སྤོབས་པ་མཐའ་ཡས།
དགེ་བསྐོས་བཙན་པོ་ནི་དཔར་འགྲེམ་བྱར་ཉེ་བའི་དཔེ་དེབ་ཅིག་ཡིན་ལ། དེ་ཡང་ཉེ་སྔོན་དེའི་སྐོར་ལ་གསལ་བརྗོད་ཉུང་བསྡུས་ཤིག་བྱས་ཀྱང་མཆན་བུ་འགོད་མཁན་སོགས་མ་བྱུང་སྟབས་དྲྭ་གྲོགས་ཚོས་དོ་སྣང་ཆེར་མ་བྱུང་བ་ཡིན་ངེས་པས་ད་ཐེངས་ཡང་རྩོམ་ཐུང་འདི་སྤེལ་བ་ཡིན། དེ་ལྟར་གལ་པོ་ཆེ་ལ་ནན་བརྗོད་བྱེད་དགོས་དོན་ནི་ང་ཚོའི་སྤྱི་ཚོགས་ཀྱི་མུན་ནག་གི་ངོས་ཤིག་ལ་ཁ་གཏད་པའི་བདེན་པའི་ལས་འགུལ་ཞིག་སྟེ་ཞི་བདེའི་འོད་སྣང་ཞིག་སྤེལ་བའི་སྟ་གོན་ཡིན་སྟབས་ངེས་པར་དུ་ཡང་ང་ཚོ་སྟེ་བོད་ཀྱི་མི་རབས་གསར་པས་རྒྱབ་སྐྱོར་དང་རྗེས་སུ་ཡི་རངས་བྱ་དགོས་པ་ཞིག་ཡིན། སྤྱིར་བཏང་ལོ་རྒྱུས་ཀྱི་སྟེང་གི་འདས་ཟིན་པའི་ཉེས་སྐྱོན་གྱི་ཆ་ཞིག་ལ་སྐྱོན་བརྗོད་བྱ་རྒྱུ་ནི་ལས་སླ་མོད་ད་ལྟ་སྤྱི་ཚོགས་སྟེང་དུ་གནས་བཞིན་པའི་མུན་ནག་གི་ངོས་ལ་ལ་མཛུབ་མོ་བཙུགས་ཏེ་སྐྱོན་བརྗོད་བྱ་རྒྱུ་ནི་ཧ་ཅང་འཇིགས་སྣང་དང་དཀའ་ཚེགས་ཆེ་བའི་བྱ་བ་ཞིག་ཡིན། དེ་བཞིན་གཞན་ལ་ཕར་ཁ་ཕྱོགས་ཏེ་སྐྱོན་བརྗོད་བྱེད་པ་ལས་ཀྱང་རང་ཉིད་ཀྱི་ཕྱོགས་ལ་ཚུར་ཁ་བསྐོར་ཏེ་རང་སྐྱོན་ལ་མཛུབ་མོ་འཛུགས་རྒྱུ་ཆེས་དཀའ་བ་ཞིག་ཡིན། ལྷག་པར་ཡང་རང་རེའི་དགེ་བསྐོས་བཙན་པོ་ཚོའི་དྲག་སྤྱོད་དེ་ནི་ཆོས་ཁྲིམས་དང་དམ་ཚིག་གི་ཐ་སྙད་རྫིགས་པོའི་ཟབ་མོའི་རས་ཡོལ་གྱིས་བསྒྲིབས་ཡོད་སྟབས་ལྷ་ཀླུ་གཉན་གསུམ་ལ་ཕོག་ཐུག་འགྲོ་རྒྱུའི་སྔོན་བརྡ་སྔར་ནས་བྱུང་ཟིན་མོད་སྤྲུལ་སྐུ་མཆོག་གིས་ཐུགས་ཐག་ཆོད་པོས་བྱ་བཞག་འདི་བློས་གཏོང་མ་བྱས་པ་ནི་བསྔགས་པའི་གནས་སུ་འཁུམ། དམངས་གཙོའི་བཅོས་བསྒྱུར་དང་རིག་གནས་གསར་བརྗེ་སོགས་དུས་འགྱུར་བྱུང་རྗེས་སུ་རང་རེའི་གཞིན་སྐྱེས་ཚོའི་ཁྲོད་ན་ཆོས་སྲིད་ཟུང་འབྲེལ་དང༌། ཞིང་བྲན་ལམ་ལུགས། མངའ་བདག་ཆེན་པོ་གསུམ་སོགས་ཤི་ཟིན་པའི་རོ་ལ་སླར་ཡང་རྡོག་ཐོ་བསྣུན་མཁན་མང་དུ་འདུག་པ་ལ་ཡ་མཚན་སྐྱེ་རྒྱུ་གང་ཡང་མེད་མོད། བོད་མིའི་གང་ལས་ཀྱང་རྩ་ཆེར་འཛིན་པའི་ཆོས་ལུགས་ཀྱི་སྒྲིག་འཛུགས་ནང་དུ་གནས་པའི་དྲག་རྡུང་གི་ལམ་སྲོལ་འདི་ལྟ་བུའི་གདུག་རྩུབ་ཅན་གྱི་སྲོལ་རྒྱུན་ལེགས་བཅོས་མ་བྱས་པར་ལུས་ན་ནམ་ཞིག་ཕྱིའི་སྤྱི་ཚོགས་ཀྱིས་འཕྱ་སྨོད་དང་ཁ་རྡུང་ཕོག་རྒྱུ་མ་ཟད་གཞུང་ཁྲིམས་ཀྱིས་སྟངས་འཛིན་ཕོག་པ་སོགས་བྱུང་ཉིན་ངུ་བའམ་དགོད་པ་གང་བྱེད་མི་ཤེས་པ་ཞིག་བྱུང་ཉིན་བྱ་ཐབས་བྲལ། ཟི་ལིང་གི་རྒྱ་དཔོན་མ་པུའི་ཧཕང་གིས་བོད་མིའི་བསམ་བློ་རྗེས་ལ་ཡོད་ཟེར་མྱོང་བ་བཞིན་ནམ་ཞིག་གི་ཉིན་ལ་དེ་འགྲིགས་མི་འདུག་ཟེར་ནས་བཅོས་སུ་མེད་པའི་ལས་ལ་འགྱོད་ནས་སྡོད་དགོས་ངེས་ཡིན།
