མགར་འཇམ་དབྱངས།
མིག་ཤེལ་ནག་པོ་གྱོན་པའི་རྫིག་ཉམས་ཀྱི་བཟོ་ལྟ།།
སོ་དཀར་འཛུམ་རིས་དྭངས་མོའི་ཧ་ལོ་ཡི་བསུ་སྐྱེལ།།
ཆང་ཤེལ་ཕན་ཚུན་འཐབ་པའི་སིང་སྒྲ་ཡི་སྒྲོབ་ཉམས།།
མི་སེམས་གཡོ་བར་བྱེད་ལྐོག་གྱུར་གྱི་བྱེད་སྒོ།།
སྤྱད་ཀྱང་ཚིམ་པ་མེད་པའི་ཆགས་རྩེད་ཀྱི་འཁུན་སྒྲ།།
བལྟས་ཀྱང་ངོམས་པ་མེད་བའི་འཁྲུལ་སྣང་གི་རོལ་རྩེད།།
མཐོང་ཡང་ངོ་ཚ་མེད་པའི་མིག་ལྗང་གི་རིགས་འདི།།
མཛེ་བོའི་ནད་བཞིན་སྤང་བའི་གོ་སྐབས་ཤིག་ཡོད་དམ།།
བལྟས་ན་ཡོད་ཡོད་འདྲ་བའི་རྒྱས་སྤྲོས་ཀྱི་འཁོར་ཚོགས།།
བསྙབ་ན་ཟིན་དུ་མེད་པའི་གསོབ་གཟུགས་ཀྱི་ཤོམ་སྒྲོས།།
དོན་ལ་དེ་བས་མེད་པའི་སྒེར་བདག་གི་གཏུམ་ཚོགས།།
འདི་ཚོར་རེ་ཞིང་ལྟོས་ན་འགྱོད་གདུང་ལས་ཅི་ཞིག།
བུ་ཡིས་རྒྱང་དུ་ཕུད་པའི་བརྒྱད་ཅུ་ཡི་རྒན་མོ།།
ཕ་ཡང་ཁྲིམས་ལ་སྦྱོར་བའི་འདྲ་མཉམ་གྱི་སྐད་ཆ།།
ཁྱི་རྒན་ཁྱོ་གར་བསུ་བའི་གཉེན་སྟོན་གྱི་མཛད་སྒོ།།
མདོར་ན་ཡོད་ཚད་འཕྱུགས་པའི་ཚུལ་མིན་གྱི་ཞིང་ཁམས།།
ས་ཆེན་ཡིད་ཀྱིས་གཏོར་བའི་རྫས་སྦྱོར་གྱི་དུག་ཆེན།།
སེམས་ཁམས་སྦྲིད་པར་བྱེད་པའི་ཉལ་ཐ་ཡི་ལོངས་སྤྱོད།།
གློ་མཆིན་བརྗེ་རྐུ་བྱེད་པའི་སྨན་ཁང་གི་གསོད་ར།།
འཇིགས་རུང་དམྱལ་བའི་སྣང་བརྙན་གཟུགས་ཅན་དུ་གྲུབ་ཡོད།།
སྐད་ཆ་སྦོམ་པོའི་འོག་གི་ཞི་བདེ་ཡི་བསྒྲགས་གཏམ།།
ཚོར་བ་ཕྲ་མོས་ཟིན་པའི་རིགས་རྒྱུད་ཀྱི་དབྱེ་འབྱེད།།
ཕྲག་དོག་སྡེར་ཁྱིམ་རྣོན་པོས་གསོད་འདོད་ཀྱི་ཧམ་པ།།
དམངས་གཙོ་ཁ་རུ་འཁྱེར་བའི་མགོ་སེར་ཚོའི་གཤིས་ཀ །
གཅེར་གཟུགས་ལྷ་རུ་བཀུར་བའི་གནམ་བདག་གི་ཆོས་ལུགས།།
གླུ་གར་རོལ་རྩེད་ཁྲོད་ཀྱི་དགེ་སྒྲུབ་ཀྱི་ཆོ་ག །
གཡོ་གྲོས་སྦྱིན་གཏོང་འོག་གི་གཅིག་སྡུད་ཀྱི་ལས་འཆར།།
ངོ་གདོང་ཧྲིལ་གྱིས་སྦས་པའི་རྩ་འཛུགས་ཤིག་མིན་ནམ།།
ལུས་སེམས་འབྲེལ་ཐག་བོར་བའི་སྨྱོན་པ་ཡི་ཀུ་ཅོ།།
ཞ་འཁུམ་ཐང་ཐང་མེད་པའི་ཡི་མུག་གི་གསོས་ར།།
ཚེ་སྲོག་རྩེད་ཆས་གྱུར་པའི་ཉམས་ཆུང་གི་སྲོག་ཆགས།།
རྒྱུ་འབྲས་མགོ་རྟིང་སློག་པའི་མྱ་ངན་གྱི་ཐང་ཆེན། །
ཉན་ན་བདེ་ལྡན་ཞིང་གི་ལོངས་སྤྱོད་དེ་འཛོམས་སྐད།།
མྱངས་ན་མི་ཁོམ་གནས་ཀྱི་འདུར་རྒྱུག་གི་ངལ་དུབ།།
བསམ་ན་གཉིད་ལོང་མེད་པའི་ཁྲལ་རྒན་གྱི་ཁུར་བོ།།
ཡོད་ཚད་ལུས་སེམས་གཅོག་པའི་གཤེད་མ་རུ་ལངས་འདྲ།།
དེ་འདྲའི་ཁོར་ཡུག་འཇིགས་པོའི་དམའ་རིམ་གྱི་སྤྱི་ཚོགས།།
དངུལ་དང་ཤེད་ཀྱིས་འཚངས་བའི་བོད་རྒན་དག་མཐོང་ཚེ།།
རྡ་སའི་གྲོང་དུ་རྒྱུ་ཚེ་རྫིག་ཉམས་ཀྱི་བཟོ་ལྟ།།
ཉིན་ཞག་དུ་མར་འཁྲབས་པའི་སྨྱོ་རྟགས་ཞིག་ཡིན་འདུག །
ཉན་ན་བདེན་བདེན་འདྲ་བའི་རྒྱུས་མེད་ཀྱི་བྲག་ཆ།།
ཆོས་འཇིག་དོན་གཉིས་མེད་ཀྱང་ཟེར་ཟློས་དང་འཁང་རས།།
བདེན་རྫུན་ཉ་ཉུང་བསྲེས་བའི་འུར་གཏམ་ཞིག་བསྒྲགས་ནས།།
སྙན་ངག་མཁན་དུ་རློམ་པ་དེང་སང་གི་འགྲོ་ལུགས།།
མ་འཐུང་ན་ཞིམ་མངར་མི་ཤེས། མ་འགྲོགས་ན་བཟང་ངན་མི་ཤེས། འུ་ཅག་མང་པོ་ཞིག་ཕྱིའི་རྒྱལ་ཁམས་འགྲིམས་དུས་རང་གི་དགེ་མཚན་ངོ་མ་ད་གཟོད་རྟོགས་ཀྱི་འདུག གཡང་གཟར་ཁ་ནས་རྟ་ཁ་འཐེན་ཐུབ་ན་བུ་རྒོད་པོ་རབ་རེད།
ཉན་ན་སྐྱིད་སྐྱིད་འདྲ་བའི་ནུབ་ཕྱོགས་ཀྱི་ཡུལ་གྲུར།།
སོང་ན་མི་རྐུབ་འཕྱི་བའི་གཡོག་པོ་ཞིག་ཡིན་པས།།
ཤར་ཕྱོགས་ཡུལ་ལ་ཡོང་ནས་རྫིག་ཉམས་རེ་བསྟོན་དུས།།
བསམ་ཡོད་མི་ཡིས་ཁོང་རྒོད་ཤིག་ཤིག་དུ་ཤོར་སོང་།།
དམྱར་བར་འགྲོ་བའི་ལམ་དེ་ནང་པ་དང་བོན་པོ་རྩོད་ས་ན་འདུག
ནོར་འཛིན་ཡུམ་ཆེན་མ་ལོའི་པང་ཁ་ན་རྩེན་པའི། །
བགྲང་ཡས་སྲོག་ཆགས་དབུས་ན་མི་བུ་ཞེས་གྲགས་པས། །
རྣམ་རྟོག་འཕྲུལ་འཁོར་སྐོར་བའི་ཡོ་ལང་གི་འཕུང་འདྲེས། །
ཡུམ་ཆེན་རྒན་མོ་ལྔ་བའི་བཤུལ་ལམ་ལ་བརྗངས་སོང་། །
ཆོག་ཤེས་ངང་ནས་འཚོ་བའི་ཉམ་ཆུང་གི་སྲོག་ཆགས། །
དུད་འགྲོ་བྱོལ་སོང་ཞེས་པའི་མཚང་གིས་མ་འབོད། །
རང་རིགས་ནང་དམེ་བྱེད་པའི་དཔའ་ཉམས་ཀྱི་ངར་སྐད། །
རྐང་གཉིས་མི་ལས་གཞན་པ་སུ་ལ་ཡང་མི་འདུག
ཕུགས་བསམ་འཇའ་ལ་འཇུས་པའི་རྣམ་རྟོག་གི་རི་མོར། །
རྣམ་དཔྱོད་ཤེས་རབ་ཅེས་པའི་རབ་བཏགས་ཀྱིས་མ་བསྟོད། །
སྣོད་བཅུད་གཉིས་ཀ་གཤིན་རྗེའི་ལག་པ་ལ་གཏོད་མཁན། །
རང་ཅག་མི་ལས་གཞན་པ་སྲོག་ཆགས་ཤིག་མིན་འདུག །
དགོངས་དག་འདིར་མཚང་མིང་ཞེས་འབོད་རྒྱུ་ཡིན་ཡང་མིང་ཞེས་ཆད་འདུག
སྒོར་མོ་བཙལ་ན་བཙལ་སྟངས་བོད་མིས་ཤེས།།
སྐྱག་པ་འཕྱིས་ན་སྒོར་མོ་མང་བ་ཤེས།།
ཉམས་སེང་རྒྱག་ན་རྒྱག་སྟངས་བོད་མིས་ཤེས།།
སྐྱོ་སའི་ས་ནས་ཉམས་སེང་ཕོག་པ་ཤེས།།
ཆོས་ཤེས་གྲྭ་བ་རྒན་གསོ་གཡོག་པོ་རེད།
སྲིད་ཤེས་དཔོན་པོ་གཟའ་རོ་སྙོར་མཁན་རེད།
མི་ཤེས་བོད་མི་གཙང་སྤྱོད་བཀྲུ་ནོ་རེད།
འདི་གསུམ་ཟླ་གླ་མཐོ་བའི་གོ་ས་རེད།
སྒོར་མོ་ཡོད་ན་རང་ཁ་གསོས་ནི་རེད།
སྒོར་མོ་ཡོད་ན་སྤུན་གྲོགས་མང་ནི་རེད།
སྒོར་མོ་ཡོད་ན་སྤོབས་པ་མཐོ་ནི་རེད།
སྒོར་མོ་ཤུགས་ཀྱིས་བཙལ་བའི་བོད་རྒྱལ་ལོ།།
གྲྭ་པ་ཨ་ནི་ཁྱོ་ག་སྐྱེས་དམན་དང་།།
བུ་ཕྲུག་ཕ་མ་ཡིན་སོགས་རྫུན་བཤད་ནས།།
ཨ་རིར་སྐྱབས་བཅོལ་སྡོད་ཁང་མོ་ཏྲ་དང་།།
བུ་ལོན་ཨིན་ཤོར་ཐོབ་དུས་རྒྱག་སྐད་ཨེ།།