང་ཀན་ལྷོའི་མི་སྐོར་ཞིག་གིས་བོད་རིགས་རང་སྐྱོང་ས་ཁུལ་རྣམས་ལ་བོད་ཡིག་གི་བེད་སྤྱོད་གཏོང་དགོས་ཚུལ་གྱི་ཧ་ཅང་གི་བསམ་འཆར་ཞིབ་ཕྲའི་ཡི་གེ་རིང་པོ་ཞིག་བྲིས་ནས་ཡང་ནུབ་བྱང་མི་རིགས་སློབ་གྲྭའི་སློབ་མ་རྣམས་ཀྱི་མིང་རྟགས་བསྡུ་རུབ་བྱས་སོང་། ཡི་གེ་དེ་འབུལ་མཁན་ཡང་མི་དུ་མ་ཡོད་པ་ལས་གོང་གི་སྐལ་བཟང་ཚེ་བརྟན་ཟེར་བ་དེ་ཡོད་པ་ངས་གསལ་པོར་དྲན་གྱི་འདུག ཁོང་གིས་རྒྱ་ཡིག་གི་ནང་ལ་བོད་ཀྱི་བརྗོད་གཞི་ཅན་གྱི་སྒྲུང་རྩོམ་ཡང་མང་པོ་སྤེལ་མྱོང་། ཟླ་ཟེར་དུས་དེབ་ཀྱི་འདོན་ཐེངས་ཤིག་ན་”ཨ། ངའི་དྲིན་ཅན་ཕ་ལོ།”ཟེར་བའི་སྒྲུང་རྩོམ་ཞིག་བོད་ཡིག་ཏུ་བསྒྱུར་ནས་སྤེལ་ཡོད་པ་དེས་ང་ལ་མིག་ཆུ་ཡང་ཐོན་དུ་བཅུག་མྱོང་།
ཁོང་ཚོའི་སྐད་ཡིག་སྐོར་གྱི་བསམ་འཆར་གྱི་ཡི་གེ་དེ་ལ་ལད་ཟློས་བྱས་ནས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་ན་ཡོད་པའི་རྨ་ལྷོ་བོད་རིགས་ཁུལ་གྱི་སློབ་མ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་མ་རྣམས་ཀྱིས་རང་རང་གི་ཁུལ་སྲིད་གཞུང་ལ་ཡི་གེ་དེ་འདྲ་རེ་བྲིས་ནས་ཕུལ་བ་རེད། རྗེས་སུ་མཚོ་ལྷོ་ཁུལ་ལ་ཁུལ་དཔོན་དོན་གྲུབ་རྒྱལ་གྱིས་ཡི་གེ་དེའི་ནང་དོན་གྱི་ཆ་མཐུན་པའི་སྲིད་ཇུས་རེ་གཏན་འབེབས་བྱས་ནས་ལག་བསྟར་བྱས་པ་རེད། མི་རྣམས་ཀྱིས་པཎ་ཆེན་རིན་པོ་ཆེའི་རྒྱབ་སྐྱོར་ལ་བརྟེན་ནས་དོན་གྲུབ་རྒྱལ་གྱིས་བོད་ཡིག་གི་ལས་འགུལ་དེ་སྤེལ་བར་ངོས་འཛིན་བྱེད་ཀྱི་ཡོད། པཎ་ཆེན་རིན་པོ་ཆེའི་རྒྱབ་སྐྱོར་ལ་བརྟེན་ནས་མཚོ་ལྷོའི་སྐད་ཡིག་ལས་འགུལ་དེ་བྱུང་བ་ལ་ཐེ་ཚོམ་མེད་ན་ཡང་། ལས་འགུལ་དེའི་ནང་དོན་གྱི་ཆ་མང་པོ་ཞིག་ཀན་ལྷོའི་ལས་བྱེད་པ་དེ་དག་གི་ཡི་གེའི་ནང་དོན་དང་གཅིག་མཚུངས་ཡིན།
ཡི་གེ་དེ་དག་ཕུལ་ནས་འབུལ་མཁན་གྱི་བོད་རིགས་གུང་ཁྲན་ཏང་དེ་དག་ལ་དོ་ཕོག་བྱུང་བའི་གཏམ་སྐབས་དེར་ཅི་ཡང་ཐོས་རྒྱུ་་བྱུང་། ཕྱིས་སུ་གཞན་པ་རྣམས་ཀྱི་སྐོར་ཅང་མ་ཐོས། སྐལ་བཟང་ཚེ་བརྟན་ལ་ཅི་ཡང་བྱུང་མི་འདུག་་ཁོང་ནུབ་བྱང་མི་རིགས་སློབ་གྲྭ་ལ་གནས་སྤོར་གྱིས་བོད་རིག་པའི་སྡེ་ཚན་གྱི་འགོ་ཁྲིད་དུ་ཡང་གྱུར་འདུག ཉིས་སྟོང་ལྔ་དྲུག་ཅིག་ཡིན་པ་ཡོད། དེ་དུས་རྒྱ་གཞུང་གི་གཟིགས་སྐོར་ཚོགས་པ་ཞིག་གི་ཚོགས་མི་བྱས་ནས་ཨ་རི་ནེའུ་ཡོག་ལ་སླེབས་ནས་ངས་ཁ་བརྡ་རེ་ཡང་བྱེད་རྒྱུ་བྱུང་།