ལམ་སྲོལ་འདི་ལྟ་བུ་ཞིག་ལ་དགག་པ་རྒྱག་མཁན་ནི་སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོ་ལྟ་བུ་ཞིག་ལ་ཧ་ཅང་འོས་བབ་ཡོད་པ་ཡིན། དེ་ཡང་རྩོམ་པ་པོ་སྤྲུལ་སྐུ་མཆོག་ལ་མཚོན་ན། བོད་ཕྱི་ནང་དང༌། འཛམ་གླིང་ཤར་ནུབ། གནའ་དེང་གི་རིག་གནས་སོགས་ཕྱོགས་གང་ཐད་ནས་ཤེས་རྟོགས་དང་རྒྱུས་མངའ་གཏིང་ཟབ་བྱུང་བས་ད་གཟོད་འདི་ལྟར་འབྲི་བའི་སྙིང་སྟོབས་སྐྱེས་པ་རེད། སྤྱིར་བཏང་མི་ཕལ་མོ་ཆེ་ནི་རང་ཉིད་གང་དུ་གཏོགས་པའི་སྤྱི་ཚོགས་ཀྱི་ནང་དུ་སུ་དང་གང་ཞིག་བརྟེན་ན་ལྟོ་གོས་གཏམ་གསུམ་གྱི་ཁེ་ཕན་འབྱུང་ན་དེའི་རྗེས་སུ་སྙོགས་པ་ལས་བདེན་པ་ལ་དཔང་པོར་བཞག་སྟེ་དཀར་ནག་དབྱེ་ཞིབ་བྱེད་ནུས་པ་ཆེས་ཉུང༌། གནད་དོན་འདི་ལྟ་བུར་མཚོན་ན་དགོན་སྡེའི་ཆོས་གྲྭ་འགྲིམ་མ་མྱོང་བའི་སློབ་ཐོན་པ་ལྟ་བུ་ཞིག་གིས་བྲིས་ན་ཆོས་གཞུང་དང་ཆོས་འབྱུང་གི་ཁུངས་དེ་ཙམ་གསལ་ཞིབ་ཅིག་འབྲི་ཐུབ་དཀའ་བས་ན་ཀླད་རྙིང་ཨུ་ཚུགས་ཅན་ཚོས་ཆོས་ལ་དགག་པ་བརྒྱབ་བྱུང་ཞེས་རྣ་བ་བགེབས་ངེས་ཡིན་ལ། དགོན་སྡེ་ཁོ་ནའི་ནང་ནས་མི་ཚེ་བསྐྱལ་བའི་དགེ་བཤེས་ལྟ་བུ་ནི་དགོན་སྡེའི་ལམ་སྲོལ་གང་ཡོད་ལ་བླ་མས་གང་གསུངས་ཆོས་དང་མཛུབ་མོ་གར་བསྟན་ཤར་དུ་ལྟ་བ་ལས་དེ་ལ་དཀར་ནག་དབྱེ་ཞིབ་བྱེད་པའི་སྙིང་སྟོབས་དང་གོ་རྟོགས་སྐྱེས་ཐུབ་པ་ཧ་ཅང་དཀའ། དེ་ལྟར་མཐོང་ཐོས་ཀྱི་མིག་རྒྱ་ཡངས་པ་ནི་ཤེས་རྟོགས་དང་སྙིང་སྟོབས་འདི་ལྟ་བུ་ཞིག་སྐྱེས་པའི་གཞི་རྩའི་ཆ་རྐྱེན་གཅིག་ཡིན་མོད་ད་དུང་ཆ་རྐྱེན་གཞན་ཞིག་ཡོད་དགོས་པ་ནི་རང་སྡེའི་རིགས་ལ་ཞེན་པ་དཀར་པོ་ཞིག་མེད་ན་ག་ལ་འོངས། རང་རེའི་ན་གཞོན་ཀློག་པ་པོ་མང་པོས་སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོའི་སྙན་ངག་གཙོས་པའི་རྩོམ་ཡིག་ལ་དགའ་བསུ་ཆེན་པོ་ཐོབ་དོན་དེ་ཡང་ཁོང་ལ་ལྷན་སྐྱེས་ཀྱི་ཤེས་རབ་གཏིང་ཟབ་པོ་ཞིག་དང་རྩོམ་རིག་གི་ཕྱོགས་ལ་ངག་སྒོ་ཡངས་པོ་ཞིག་ཡོད་པ་དེ་ཙམ་དེ་མ་ཡིན་ཞིང་ཁོང་ཡུལ་དུས་གནས་བབ་གང་ལ་གནས་ཀྱང་རང་གི་སྤྱི་ཚོགས་དང་རང་གི་རིག་གཞུང་ལ་རྣམ་དཔྱོད་ཀྱིས་དྲངས་པའི་དུང་བ་ཟབ་མོ་ཞིག་ཡོད་པ་དེ་རེད།
ཁོང་གི་བྱ་བཞག་འདི་ལ་དཀའ་ཚེགས་དང་འགོག་རྐྱེན་མང་པོ་མདུན་དུ་ལྷགས་ཡོད་པ་སྨྲོས་མེད་ཡིན་ཡང་བོད་ཀྱི་སྤྱི་ཚོགས་སྤྱི་དང་བྱེ་བྲག་ཏུ་ཤེས་ལྡན་གྲྭ་བཙུན་ཚོས་སྤྱི་ཚོགས་ཀྱི་འཁོར་ཕྱོགས་དང་བསྟུན་པའི་ལམ་ཁ་འདི་འདེམས་ངེས་པ་ཡིན་པས་བྱ་བ་དོན་དང་ལྡན་པ་ཡོང་བར་ཡིད་ཆེས་བླ་ལྷག་ཏུ་ཡོད་དོ། །
མི་ནག་ཆང་རྐྱལ་ཞིག་གིས་གྲྭ་བའི་ཆོས་ཁྲིམས་ལ་ཁ་བཅུག་ན་ཡག་པོར་མི་མཐོང་ཡང་ཁྱེད་ལ་འདིར་ལན་རྒྱག་མཁན་ཞིག་ངེས་པར་དགོས་ཀྱི་ཡོད་པ་འདྲ་བས་ལན་ཐུང་ངུ་ཞིག་ཞོར་འཕྲོས་སུ་འབུལ་བར་བྱའོ། ཁ་སང་དེ་རིང་གི་ཁྱེད་ཚོས་བྲིས་པའི་དགེ་བསྐོས་བཙན་པོ་ཟེར་བ་འདི་ཚོར་བལྟས་ཡོང་ན། སྙིང་རྗེ་ཁྱེད་ཚོས་དཀའ་ངལ་ཞེ་དྲག་མྱོང་གི་ཡོད་པ་འདྲ། མ་གཞི་ཁྱེད་ཚོར་ཡང་ཁག་མི་འདུག
ངས་བལྟས་ཡོང་ན། ཁྱེད་ཚོས་སྨྲེ་ངག་འདོན་བཞིན་པ་དེ་ཚོ་ཁྱེད་ཚོ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་མ་ཐུབ་པའི་ཉེར་ལེན་ལས་བྱུང་བར་འདོད། ངས་འདིར་ཁྱིམ་ཟེར་བ་ནི་འཇིག་རྟེན་འདི་ལ་ལྟོས་ཏེ། ཁྱིམ་དང་པོ་རང་སྐྱེ་སའི་ཕ་ཁྱིམ་མ་ཁྱིམ་དང་། ཁྱིམ་གཉིས་པ་དེ་ལས་ཀྱང་རྙོག་རྫོབ་ཆེ་བའི་གྲྭ་ས་ལ་ཟེར་གྱི་ཡོད། ཁྱིམ་དང་པོ་ལས་རབ་ཏུ་བྱུང་བའམ་ཡང་ན་ང་ཚོས་ངེས་པར་གདོང་ལེན་བྱེད་དགོས་པའི་འཇིག་རྟེན་གྱི་དཀའ་ངལ་ལ་གདོང་ལེན་མ་ཐུབ་པར་གཡོལ་ཐུབ་ཙམ་བྱུང་བ་ལེགས་ལམ་དུ་འདུག་ཀྱང་། དེ་མུར་ཁྱིམ་གཉིས་པས་ཡོངས་སུ་བཅིངས་སྟེ་དེ་ལས་རབ་ཏུ་བྱུང་བ་ཕར་ཞོག ད་རུང་ངེད་ཚོ་འཇིག་རྟེན་པ་རྣམས་ལ་ཁ་ཕྱོགས་ནས་སྨྲེ་ངག་བརྒྱུད་མར་འདོན་པ་འདི་རང་ཉིད་ཉེས་པ་ཡིན་ཅི་དགེ་བསྐོས་ཀྱིས་ལན་པ་ཅི་ལ་ཡིན།
ངས་བལྟས་ན། དགེ་བསྐོས་དེ་ཚོ་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་ཆེན་པོ་རེད། ཁོང་རྣམ་པས་གང་ལ་གང་འདུལ་དེ་ལ་དེར་སྟོན་གྱིས་ཉི་མ་རེ་རེ་བཞིན། ཁྱེད་ཚོས་བསྐལ་བ་ནས་བསྐལ་བར་བསགས་པའི་སྡིག་པ་སྦྱོང་པའི་ཕྱིར་ཁྲུས་གསོལ་ཡང་ཡང་བྱས་ཀྱང་དེ་དོན་མ་ཤེས་པར་མནར་གཅོད་དུ་མཐོང་། ཡང་དེའི་བར་ན་གསེར་ལྟ་བུའི་གོ་སྐབས་བཟང་པོ་གཞན་ཞིག་སྟེ་བཟོད་སྒོམ་ཟེར་བ་ཞིག་ཡོད་པ་དེ་ཡང་ངོས་མ་ཟིན་པར་ད་དུང་མཁས་མདོག་བསྟན་ནས་ཡས་འགྲིགས་ཀྱི་མི་འདུག་མས་འགྲིགས་ཀྱི་མི་འདུག་ཟེར། ད་ཁྱེད་ཚོར་འགྲིགས་པ་ག་རེ་རེད། ད་རུང་ཕྱི་གླིང་བའི་ཡུལ་གྲུ་འགྲིམས་ནས་གོ་རྟོགས་སད་ཡོད་མདོག་མདོག་སྟོན་པ་འདིར་ང་ཚོས་འགྲེལ་བརྗོད་བྱེད་དཀའ།
ད་དེ་མ་རེད། སྙན་ངག་པ་བྱེད་ཀྱི་ཡིན། རྩོམ་པ་པོ་བྱེད་ཀྱི་ཡིན་ཟེར་ནས་ང་ཚོ་འཇིག་རྟེན་པ་ཚོ་དང་མཉམ་དུ་བསྲེས་བསྡད་ན་དེ་ཡག་པོར་མི་མཐོང་། ད་དངོས་སུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ལ་མུ་མེད་ལུང་སྟོང་གི་བྲག་ཕུག་སྐམ་པོ་དག་འགྲིམས་ནས་དཀའ་བ་སྤྱད་དགོས་པར་འདུག རྗེ་ནྰ་རོ་བ་བཞིན། མི་ལ་རས་པ་བཞིན། རྒོད་ཚང་བ་མགོན་པོ་རྡོ་རྗེའམ་གླེན་པ་མགོ་ལྟོ་བཞིན་དཀའ་བ་སྤྱད་དགོས་པར་འདུག
དེ་མིན་ན་དགེ་བསྐོས་བཙན་པོ་ཞིག་གི་འོག་བསྡད་ནས་ཚོགས་བསགས་སྒྲིབ་སྦྱོང་བྱས་བསྡད་ན་དེ་ཡང་བསྐལ་བ་བཟང་པོ་རེད། མ་གཞི་ཁྱེད་ཚོའི་དམིགས་ཡུལ་ཡང་དེ་མ་ཡིན་ནམ།
དགེ་བསྐོས་བཙན་པོ་ཟེར་བའི་དེབ་དེའི་དམིགས་ཡུལ་གཙོ་བོ་ནི། དགེ་བསྐོས་ཚོ་དྲག་སྤྱོད་རིགས་ལུགས་པ་དང་འཇིགས་སྐུལ་རིང་ལུགས་པ་ཡིན་པའི་རྒྱུ་མཚན་བགྲངས་ཀྱི་ཡོད་པ་རེད་དམ། དེ་མིན་པ་ཡིན་ན། འབྲེལ་ཡོད་ཁག་ལ་ཞུ་སྙན་དང་བཅས་ཏེ་སྙན་སེང་ཞུ་བ་སོགས་བརྒྱུད་ལེགས་ལས། དགོན་པའི་ནང་གི་གཅར་རྡུང་ལམ་ལུགས་འདི་མི་རིགས་གཞན་གྱི་མཇལ་སྐོས་བས་བལྟ་ཉན་མེད་པ་ཡིན་པ་གང་ཞིག