བསེ་རུ།
ཕྲན་གྱིས་དེ་སྔོན་ནས་མཆོད་མེ་རྩོམ་རིག་དྲ་བར་རྩོམ་ཡིག་བསྐུར་མུས་ལྟར། ཁ་སྔོན་ཡང་ངས་<དགེ་རྒན་དང་དགེ་རྒན།>ཞེས་དང་། <བསེ་རུའི་བབ་ཅོལ།>ཞེས་པའི་རྩོམ་ཡིག་གཉིས་རིམ་པར་རང་ཉིད་ཀྱི་ཟིན་བྲིས་སུ་བཀོད་པ་དང་། མཆོད་མེ་རྩོམ་རིག་དྲ་བར་བཏང་རྗེས་དེ་རིང་རྩོམ་ཡིག་གཉིས་ཀ་མཆོད་མེ་རྩོམ་རིག་དྲ་བའི་རྩོམ་གསར་ཁོངས་སུ་བཏོན་གནང་འདུག དེ་དང་འབྲེལ་རྩོམ་ཡིག་གི་གཤམ་དུ་མཆན་འདི་འདྲ་ཞིག་འཇོག་གནང་མཛད་འདུག་སྟེ། <<#2རྒྱབ་སྐྱོར་བྱེད།(0)ངོ་རྒོལ་བྱེད།(0) Guest@07-21 19:02 ༡༩༨༧ཙམ་ནས་གུས་པས་བསེ་རུའི་སྨྱུག་མིང་ཁྱེར་ནས་རྩོམ་ཡིག་མང་ཙམ་སྤེལ་མྱོང་མོད། རྗེས་སུ་དྲ་བའི་སྒང་དུ་བསེ་རུ་ཟེར་པ་ཞིག་ཐོན་ནས་རྩོམ་ཡིག་མང་པོ་སྤེལ་གྱི་འདུག་སྟེ། མིང་དེ་འཕྲོག་རེས་རྒྱག་པའི་དགོས་པ་མ་མཆིས་བསམ་ནས་གུས་པས་༢༠༠༡ལོ་ནས་བསེ་རུ་ཟེར་བའི་མིང་དེ་བེད་སྤྱོད་ཀྱི་མཚམས་རྦད་དེ་བཞག་ཡོད་ཚུལ་ཞིག་འདིར་ལྷན་རྒྱས་ལ་ཞུས་པ་ཡིན། ལྗང་བུ་ནས།>>ཞེས་པའི་མཆན་བུ་འདི་མཐོང་མ་ཐག་ཨོའོ་དེ་ནི་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཞིག་མ་ཡིན་ནའང་། གནད་དོན་འདིར་ཁ་གསལ་གཏིང་གསལ་གྱི་གསལ་བཤད་མ་ཞུས་ན། མིའི་ཁམས་དང་མོས་པ་མཐའ་ཡས་ཤིང་། ལྷག་པར་ང་ཆེ་ང་བཙན་དང་། ཁྱོད་ལས་ང་ལྷག་ཟེར་བའི་དུས་སྐབས་ནང་རྒྱུ་ཆུང་རྐྱེན་ཆེའི་དགྲ་ཟླ་ཡང་ཆགས་སྲིད་སྙམ་བྱུང་།
འདིར་ཞུ་དོན། ང་རང་བོད་ཡིག་ལ་གཅེས་ཤིང་བོད་ཡིག་དགའ་བའི་བོད་མི་རྣལ་མ་ཞིག་ཡིན་པ་མ་ཟད། ལྷག་པར་རྩོམ་རིག་ལ་གདུང་བ་ཟབ་ཅིང་འགྲོ་ཞོར་འདུག་ཞོར་དུ་རྩོམ་ཡིག་ཐང་ངེ་ཐུང་ངེ་འབྲི་མཁན་ཞིག་ལས་རྩོམ་པ་པོ་ཞིག་དེ་བས་མིན། ང་རང་རྩོམ་རིག་གཞུང་ལུགས་སོགས་སྦྱོང་བའི་དུས་སྐབས་ནང་། སྐུ་ཉིད་ཀྱི་རྩོམ་ཡིག་གང་མང་ཞིག་ལྟ་ཀློག་བྱེད་མྱོང་ལ། ཁྱེད་ཀྱི་གྲོགས་མཆོག་དང་བདག་གི་དགེ་བའི་བཤེས་གཉེན་ཏེ་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་རྩོམ་ཡིག་ཁ་ཤས་སློབ་ཁྲིད་ཀྱང་གནང་མྱོང་ཡོད། སྐབས་དེར་ཁྱེད་ཀྱི་མཚན་ལ་རྡོ་རྗེ་ཚེ་རིང་ཞུ་བ་དང་། སྨྱུག་མིང་ལ་ལྗང་བུ། འཁྲུངས་ཡུལ་རྨ་ལྷོ་སོག་རྫོང་ནས་ཡིན་པ་གཞི་ནས་ཤེས་རྟོགས་བྱུང་། འོན་ཀྱང་སྐབས་དེར་རྒན་གྱིས་ཀྱང་སྐུ་ཉིད་ཀྱི་སྨྱུག་མིང་ལ་བསེ་རུ་ཞེས་ཞུ་གི་ཡོད་པའི་སྐོར་གསུངས་པ་མ་ཐོས་ཤིང་། སྨྱུག་མིང་དེ་འཁོད་པའི་རྩོམ་ཡིག་ཅིག་ཀྱང་མཇལ་སྐལ་དུ་མ་གྱུར། དེ་ནི་ང་རང་ཁྲོན་པའི་སྦལ་པ་ཡིན་པའི་རྟགས་ལས་གཞན་ཅི་ཡང་མ་རེད་སྙམ། དེའི་ཕྱིས་སུ་སྤྱི་ལོ་༢༠༠༦ལོར་གསར་དུ་ཐོན་པའི་དཔེ་དེབ་<ནགས་ཀློང་ཁུ་བྱུག་འདུ་གནས།>ཞེས་པའི་ནང་བོད་ནང་གི་རྩོམ་པ་པོ་གང་མང་ཞིག་གི་ལོ་རྒྱུས་མདོར་བསྡུས་དང་། ཚབ་མཚོན་རྩོམ་ཡིག རྩོམ་ཡིག་ཕྲན་དཔྱད་སོགས་རིམ་པར་བཀོད་ཡོད་ཅིང་། སྐུ་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས་ནང་། ཆབ་བྲག་རྡོ་རྗེ་ཚེ་རིང་དང་བསེ་རུ་སོགས་ཟེར་ཞེས་འཁོད་ཡོད་པ་ལྟར་དེ་དོན་ལོ་ཤས་སྔོན་ནས་ཤེས་བྱུང་། འོན་ཀྱང་སྐབས་དེར་བོད་ཕྱི་ནང་གཉིས་སུ་ལྗང་བུ་ཞེས་ཡོངས་གྲགས་མ་གཏོགས་བསེ་རུ་ཞེས་འབོད་ཀྱི་མེད་པ་རེད། དེའི་དུས་ཁོ་བོའི་སྨྱུག་མིང་དེ་ལྗང་བུའི་སྨྱུག་མིང་གཞན་བསེ་རུ་ཟེར་བ་དེ་ང་ལ་ཐོགས་འདུག དེ་ནི་སྐྱོན་ཆེར་ཡོད་ཀྱི་མ་རེད་སྙམ། ཅིའི་སྤྱིར་ཞེ་ན། ཡོངས་གྲགས་སུ་ལྗང་བུ་ཞེས་ཁྱབ་ཟིན་པས་ང་རང་ལྗང་བུ་མིན་ཞིང་ལྗང་བུ་ང་མ་ཡིན་པས་སོ།།
དེ་རིང་འདིར་ཀློག་པ་པོ་ཡོངས་དང་། ལྷག་པར་གྲགས་ཅན་གྱི་རྩོམ་པ་པོ་ལྗང་བུ་མཆོག་ལ་ཆེད་གསོལ། ང་རང་གི་བློ་མིག་ཁབ་མིག་ལས་དོག་པས་སྐུ་ཉིད་ཀྱི་ཐོག་མའི་སྨྱུག་མིང་ལ་བསེ་རུ་ཞེས་འབོད་སྲོལ་ཡོད་པ་དེ་སྐབས་དེའི་དུས་དེའི་ཚེ་མ་རྟོགས་ཤིང་། ངས་བསེ་རུ་ཞེས་པའི་སྨྱུག་མིང་དེ་ང་རང་ཡུལ་གྱར་དུ་འབྱོར་རྗེས་སེམས་ཚོར་ཐར་ཐོར་ཡིག་ཐོག་ཏུ་ཕབ་ཐུབ་ཙམ་དང་། རྩོམ་ལུས་མི་འདྲ་བའི་རྩོམ་ཡིག་ཐར་ཐོར་འབྲི་ཤེས་ཙམ་གྱི་དུས་སྐབས་ཏེ། སྤྱི་ལོ་(2001-2004)ཙམ་ནས་རིམ་པར་ངའི་ཁོར་ཡུག་གི་གཡས་གཡོན་ལ་དྲ་རྒྱའི་ཐོག་བོད་ཡིག་རིམ་པར་དར་འགོ་ཚུགས་ཙམ་ནས་ངས་སྨྱུག་མིང་བསེ་རུ་ཞེས་རང་གིས་རང་ལ་བཏགས་ཤིང་། མིང་དེའི་ཐོག་ཟིན་བྲིས་བཟོས་པ་མ་ཟད། རྩོམ་ཡིག་ཀྱང་སྐབས་སྐབས་སུ་སྤེལ་ཏེ་སྨྱུག་མིང་དེ་ལྟར་སྤྱད་དང་སྤྱོད་མུས་ཡིན།
དེ་རིང་འདིར་སྐུ་ཉིད་ཀྱིས་གསལ་བཤད་དང་འབྲེལ་སྨྱུག་མིང་དེ་མཚམས་འཇོག་གནང་བའི་ལོ་དུས་དང་། ང་རང་སྨྱུག་མིང་དེ་ཐོགས་པའི་ལོ་དུས་གཉིས་ཧ་ཅང་ཐག་ཉེ་ལ། གཅིག་དོར་གཅིག་ལེན་དང་། གཅིག་མཇུག་གཅིག་མཐུད་ལྟ་བུའི་གོ་རིམ་ཞིག་ཀྱང་ཆགས་འདུག་པས་དགའ་སྤྲོ་བརྟས། ངས་བསེ་རུ་ཞེས་པའི་སྨྱུག་མིང་དེ་མ་ཤེས་མ་རྟོགས་པའི་དབང་གིས་རང་འདོད་ལྟར་བཏགས་པ་ཞིག་ལས། སྐུ་ཉིད་ཀྱི་མཚན་སྙན་གཡོ་འཕྲོག་དང་། གཞན་ནོར་རང་འཕྲོག ཁེ་འདོད་གྲགས་འདོད་ཀྱིས་ཀུན་སློང་ངན་པས་དེ་ལྟར་སྤྱད་པ་ཞིག་མིན་ཞེས་དཀོན་མཆོག་དཔང་བཙུགས་ཀྱིས་སྐུ་ཉིད་དང་རྒྱ་ཆེའི་ཀློག་པ་པོ་ཡོངས་ལ་མཐོལ་བཤགས་དང་འབྲེལ་གསལ་འགྲེལ་མི་ཞུ་མཐུ་མེད་དུ་གྱུར་སོང་། ངས་ད་བར་སྨྱུག་མིང་དེ་སྤྱད་དེ་བོད་མི་རིགས་ཀྱི་བླ་སྲོག་ལ་གནོད་པའི་བྱས་ཉེས་ཏིལ་འབྲུ་ཙམ་བསགས་མེད་ལ། མི་སྒེར་སུ་ཞིག་ལའང་ངན་སྨྲས་གཤེ་སྐུར་དང་། ཉེས་མེད་ཉེས་འཛུགས་སོགས་འགན་ཁུར་མེད་པའི་བྱ་ངན་རིགས་སྣ་གཅིག་ཀྱང་སྤེལ་མེད་པས་སྐུ་ཉིད་ཐུགས་བདེར་འཚལ།
སྐུ་ཉིད་ཀྱིས་དཀྱེལ་ཡངས་ཀྱི་དགོངས་བཞེས་མཛད་པར་བརྟེན། ད་ནས་བཟུང་ཁོ་བོས་སྨྱུག་མིང་འདི་སྤྱད་དེ་བོད་མི་རིགས་ཀྱི་བླ་སྲོག་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོད་པའི་བྱ་བ་ཕྲན་ཚེགས་ཙམ་ཡང་མི་བྱ་བའི་དམ་བཅའ་རྒྱུ་མ་ཟད། བསེ་རུ་ཞེས་པའི་སྨྱུག་མིང་དེ་ཁྱེད་ཀྱིས་བདག་ལ་བསྩལ་བའི་ལེགས་སྐྱེས་ལྟ་བུར་ངོས་བཟུང་ནའང་ཆོག་སྙམ་པའི་ཚོར་འདུ་ཞིག་ཀྱང་ངང་གིས་སྐྱེས་པས། ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུའོ།། ཁོ་བོ་ནི་གནས་ག་གེ་མོར་སློབ་མ་སྣ་ཚོགས་དགེ་རྒན་དུ་བསྟེན་ཞིང་ཡོད་ལ། སྣ་ཚོགས་སློབ་མའི་གཡོག་པོ་བྱེད་བཞིན་པའི་རྩམ་གཟན་བོད་མིའི་ཁྲོད་ཀྱི་གྲལ་མཐའ་བ་ཞིག་ཀྱང་ཡིན་པས། དེ་དོན་ཡིད་འཇགས་ཡོད་པ་ཞུ། ཤེས་རིག་གི་སྣང་བས་འཇིག་རྟེན་སྨག་རུམ་གྱི་མུན་པ་མྱུར་བར་སེལ་བར་ཤོག བསེ་རུའམ་ངག་དབང་རྡོ་རྗེས། སྤྱི་ལོ་ ༢༠༡༢།༧།༢༢ཉིན།
མི་ཤེས་པ་ཀུན་ལ་ཡོད་པས་ནོར་བ་ལོས་ཡོང་། ཉིད་ཀྱི་གསལ་བཤད་འདི་ཀློག་དུས་ཁྱེད་རང་གི་བོད་ཡིག་ཤེས་ཚད་རྩེ་གྲས་ཤིག་ཡིན་པའི་ཚོར་སྣང་སྟེར་ཐུབ་ཀྱི་འདུག བསེ་རུ་ལགས།
དོན་དག་ཅུང་བྱེད་ཙམ་ལ་གནས་ཚུལ་ཆེན་པོ་གླེང་མཁན་ནི་ང་ཚོ་བོད་པའི་གཤིས་ཀ་རེད་་་་་་་་་་་་་་་་་སྤྱིར་དག་ཡིག་་་་་སྙན་ངག་་་་སུམ་རྟགས་་་སོགས་གལ་ཆེན་པོ་ཡིན་པ་ནི་ང་ཚོ་བོད་ཀྱི་རིགས་གཞུང་འདི་་་་་་ད་ལྟ་འཛམ་བུ་གླིང་ལ་ཆེས་མཐོང་ག་ཚོད་གནང་གི་ཡོད་མེད་འདི་ལ་བལྟས་ན་ཤེས་ཀྱི་རེད་་་་་་ཡིན་ན་ཡང་་་་་་་་་་དང་པོ་ལས་ཀ་ག་རེ་བྱས་ན་ཟབ་ཟབ་དགོས་པ་ནི་གནད་ཀྱི་སྙིང་པོ་འོ
གསལ་བཤད་འདི་བདེན་པ་རེད། ཚང་མས་གསལ་རྟོགས་བྱུང་ན་དེ་གས་འགྲིགས།
གཡུ་ཐོག་རྙིང་མ་དང་གཡུ་ཐོག་གསར་མ་ཞེས་པ་ལྟར་བསེ་རུ་རྙིང་མ་དང་བསེ་རུ་གསར་མ་ཞེས་ཀྱང་འབོད་ལོས་ཆོག ཧ་ཧ་ཧ།
བསེ་རུ་ཞིག་དལ་བུར་ཕེབས་ཤུལ་དུ
བསེ་རུ་ཞིག་ག་ལེར་ཕེབས
བསེ་རུ་གཅིག
བསེ་རུ་གཉིས
བསེ་རུ་གཅིག་ངའི་གྲོགས་པོ
བསེ་རུ་གཅིག་ངའི་སློབ་བུ
བསེ་རུ་གསར་རྙིང་གཉི་ག
རྩོམ་པ་པོ་རེ་རེའི་སྙུག་མིང
ད་དུང་བསེ་རུ་འདི་འདྲ་ཡོད་ན
བསེ་རུ་ཁྱུ་ཞིག་ལོངས་ན
ང་བསེ་རུའི་རྫི་བོ་བྱེད་ན་འདོད
ཡིན་ན་ཡང
རྩྭ་ཟ་བའི་བསེ་རུ་ཉུང་བ་བཞིན
རྩོམ་ཟ་བའི་བསེ་རུ་ཡང་མི་མང་ངོ།
གསལ་བཤད་ཡག་པོ་གནང་འདུག རྒན་ལྷ་མོ་སྐྱབས་ཀྱིས་གསུངས་ཟིན་པ་དེ་ག་རེད། ཁྱེད་རང་བློ་བདེ་བོ་བྱས་ན་འགྲིག
བསེ་རུ་ཟེར་བ་འདི་དྲང་ཚུགས་ཅན་ཞིག་ཡིན་པ་འདྲ། ཡག་པོ་འདུག རྒན་ལྷ་མོ་སྐྱབས་ཀྱི་དགེ་ཕྲུག་ནང་དགེ་རྒན་དང་རྩོམ་པ་པོ་ཚད་ལྡན་འགའ་ཤས་ཡོད། དེ་དག་ཚང་མ་བོད་ཀྱི་རྩ་དོན་ལ་ཕན་མཁན་ཞེ་གཅིག་ཡིན།
ལྗང་བུའམ་བསེ་རུ་དང་ངག་དབང་རྡོ་རྗེའམ་བསེ་རུ་འཁྲུགས་ཏེ་ཀློག་པ་པོ་ཞིག་གིས་ངར་མཆན་བུ་ཞིག་བཏགས་མྱོང་སྟབས། ངས་དེར་འཕྲིན་ཡིག་སྤྲིངས་ཡོད་པ་དེ་ད་ལྟ་ཁོང་གིས་ངའི་མཆོད་མེ་རྩོམ་རིག་དྲ་བའི་ཁོངས་སུ་ཡོད་པའི་ངའི་རྩོམ་ཡིག་གི་གཤམ་དུ་མཆན་བུ་འདི་དེ་རིང་བཏགས་གནང་འདུག
“བསེ་རུའམ་ངག་དབང་རྡོ་རྗེ་ལགས། ཁྱེད་ཀྱིས་ ༢༠༠༩ ལོའི་སྤྱི་ཟླ་དྲུག་པར་བསེ་རུའི་སྨྱུག་མིང་དང་འབྲེལ་ནས་ང་ལ་གཤམ་གྱི་ཡི་གེ་འདི་འདྲ་ཞིག་སྤྲིངས་མྱོང་སྟེ། “དྲ་གྲོགས་ལགས། སྐུ་ཉིད་ངས་ས་ཕྱོགས་དང་ཡུལ་ཕྱོགས་གང་ཞིག་ནས་ཡིན་མིན་མི་ཤེས་ཀྱང་། སྐུ་ཉིད་ཀྱིས་ཕྲན་གྱི་སྒྲུང་རྩོམ་བཀླགས་མྱོང་བ་ཙམ་མ་ཟད་དེས་ཤུགས་རྐྱེན་དང་། སློབ་ཆུང་ནས་སྐུ་ཉིད་ཀྱིས་ངའི་རྩོམ་རིག་བཀླགས་མྱོང་ལ་ད་དུང་ཡང་ཀློག་བཞིན་ཡོད་ཅེས་གསུངས་འདུག་པས། གསལ་འདེབས་ཞུ་རྒྱུར་སྐུ་ཉིད་ཀྱིས་བསེ་རུ་དང་བསེ་རུ་གཉིས་ངོས་འཛིན་འཁྲུགས་པ་མིན་ནམ་སྙམ། ངའི་སྨྱུག་མིང་ལ་བསེ་རུ་ཞེས་བཏགས་པ་དེ་ནི་ཕྲན་རང་ཉིད་བཙན་བྱོལ་དུ་འབྱོར་རྗེས་བཏགས་པ་ཞིག་ཡིན་ལ། ཟིན་བྲིས་སུ་སྨྱུག་མིང་བེད་སྤྱོད་པ་དེ་ཡང་དྲ་གྲོགས་སོ་སོར་རྒྱབ་ལྗོངས་ཀྱི་འགྲེལ་བརྗོད་དང་དགོས་པ་ཞིག་ཡོད་ལ་ཕྲན་ལ་ཡང་དེ་ལྟར་ཡོད་པ་སྨོས་མེད་ལགས། ངས་ཀྱང་སྒྲུང་རྩོམ་དང་སྙན་རྩོམ་སོགས་རྩོམ་རིགས་འདྲ་མིན་འབྲི་བའི་ལས་ལ་བཞུགས་བཞིན་ཡོད་ཀྱང་། སྐུ་ཉིད་སློབ་ཆུང་སྐབས་ནས་ཕྲན་བསེ་རུའི་རྩོམ་རིགས་བཀླགས་མྱོང་བ་དང་། ད