འདི་ལྟར་ཕྱི་བསྔོགས་ནང་བསྔོགས་ཀྱིས་ཁྲོམ་བསྒྲགས་བྱས་པས་ཅི་ཕན། འོ་ན། སེ་ར་ནས་གྲྭ་པའི་བར་གྲྭ་པ་དགའ་རོགས་བརྩད་ནས་གྲིས་རྒྱག་རེས་བྱུང་བ་སོགས་རྡི་ལིའི་ཟླ་ཟེར་ནང་བཀོད་པ་དང༌། གཞིས་བཞུགས་པ་བཀྲ་ཤིས་ཚེ་རིང་ནས་རང་ཉིད་ལོ་ན་ཆུང་སྐབས་གྲྭ་པ་ཡིན་པ་དང༌། གྲྭ་པས་གྲྭ་པར་འཁྲིག་པ་སྤྱོད་སྟངས་དང་དགའ་རོགས་བསྒྲིགས་སྟངས་སོགས་བཀོད་ཡོད་པ་དེ་དག་ལ་གནས་ཚུལ་གྱི་ཁ་སྣོན་བརྒྱབ་ནས་ཕྱི་གསལ་ནང་གསལ་བྱས་ཡོད་དམ། གང་ཡིན་ཟེར་ན། འདི་དག་ཀྱང་མི་རིགས་གཞན་གྱི་མཇལ་སྐོར་བས་བལྟ་ཉན་མེད་པའི་གྲས་རེད། ཡང་གཅིག་བཤད་ན། འདས་པའི་མི་ལོ་ཉི་ཤུ་ཙམ་གྱི་རིང༌། བོད་འདིར་སྤྲུལ་སྐུའི་གྲངས་འབོར་ཧ་ལས་པས་འཕར་འཕེལ་བྱུང་ཡོད། འཕེལ་རྐྱེན་དེར། རྒྱུ་མཚན་དང་ལྡན་མིན་སྣ་ཚོགས་ཤིག་ཡོད་པ་དཔེར་ན། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྤྲུལ་སྐུ་ཡིན་ཞེས་དྭང་བླངས་པ་མི་གྲངས་བཅུ་སྐོར་ཐོན་ཡོད་པ་ལྟ་བུ་རེད། སྤྲུལ་བའི་སྐུ་ཡེ་ཤེས་རྒྱ་མཚོ་ཟེར་བ་འདིས། འབྲི་དགོས་རྒྱུའི་སྐོར་མི་འབྲི་བར་དགེ་བསྐོས་ཚོ་འཇིགས་སྐུལ་རིང་ལུགས་པ་རེད་ཅེས་དེབ་འབྲི་བ་ནི་སྤྱིར་གྲྭ་བ་ཞིག་དང༌། ནང་སྒོས་སུ་སྤྲུལ་སྐུ་ཡིན་ཟེར་མཁན་ཞིག་གིས་འདི་ལྟར་འབྲི་བ་ནི། བརྒྱ་ལ་སྙན་གྲགས་ལྡོག་ཕྱོགས་ནས་སྤེལ་བྱེད་དུ་རྩ་ཆེ་ན་ལས། གཞན་གྱི་དགེ་མཚན་ཞིག་མཐོང་མ་སོང༌། འདི་ལྟར་གང་བསམ་པ་དེ་བྲིས་པ་ཡིན། ཡེ་ཤེས་རྒྱ་མཚོ་ཟེར་བ་དེ་སུ་ཞིག་ཡིན་ནའང༌། དགོངས་པ་མ་ཚོམ་ཞུ་ཡག་ཡིན། མ་གཞི་ནས་ཡེ་ཤེས་རྒྱ་མཚོ་ཟེར་བ་འདིས་འབྲི་རྒྱུ་ཡིན་ན་ནི། སྤྲུལ་སྐུ་རྫུན་མའི་རིགས་ཐེར་འདོན་བྱེད་སྟངས་ཀྱི་རྩོམ་ཡིག་དང་དེབ་རེ་བྲིས་པ་ཡིན་ན། དེ་ནི་ཁོང་རང་ལ་ལན་པོ་ཡོད་པ་ཞིག་རེད། དགེ་བསྐོས་ཀྱི་སྐོར་འབྲི་བ་ལས། སྤྲུལ་སྐུའི་སྐོར་འབྲི་རོགས་ཞེས་ཞུའོ།།
དགེ་བསྐོས་བཙན་པོ་ཟེར་བའི་དེབ་དེའི་དམིགས་ཡུལ་གཙོ་བོ་ནི། དགེ་བསྐོས་ཚོ་དྲག་སྤྱོད་རིགས་ལུགས་པ་དང་འཇིགས་སྐུལ་རིང་ལུགས་པ་ཡིན་པའི་རྒྱུ་མཚན་བགྲངས་ཀྱི་ཡོད་པ་རེད་དམ། དེ་མིན་པ་ཡིན་ན། འབྲེལ་ཡོད་ཁག་ལ་ཞུ་སྙན་དང་བཅས་ཏེ་སྙན་སེང་ཞུ་བ་སོགས་བརྒྱུད་ལེགས་ལས། དགོན་པའི་ནང་གི་གཅར་རྡུང་ལམ་ལུགས་འདི་མི་རིགས་གཞན་གྱི་མཇལ་སྐོས་བས་བལྟ་ཉན་མེད་པ་ཡིན་པ་གང་ཞིག འདི་ལྟར་ཕྱི་བསྔོགས་ནང་བསྔོགས་ཀྱིས་ཁྲོམ་བསྒྲགས་བྱས་པས་ཅི་ཕན། འོ་ན། སེ་ར་ནས་གྲྭ་པའི་བར་གྲྭ་པ་དགའ་རོགས་བརྩད་ནས་གྲིས་རྒྱག་རེས་བྱུང་བ་སོགས་རྡི་ལིའི་ཟླ་ཟེར་ནང་བཀོད་པ་དང༌། གཞིས་བཞུགས་པ་བཀྲ་ཤིས་ཚེ་རིང་ནས་རང་ཉིད་ལོ་ན་ཆུང་སྐབས་གྲྭ་པ་ཡིན་པ་དང༌། གྲྭ་པས་གྲྭ་པར་འཁྲིག་པ་སྤྱོད་སྟངས་དང་དགའ་རོགས་བསྒྲིགས་སྟངས་སོགས་བཀོད་ཡོད་པ་དེ་དག་ལ་གནས་ཚུལ་གྱི་ཁ་སྣོན་བརྒྱབ་ནས་ཕྱི་གསལ་ནང་གསལ་བྱས་ཡོད་དམ། གང་ཡིན་ཟེར་ན། འདི་དག་ཀྱང་མི་རིགས་གཞན་གྱི་མཇལ་སྐོར་བས་བལྟ་ཉན་མེད་པའི་གྲས་རེད། ཡང་གཅིག་བཤད་ན། འདས་པའི་མི་ལོ་ཉི་ཤུ་ཙམ་གྱི་རིང༌། བོད་འདིར་སྤྲུལ་སྐུའི་གྲངས་འབོར་ཧ་ལས་པས་འཕར་འཕེལ་བྱུང་ཡོད། འཕེལ་རྐྱེན་དེར། རྒྱུ་མཚན་དང་ལྡན་མིན་སྣ་ཚོགས་ཤིག་ཡོད་པ་དཔེར་ན། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྤྲུལ་སྐུ་ཡིན་ཞེས་དྭང་བླངས་པ་མི་གྲངས་བཅུ་སྐོར་ཐོན་ཡོད་པ་ལྟ་བུ་རེད། སྤྲུལ་བའི་སྐུ་ཡེ་ཤེས་རྒྱ་མཚོ་ཟེར་བ་འདིས། འབྲི་དགོས་རྒྱུའི་སྐོར་མི་འབྲི་བར་དགེ་བསྐོས་ཚོ་འཇིགས་སྐུལ་རིང་ལུགས་པ་རེད་ཅེས་དེབ་འབྲི་བ་ནི་སྤྱིར་གྲྭ་བ་ཞིག་དང༌། ནང་སྒོས་སུ་སྤྲུལ་སྐུ་ཡིན་ཟེར་མཁན་ཞིག་གིས་འདི་ལྟར་འབྲི་བ་ནི། བརྒྱ་ལ་སྙན་གྲགས་ལྡོག་ཕྱོགས་ནས་སྤེལ་བྱེད་དུ་རྩ་ཆེ་ན་ལས། གཞན་གྱི་དགེ་མཚན་ཞིག་མཐོང་མ་སོང༌། འདི་ལྟར་གང་བསམ་པ་དེ་བྲིས་པ་ཡིན། ཡེ་ཤེས་རྒྱ་མཚོ་ཟེར་བ་དེ་སུ་ཞིག་ཡིན་ནའང༌། དགོངས་པ་མ་ཚོམ་ཞུ་ཡག་ཡིན། མ་གཞི་ནས་ཡེ་ཤེས་རྒྱ་མཚོ་ཟེར་བ་འདིས་འབྲི་རྒྱུ་ཡིན་ན་ནི། སྤྲུལ་སྐུ་རྫུན་མའི་རིགས་ཐེར་འདོན་བྱེད་སྟངས་ཀྱི་རྩོམ་ཡིག་དང་དེབ་རེ་བྲིས་པ་ཡིན་ན། དེ་ནི་ཁོང་རང་ལ་ལན་པོ་ཡོད་པ་ཞིག་རེད། དགེ་བསྐོས་བཙན་པོ། ། ཀྱི་སྐོར་འབྲི་བ་ལས། སྤྲུལ་སྐུའི་སྐོར་འབྲི་རོགས་ཞེས་ཞུའོ།།
ཀླུ་སྨྱོན་ཡང་ན་ང་བླ་མའི་སྐོར་མང་པོ་བཤད་མ་ཡོང་སུན་གི་འདུག ཁོ་ངོ་མི་ཤེས་ལ་རྩོམ་ཀློག་མ་མྱོང། བེར་འཇིགས་དང་འདི་ཚོས་ཚིག་དོན་གཉིས་ཆར་ལེན་རྒྱུ་མེད་པའི་གྲྭ་བའི་གླུ་འདྲ་བོ་མང་པོ་བཀྲམས་ནས་བཙན་བྱོལ་ནང་གི་མི་ཚོ་དཔེ་ཆ་མཐོང་ན་ཞེན་པ་ལོག་དགོས་པ་ཤིག་བཟོས་འདུག ཕྲུ་གི་ཚོའང་བོད་ཡིག་དང་བོད་ཡིག་གི་དཔེ་དེབ་ཀློག་རྒྱུར་མི་དགའ་བཟོས་ཡོང་གི་འདུག མདུན་ཤོག་ལ་མཚོན་མདོག་དམར་ནག་ཞེད་སྣང་ཚ་མདོག་ཁ་རེ་བསྐྲུན། རྒྱབ་ཤོག་ཏུ་རང་གི་ལོ་རྒྱུས་དང་པར་ཁྱད་མཚར་རེ་སྦྱར། དེ་ནས་ཚོགས་པ་དང་སྦྱིན་བདག་ག་གེ་མོ་དང་གྲོགས་པོ་ཁ་ཤས་ཀྱི་མིང་བཏོན་ནས་ངོ་སོའི་ཐུགས་རྗེ་ཞུ་བ་དེབ་འདི་ཚོའི་སྤྱི་ཆོས་རེད། དེབ་དེ་ཚོ་ཀློག་མཁན་དང་ཉོ་མཁན་མེད་ནའང་རྡ་ས་དང་ལྷོ་ཕྱོགས། ལྡི་ལི་སོགས་ཀྱི་ཚོང་ཁང་ཚོའི་ནང་ཨུ་ཚུགས་བརྒྱབ་ནས་བཞག་ཡོང་གི་འདུག་ཟེར། རྗེས་མ་ཉོས་ནས་ཀློག་མཁན་མི་རྙེད་ན་མི་མང་གི་གསལ་སྒྲག་སྦྱོར་སའི་རྩིག་པ་ལ་སྦྱར་ན་ཐབས་ཤེས་ག་འདྲ་འདུག མི་ཚོ་དེབ་དང་རྩོམ་པ་པོ་ཟེར་དུས་སྐྱུགས་བྲོ་བ་ཞིག་བཟོས་འདུག་པ་མི་འདི་ཚོའི་བྱས་རྗེས་རེད།
བོད་ནང་གི་བོད་མི་ཚོས་ཁ་པར་ཞིག་བཏང་ན་ཕྱི་ལོག་གི་མི་ཚོར་༧རྒྱལ་བ་རིན་ཆེ་དང་བོད་རང་བཙན་སྐོར་གྱི་གཏམ་སྙན་རེ་ཨེ་ཡོད་དྲིས་ཡོང་གི་འདུག འོན་ཀྱང་ང་བླ་མ་འདི་ཚོས་དགོན་པ་དང་དགེ་བཤེས་ཚོར་དེ་སྔོན་གྱི་རིག་གསར་བརྗེ་ཆེན་མོས་འདང་མི་འདུག་པས། ད་དུང་དགོན་པའི་ནང་རིག་གསར་བསྐྱར་དུ་སྤེལ་དགོས་པའི་ངན་བསྐུལ་གྱི་གཏམ་ངན་འདི་འབྱོར་ཚེ་སེམས་སྡུག་མོ་ཡོང་ངེས་རེད།
དུས་ཚོད་ཡང་དག་དག་རེད། དེང་སྐབས་བོད་ནང་དམར་པོའི་སློབ་གསོ་དང་རིག་གནས་གསར་བརྗེ་གཉིས་པ་སྤེལ་ནས་དགོན་པ་ཚང་མ་སྟོང་པ་བཟོ་བཞིན་པའི་སྒང་ཡིན་པས། ཧྥུ་ཅིན་ཐོས་དགའ་བསུ་བྱེད་ངེས་རེད།
འདི་ལོར་བོད་ནང་རྒྱ་དམག་གིས་བོད་མི་སྟོང་ཕྲག་འཛིན་བཟུང་དང་བཙོན་འཇུག དམར་གསོད་གཏོང་བཞིན་པའི་དུས་ཚོད་་ཛ་དྲག་ཅན་སྐབས་སུའང་། ཤུགས་ལྡན་ཚོགས་པའང་དགའ་ནས་གང་སར་སྐད་འབོད་བརྒྱབ་ཏེ་བོད་མའི་སེམས་ལ་ན་ཟུག་སྣོན་མ་བརྒྱབ་པ་རེད། འདི་རིགས་དུས་ཚོད་ལ་ནོར་རྒྱུ་མི་འདུག སངས་རྒྱས་ཀྱི་བསྟན་པ་ཕྱིས་མི་འཇུག་ནང་གིས་འཇིག་པའི་ལུང་བསྟན་ཡོད་ཚོད་འདུག སངས་རྒྱས་་ཁོང་ལ་མངོན་ཤེས་ཡོད་པ་བདེན་པ་འདྲ།
སྐྱོན་དང་ནོར་འཁྲུལ་ཅན་གྱི་མི་སྣ་གཅིག་ཀྱང་མཐོང་རྒྱུ་མེད་པའི་སྤྱི་ཚོགས་ཞིག་ནམ་ཡང་འགྲུབ་མི་སྲིད་པ་ཤེས་དགོས། འོན་ཀྱང་སྐུ་ཞོགས་ཁྱེད་རང་གི་དགེ་རྒན་དང་དགོན་པ་མ་གཏོགས་རྒྱུས་མེད་པས་ལན་སོ། ། ཀླུ་སྨྱོན་ངོ་ཤེས་ལ་མི་དགའ་བའི་རྒྱུ་མཚན་དེ་བས་མེད་ཀྱང་ཡིན་གཅིག་མིན་གཉིས་མཆན་བརྒྱབ་ནས་ཁོ་རང་གི་མི་ཁྱབ་སྒྲག་གྱིས་ཤོག་མདོག་མདོག་བྱས་པའི་རེ་སྐོང་ཙམ་མོ།།
ང་ཚོའི་སྤྱི་ཚོགས་ཁྲོད་རྩོམ་ཡིག་ཅིག་ལ་དཔྱད་བརྗོད་སྤེལ་དུས་ལམ་སེང་རྩོམ་པ་པོ་དེའི་ལོ་རྒྱུས་ལ་རྟོག་ཞིབ་བྱེད་དགོས་པ་ཞིག་ཡོང་གི་འདུག དེ་ནི་རིག་གསར་སྐབས་ཀྱི་རྒྱ་ནག་དམར་པོའི་བྱེད་སྟངས་ལྟར་རེད། རྩོམ་ཡིག་གླེང་དུས་རྩོམ་ཡིག་དེའི་བདེན་པའི་རང་བཞིན་དང་ཚིག་གི་སྒྱུ་རྩལ་སོགས་གླེང་རྒྱུ་ལས་རྩོམ་པ་པོ་གྲལ་རིམ་གང་ལ་གཏོགས་མིན་དཔྱད་པ་ཡིན་ན། དགེ་ཆོས་ལྟ་བུའི་གྲགས་པ་ཅན་གྱི་རྩོམ་པ་པོ་ཚོའི་མི་ཚེའི་ལོ་རྒྱུས་ནང་དུ་ཡང་ཡོངས་གྲགས་ཀྱི་འཇིག་རྟེན་མི་ཆོས་དང་འགལ་བའི་རིགས་རྫོགས་རྒྱུ་མེད་པ་ཞིག་གླེང་རྒྱུ་ཡོད་པ་རེད། རང་རེའི་སྤྱི་ཚོགས་ཁྲོད་ཀྱི་ཞོགས་དུང་ང་བསམ་བློ་བ་དང་སྒོ་ཤེར་ང་རྟོགས་སད་པ། ཀླུ་སྨྱོན་ང་བླ་མ་ལྟ་བུར་མཚོན་ན་སོ་སོ་སྐྱེ་བོ་དུག་གསུམ་གྱིས་རང་རྒྱུད་ཚོས་པ་རེ་ཡིན་སྲིད་ཀྱི་རེད། ཡིན་ན་ཡང་ཁོ་ཚོས་བོད་མི་རིགས་འདི་ལ་བསྒྲགས་པའི་གཉིད་སྐྲོག་གི་དུང་བརྡ་གསར་བ་རེ་རེར་ང་ཚོས་དང་ལེན་བྱེད་མི་ཐུབ་ན་ཡང་། ལམ་སེང་འབུར་འཇོམ་མི་བྱེད་རྒྱུ་ནི་ང་ཚོའི་རྩ་བའི་རྩ་དོན་ཞིག་རེད་བསམས། རྗེ་ས་པཎ་གྱིས། ལེགས་བཤད་བྱིས་པ་དག་ལས་ཀྱང་། །མཁས་པ་དག་གིས་ཡོངས་སུ་ལེན། །ཞེས་པ་འདི་ང་ཚོ་ཚང་མས་ངག་ནས་ཤར་ཤར་སྐྱོར་གྱིན་ཡོད་ན་ཡང་། དངོས་ཡོད་གནས་ཚུལ་ཁྲོད་རྩོམ་ཡིག་གི་རིན་ཐང་འཚོལ་རྒྱུའི་ཚབ་ཏུ་རྩོམ་པ་པོའི་ལོ་རྒྱུས་བསྔོགས་པའི་ལུགས་སྲོལ་འདི་ཁོ་ན་གཙིགས་སུ་འཛིན་བཞིན་པ་ནི་མི་རེ་ཟུང་གིས་ང་བླ་མ་ཡིན་ང་བསམ་བློ་བ་ཡིན་ཟེར་བའི་སྐྱོན་མཚང་ལས་ལྡབ་ཕྲག་གིས་འཇིགས་པའི་བོད་མི་རིགས་ཀྱི་ཀློག་པ་པོའི་སྡེ་ཡི་ཞན་ཆ་ཞིག་རེད།