་དུང་ཀློག་བཞིན་ཡོད་པའི་སྐོར་གསུངས་འདུག་པས། དོན་དངོས་སུ་ཁྱེད་ཀྱིས་ངོས་འཛིན་གནང་བཞིན་པའི་བསེ་རུ་ང་མིན་པར་ངེས་པས་དེ་དོན་གསལ་འདེབས་མ་ཞུས་ན། རི་བོང་རྡོར་བརྫུས་ཀྱི་དཔེ་རུ་འགྱུར་བའི་ངེས་པ་མི་འདུག་པས། ངས་དྲང་བདེན་གྱི་གཞུང་ལམ་གྱི་སྟེང་ནས་གསལ་འདེབས་ཀྱི་ཚངས་ཐིག་ཅིག་མི་འཐེན་རང་འཐེན་དུ་གྱུར་སོང་། དྲ་གྲོགས་ལགས། ངས་བཤད་ཐལ་ཤོར་ཡོད་ན་དགོངས་འགལ་མེད་པ་ཞུ། ༢༠༠༩/༠༦/༡༠” ཞེས་པ་འདིའི་མདུད་རྒྱ་ད་ལྟ་གཞི་ནས་གྲོལ་འདུག་པ་མཐོང་ནས་སྤྲོ་བ་འཕེལ། རྣམ་པ་གཉིས་ལ་འཚམས་འདྲི་ཞུ། ”
འདི་ནི་བསེ་རུ་དང་བསེ་རུ་འཁྲུག་མཁན་གྱི་ཀློག་པ་པོ་ཞིག་གིས་སྤྲིངས་པའི་འཕྲིན་ཡིག་ཅིག་ཡིན་ལ། དེ་རིང་དོ་བདག་དེས་ངའི་གསལ་འདེབས་དང་། ལྗང་བུའི་གསལ་འདེབས་གཉིས་ཀའི་མདུད་རྒྱ་གྲོལ་བ་མཁྱེན་འདུག་པས། འདིར་བཀོད་པ་ཞིག་ལགས།
བསེ་རུ་དང་། བསེ་རུ། ཆབ་བྲག་དང་། ཆབ་བྲག་གི་དགེ་གྲོགས།
བསེ་རུ་ཟེར་བ་བོད་ཀྱི་དུས་བབ་དྲ་བའི་སྟེང་བར་སྐབས་ཡང་ཡང་མཐོང་རྒྱུ་ཡོད་ཀྱང་། སྐྱེ་དམན་རྙིང་པའི་རྒྱབ་ལ་དགེ་ཕྲུག་བུ་མོར་གསང་འབྲེལ་བྱས་པར་བརྟེན་སྐྱེས་དམན་གྱིས་གཡུག་པ་མ་ཟད། སློབ་གླིང་ལ་སྐད་གྲགས་ཆགས་པའི་མིང་ཆད་བྱུངབ་ནས་བཟུང་ཧ་ལམ་མཐོང་རྒྱུ་མེད་པ་ཆགས་སོང་། འོན་ཀྱང་དེང་སྐབས་སྔར་སོན་བྟུང་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
རྒན་ངག་རྡོར་ལགས་དང་། རྒན་ཆབ་བྲག་གཉིས་ལ་འཚམས་འདྲི་ཞུ།
བསེ་རུ་ཞེས་པའི་སྙུག་མིང་འདི་ང་བོད་ནས་ཡོད་དུས་ཕ་ཡུལ་ཁྲི་ཀ་ཡིན་པའི་རྩོམ་པ་པོ་ཀུན་བཟང་དོན་གྲུབ་ཀྱི་སྙུག་མིང་ལ་ཡང་བསེ་རུ་ཞེས་འབོད་པ་ཞིག་ཐོས་མྱོང་། ད་ལྟ་བསེ་རུ་ཞེས་པའི་སྙུག་མིང་འདི་སྙན་ངག་པ་ལྗང་བུ་དང་རྩོམ་པ་པོ་ངག་དབང་རྡོ་རྗེ་གཉིས་ཡིན་པ་གཞི་ནས་ཤེས་སོང་།