ང་ཚོ་བོད་པའི་རབ་བྱུང་བའི་སྡེ་ཡི་བསླབ་པ་སློབ་གཉེར་དང་བཅའ་ཡིག་བཅས་ཁྲིམས་དག་གི་ཁུངས་གཏུགས་ས་གཙོ་བོ་དེ་དཔལ་ནྰ་ལེན་དྲ་ཡིན་ན། དཔལ་ནྰ་ལེན་དྲ་རུ་ནང་པའི་དགེ་སྦྱོང་དག་གི་སེམས་རྒྱུད་འདུལ་བའི་ཐབས་དང་ཐབས་བྱུང་དག་གི་ཁྲོད་དུ་དགེ་སྦྱོང་དག་གིས་ནང་ཕན་ཚུན་གཅར་རྡུང་གིས་ཆོས་འདུལ་བར་སྲུང་སྐྱོབ་བྱེད་པའི་ལམ་དང་ལུགས་སྲོལ་ཞིག་རྩ་བ་ནས་མེད་པ་མ་ཟད། ཐ་ན་ཕྱི་རོལ་བ་རྩོད་པས་ཕམ་ན་ཡང་ནང་པའི་ཆོས་སྒོར་ཞུགས་འདོད་མེད་པའི་མགོ་མཁྲེགས་དག་ཀྱང་གསུང་རབ་བརྩེགས་པའི་དཔེ་མཛོད་ཁང་དུ་བཅུག་སྟེ་སློབ་སྦྱོང་གི་སྒོ་བསམ་བློར་འགྱུར་ལྡོག་བཏང་བ་མ་གཏོགས། དུས་རབས་སྔོན་མའི་འཇིགས་སྐུལ་རིང་ལུགས་པའི་ལག་ཆ་ཡོད་ན་མེད་ན་སྟེ་ཁུ་ཚུར་དང་འགྲམ་ལྕག རྡོག་རྒྱག་དང་དབྱུག་པ་སོགས་ཀྱིས་དྲག་གནོན་ནམ་ཡང་བྱས་མེད།
གོང་གི་དྲ་གྲོགས་ཤིག་གིས་ཀླུ་སྨྱོན་དང་བེ་སྨྱོན་གྱི་རྩོམ་ཡིག་གིས་བཙན་བྱོལ་བོད་མིའི་ཁྲོད་དུ་བོད་ཡིག་ཀློག་མི་འདོད་པའི་ཚོར་བ་ཞིག་བཞག་ཡོད་རབས་ཟེར་ཡང་། དེ་ནི་རྒྱུ་མཚན་ཡང་དག་མེད་པའི་ཧམ་བཤད་ཅིག་ཏུ་མཐོང་སྟེ། རང་རེའི་སྤྱི་ཚོགས་འདིའི་ཁྲོད་དུ་བོད་ཡིག་གིས་རྩོམ་ཡིག་འབྲི་མཁན་ཅི་ཙམ་ཞིག་ཡོད་པ་དང་། དེའི་ཁྲོད་དུ་ཡང་བེ་སྨྱོན་དང་ཀླུ་སྨྱོན་ལྟ་བུའི་ནམ་ཡང་འབྲི་མཚམས་མི་འཇོག་པའི་སྙུགས་ཐོགས་ཅི་ཙམ་ཞིག་བགྲང་དུ་ཡོད། གལ་སྲིད་བེ་སྨྱོན་དང་ཀླུ་སྨྱོན་གཉིས་ཀྱི་རྩོམ་ཡིག་གང་ཞིག་ལ་ཞན་ཆ་གང་ཞིག་ཡོད་ན་ཡང་ཁོ་གཉིས་ཀྱི་རྩོམ་དེབ་འདི་དང་འདིའི་ནང་གི་རྩོམ་ཡིག་འདི་དང་འདི་ལ་ཞན་ཆ་འདི་འདུག་ཅེས་གསལ་བཤད་དགོས་པ་ལས། རྒྱུག་པ་ལེབ་རྡུང་གིས་རང་གིས་མགོ་རྐང་འགྲིག་པའི་ཚིག་བཞི་ཞིག་འབྲི་མི་ཤེས་ཀྱང་གང་ཟག་དེ་ལ་ཕྲག་དོག་གི་དབང་གིས་མི་དགའ་བ་རྒྱུ་མཚན་དུ་བྱས་ནས་དེས་བྲིས་པའི་རྩོམ་ཡིག་སྤྱི་ཁྱབ་གད་སྙིགས་ཀྱི་ནང་དུ་དབྱུགས་རྐྱང་བྱེད་པ་འདིས་ཁྱེད་རང་ལ་དཀྱིལ་ཡངས་ཀྱི་བསམ་བློ་དང་སྒེར་ཚུགས་ཀྱི་མི་གཤིས་མེད་པ་དེ་བཤམ་སྟོན་བྱས་པ་འབའ་ཞིག་ལས་གཞན་དགོས་པ་ཆེན་པོ་ཞིག་མ་མཐོང་ངོ་། །
དང་པོ། ཀླུ་སྨྱོན་སྤྲུལ་སྐུ་ཡིན་མིན་དེ་སྤྱིར་ན་དོན་གཞན་ཞིག་རེད། དེ་ནི་ཀླུ་སྨྱོན་དང་ཁོའི་རྩ་བའི་བླ་མའི་བར་གྱི་དོན་དག་ཅིག་རེད། ཡིན་ན་ཡང་། དེང་སང་གི་དགེ་བཤེས་རེ་ལ་སྤྲུལ་སྐུ་རེ་དང་མཁན་པོ་རེ་ལ་སྤྲུལ་སྐུ་ཡོད་པའི་ཁྲོད་ནས་རང་རེའི་སྤྱི་ཚོགས་ལ་ཕན་ཐོག
ས་མཁན་ཀླུ་སྨྱོན་ལྟ་བུ་རེ་ལ་སྤྲུལ་མིང་ཞིག་བཏགས་ཀྱང་བཏགས་གོ་ཆོད་འདུག་བསམས། དེ་མིན་རང་རང་གི་མིང་རྟགས་ཙམ་ཡང་འགོད་མི་ཤེས་པའི་ང་བླ་མ་དང་ང་དགེ་བཤེས་བོད་པ་ཚང་ལ་ཇི་འདྲའི་མང་པོ་ཞིག་ཡོད་ཨང་། མི་ཞིག་སྤྲུལ་སྐུ་ཡིན་མིན་དེ་མངོན་ཤེས་ཡོད་པའི་མི་མ་གཏོགས་དེ་མེད་ཕྱིན་ཆད་རེད་དང་མ་རེད་ཀྱི་ཁ་ཚོན་སུས་གཅོད་ཐུབ། དཔེར་ན་ཀརྨ་པ་གཉིས་དང་བདུད་འཇོམས་བཞི་ཡོད་པའི་སུ་ངོ་མ་དེ་ཡིན་མིན་སུས་ཁ་ཚོད་གཅོད་ཐུབ། དེ་བཞིན་ཕ་སྤྲུལ་སྐུ་དང་དེའི་བུ་སྤྲུལ་སྐུ། དེའི་བུ་ཡང་སྤྲུལ་སྐུ་ཡིན་པའི་རིགས་ཅི་ཙམ་ཞིག་བོད་པའི་སྤྱི་ཚོགས་ཁྲོད་དུ་ཡོད་ཨང་། རང་རེའི་སྤྲུལ་སྐུ་ངོས་འཛིན་བྱེད་སྟབས་ཕལ་མོ་ཆེ་ནི་བླ་མ་རེས་ཕྱག་མོ་ཡག་པོ་འདུག་གསུངས་པ་ཙམ་མ་གཏོགས་པའི་རྒྱབ་རྟེན་གྱི་ལུང་ཚད་མ་སུ་ལ་ཡང་དཀོན་པ་མིན་ནམ། ཀླུ་སྨྱོན་ཡང་གོང་ས་མཆོག་གི་རྙིང་མའི་ཡོངས་འཛིན་འཁྲུལ་ཞིག་རིན་པོ་ཆེས་ཕྱག་མོ་གཟིགས་ཏེ་སྐྱེས་བུ་དམ་པ་ཞིག་གི་ཡང་སྲིད་རེད་གསུངས་པ་ཞིག་ཡིན་པས། དེ་ལྟ་བུའི་བླ་ཆེན་ཞིག་གིས་ཀླུ་སྨྱོན་གྱི་ཚོད་མ་ཐིགས་པ་ཡིན་མི་སྲིད། དཔོན་པོ་བཙན་པོ་དང་བླ་མ་ཕྱུག་པོའི་བུ་ཅི་ཡང་མ་ཡིན་པའི་ཀླུ་སྨྱོན་ལྟ་བུའི་གྲྭ་རྐྱང་ཞིག་ལ་བླ་མ་སྤྲུལ་སྐུའི་མིང་འདོགས་ཆོག་པ་ནི་རང་རེའི་རབ་བྱུང་བའི་སྡེ་ཡི་དུས་རབས་དང་མཐུན་པའི་གསར་བརྗེ་ཞིག་ཏུ་བརྩིས་ཀྱང་མི་འགྲིག་པ་ཅི་ཡོད་དམ། གཅིག་བྱས་ན་ཀླུ་སྨྱོན་སྤྲུལ་སྐུར་གྱུར་པ་དེས་ཡོན་ཏན་ཅི་ཡང་མེད་པའི་མཁན་སྤྲུལ་ཁྲི་སྤྲུལ་མང་པོ་ཞིག་དང་། ཀླུ་སྨྱོན་གྱི་འགྲོ་གྲོགས་འདུག་གྲོགས་བར་མ་ཤོད་དུ་ལུས་པའི་གྲྭ་རྐྱང་འགའ་རེའི་སེམས་གཏིང་དུ་ཕྲག་དོག་གི་ཚེར་མ་རྣོ་ལ་རིང་བ་མང་པོ་ཞིག་གི་ས་བོན་བཏབ་ཡོད་ཀྱང་སྲིད།
གཉིས་པ། ཀླུ་སྨྱོན་གྱི་བརྩམས་ཆོས་ལ་རིན་ཐང་ཅི་ཡང་མི་འདུག་ཟེར་མཁན་གྱི་དྲ་གྲོགས་དེ་ལ་ཆེད་ཞུ། གལ་སྲིད་ཁྱོད་ལ་ཀླུ་སྨྱོན་གྱི་གློག་བརྙན་འཁྲབ་གཞུང་། དམར་པོ་ཁྲག་གི་ཨོམ་དང་ཤམ་བྷ་ལའི་དམག་འཁྲུག་གཉིས་ལྟ་བུ་དང་། སྲོལ་རྒྱུན་སྙན་ངག་རིང་མོ་ལྷ་ཆེན་པོ་ཁྱབ་འཇུག་གི་རྟོགས་བརྗོད་དྲི་ཟའི་འཇིག་རྟེན་ཉུལ་བའི་ལམ་ཡིག་ལྟ་བུ། བརྩམས་སྒྲུང་ གཡག་གྲོང་ཁྱེར་གྱི་གཏམ་རྒྱུད་དང་ཁ་བ་ནག་པོ་ལྟ་བུ། རང་མོས་སྙན་ངག་ དབྱངས་ཅན་མ། མཚོ་ཀློང་གི་སྙན་ངག་དཀར་པོ་དང་བོད་ནང་སྲོག་བསྡོས་ཀྱིས་བྲིས་ཏེ་སྤེལ་བའི་དམར་པོ་ཁྲག་གི་སྙན་ངག་ལྟ་བུ། ལྷུག་རྩོམ་སྙན་ངག་བདག་གི་ཆེས་མཐའ་མཇུག་དང་ར་བཟི་བ་ལྟ་བུ་འབྲི་མཁན་གྱི་རྩོམ་པ་པོ་ཞིག་རང་རེའི་བཙན་བྱོལ་སྤྱི་ཁྲོད་སྟོན་རྒྱུ་ཡོད་ན་ད་གཟོད་ཀླུ་སྨྱོན་གྱི་རྩོམ་ཡིག་དེ་ཚོར་འཚོ་བའི་རྒྱབ་ལྗོངས་དང་སྒྱུ་རྩལ་གྱི་རིན་ཐང་ཅི་ཡང་མི་འདུག་བརྗོད་པའི་ངལ་བ་བསྟེན་ན་ལེགས་ཀྱི། རང་ཉིད་བེ་སྨྱོན་ལ་མི་དགའ་བ་རྒྱུ་མཚན་དུ་བྱས་ནས་ཀླུ་སྨྱོན་གྱིས་དཀའ་སྤྱད་སྡུག་རུས་ཀྱིས་བརྩམས་པའི་རྩོམ་ཡིག་དེ་དག་ཀྱང་ཆབས་ཅིག་འཕྱ་སྨོད་ཀྱི་འདམ་རྫབ་ཏུ་དབྱུགས་རྒྱུ་ཅུང་ཟད་སྔ་དྲགས་འདུག་ཅེས་བདག་གིས་བརྗོད་པར་ཐལ་ལོ། །