ལྗང་བུས་བསེ་རུ་ཞེས་པའི་སྨྱུག་མིང་དེ་དེ་ཙམ་བེད་སྤྱོད་བཏང་མེད། མིང་འདི་ནི་བཀྲ་ཤིས་ཟླ་བའི་བརྩམས་སྒྲུང་ཐུང་ངུ་་་་མི་རང་དབང་ཅན་འཆི་མེད་་་་ཅེས་པ་དེ་བོད་སྒྱུར་བྱས་དུས་ཙམ་མ་གཏོགས་དེ་ཙམ་མཐོང་རྒྱུ་མེད།
གནད་དོན་འདི་གསལ་བཤད་བྱས་ཏེ་དོ་བདག་གཉིས་པོ་ཕན་ཚུན་གཅིག་བཤད་གཅིག་ཉན་བྱས་ཏེ། བསེ་རུ་དང་བསེ་རུ་འཁྲུག་གཞི་བྱུང་བའི་དཀའ་ངལ་དེ་སེལ་ཐུབ་པ་བྱུང་བ་མ་ཟད། རི་བོང་རྡོར་བརྫུས་དང་། མ་ཡིན་ཡིན་མདོག་གི་ངོ་འབག་དེ་མི་ཚེ་གཅིག་གྱོན་འདོད་མེད་པས་འདིར་དག་སེལ་ཞུས་པ་ཡིན།
གོང་འཁོད་དགོངས་ཚུལ་གསུང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་
ཡིན།
བསེ་རུ་འདི་རང་གི་སྐྱེ་དམན་དང་སློབ་ཕྲུག་སོགས་ལ་བརྩེ་སེམས་མེད་པའི་ཆགས་རྒན་ཞིག་ཡིན་ན། བོད་ཁྲིམསདང་རྒྱ་ཁྲིམས་གང་ཡང་རུང་བ་ཞིག་གིས་ཁྲིམས་ལ་སྦྱར་ནས་དགེ་འོས་ལག་འཁྱེར་གཞུང་བཞས་གཏོང་དགོས་པ་རེད། དཀོན་མཆོག་གསུམ། འདི་འདྲའི་རིགས་ལ་དགའ་པོ་རྩ་ནས་མེད།
མི་ལུས་རིན་ཆེན་ཐོབ་པའི་དྲ་གྲོགས་ཚོ།
རྣམ་དཔྱོད་བློ་མིག་ཐོགས་པའི་དྲ་གྲོགས་ཚོ།
བདག་དང་ཤ་རུས་གཅིག་པའི་དྲ་གྲོགས་ཚོ།
ཇི་སྐད་དུ།
ཐག་གཅོད་མི་སྔ། །དཔྱད་པ་མི་ཐུང་། །ཞེས་དང་།
གཏམ་དཔེར།
གཞན་ལ་ལྟ་བའི་མིག་ཡོད་ཀྱང་། །རང་ཉིད་ལྟ་ན་མེ་ལོང་དགོས། །
ཞེས་པའི་དོན་ཚང་མས་མཁྱེན་གསལ་རེད།
གང་ལྟར་ཁོ་བོར།
གཤེ་ཡང་རུང་སྨད་ཀྱང་ཆོག བརྡུང་ཡང་རུང་བསད་ཀྱང་ཆོག
ང་ཚོ་ཚང་མའི་མགོ་ཐོག་ཏུ་ལས་འབྲས་བདེན་པའི་རྒྱལ་པོ་ཞིག་མེད་པ་མ་ཡིན་ནམ།
བསྟན་དགྲ་རྒྱ་དམར་རེད་ཟེར་ནའང་ཆོག གང་འདོད་འདོད་གསུངས་རོགས་གནང་།
གནས་སྐབས་ཐུགས་ཡིད་ཚིམས་སོང་ན་འགྲིག་གི་རེད།
དགེ་བཤེས་གླང་རི་ཐང་པས།
“བདག་ལ་གཞན་གྱིས་ཕྲག་དོག་གིས། །གཤེ་སྐུར་ལ་སོགས་མི་རིགས་པས། །
གྱོང་ཁ་རང་གིས་ལེན་པ་དང། །རྒྱལ་ཁ་གཞན་ལ་འབུལ་བར་ཤོག །”
ཞེས་གསུངས་པ་ལྟར། ང་དང་ང་འདྲ་བའི་སྐྱེས་བུ་ཚོའི་ཡིད་ཀྱི་བདུད་རྩི་རུ་འགྱུར་བར་ཤོག།