གཅན་འོད་འབར།
ཆར་བས་བརླན་པའི་ལམ་ཕྲན་འདི།
སྨུག་པས་དཀྲིས་པའི་རི་ཀླུང་གང་དུ་འཐེན།
འགྲོ་ཞོར་དུ་ཚོད་ཚོད་ལ་ཅི་ཡང་མི་མཐོང་པའི་རྒྱང་ལ་ལྟ་རྒྱུ་ཡོང།
རྒྱབ་མདུན་ནས་འཐོར་ཡོང་བའི་ཆར་ཐིགས་ཀྱིས།
རྐང་པའི་རྡོག་སྒྲ་ལྷན་དུ་རྣ་ལ་གཉིད་འབབ་པའི་སྒྲ་ཞིག་སྒྲོག་པ།
ཁ་ཕྱོགས་བྲལ་བའི་སེམས་པ་འདི་ལ་སེམས་གསོ་བྱེད་པ་དང་འདྲ།
ཕྱིར་མིག་ཅིག་ཀྱང་མེད་པར་བཞུད་འགྲོ་བའི་གཟུགས་རིས་འདི་ཚོ་ཡང།
ཅི་ཞིག་གི་ཆེད་དུ་བྲེལ་བ་མི་ཤེས་པར།
མིག་ལམ་ནས་ཡང་ཡང་ཡལ་འགྲོ་བ་མཐོང་དུས།
ད་ནི་རང་ལ་ཁང་པ་ཡོད་ཀྱང་ཁྱིམ་ཚང་མེད་པ་ཤེས་སོང་ལ།
རྐང་ལག་ཡོད་ཀྱང་འགུལ་སྐྱོད་མི་ཐུབ་པ་ཡང་རྟོགས་བྱུང།
གློ་བུར་དུ།
ཆར་རླུང་སིམ་སིམ་འདིའི་ཁྲོད་དུ།
ཁེར་རྐྱང་གི་གྲིབ་གཟུགས་ཤིག་ཤུགས་ཀྱིས་ངུས་བྱུང།
དེར་མཐུད་ནས་ཀེ་རེར་འགྲེང་བའི་ཉེ་འཁོར་གྱི་རི་བོ་དང།
ཚང་ཚིང་སྐྱེས་པའི་ནགས་ཚལ་ཡང་ངུས་བྱུང།
ཇི་ལྟར་ངུས་ཀྱང་མིག་ཆུ་མ་ལྷུང་ལ།
ཅི་འདྲའི་བཤུམ་ཡང་ངུ་སྐད་མ་ཐོན་པས།
སེམས་ངལ་ཅི་ཡང་མེད་པ་དང་འདྲ་བའི་ལམ་འགྲོ་བ་དེ་ཚོས།
རི་ལུང་གི་ལྷིང་འཇགས་དཀྲོག་པའི་ཀི་རིང་ཞིག་བཏབས་རྗེས་སུ།
གནམ་ས་གཉིས་སྔར་བཞིན་ཁུ་སིམ་མེར་གྱུར་སོང།
སུ་ཞིག་གི་འཛུམ་མདངས་འཚོལ་བའི་བྱིས་པ་དེའི་ལུས་པོ།
ལོ་ཟླ་མང་པོ་ཞིག་ལ་ཆར་བས་ཡོངས་སུ་བརླན་ཞིང།
གང་ཞིག་གི་སྙིང་རྗེ་བསམ་པའི་རྒན་མོ་དེའི་ངོ་གདོང།
ཉིན་མཚན་གྲངས་མེད་ཅིག་ལ་རླུང་བུས་རྦད་དེ་བསེད་ཀྱང།
ད་དུང་སྐྱོ་སྣང་གི་ཁ་དོག་བྲལ་བའི་ངང་ཚུལ་དེ་བསམ་ན།
ཆར་ཆུས་བཤིག་པའི་ལམ་ཕྲན་འདིའི་སྣེ་མོ་དང།
སྨུག་པས་བསྒྲིབས་པའི་རི་བོ་དེའི་རྒྱབ་ལོག་ན།
སུས་ཀྱང་རེ་སྒུག་བྱེད་ཀྱིན་པའི་དྭངས་གཙང་གི་གཙང་བོ་དེ་ཡོད་སྲིད་ལ།
གང་གིས་ཀྱང་རྨི་ལམ་རྨི་བཞིན་པའི་མཛེས་སྡུག་གི་རྩྭ་ཐང་དེ་ཡོད་ངེས།
ཆར་བ་སིམ་སིམ་བྱེད་དུས།
སྐྱོ་བ་ལྷང་ལྷང་གིས།
ཚོད་ཚོད་ལ་འདི་འདྲ་ཞིག་དྲན་བྱུང།
རྣམ་རྟོག་གི་འཆར་སྒོ་ཇི་མང་ནས་ཇི་མང་། །མི་དམངས་ཀྱི་ཤེས་ཚད་ཉིན་རེ་བཞིན་ཇི་སྡུག །
བདེན་པ་ཡི་དན་རྟགས་རྒྱུ་དངོས་སུ་ཇི་འཐིམ། །ལས་དབང་གི་ས་མཐའ་འགྲིམ་དགོས་ནི་སྐྱོ་བྱུང་། །
མཚམས་རེས་མཚན་དཀྱིལ་ནས་རྒད་པོར་་་་་སྙན་ངག་འཁྲུངས་ཐལ། ཤོག་བུ་དང་སྨྱུ་གུ་ཁུར་ཤོག་ཅེས་ཀུ་རེ་དང་བཅས་རྒད་པོའི་གཉིད་དཀྲོགས་མྱངས་པའི་ང་ལ་མཚོན་ན། གོང་གི་སྙན་ངག་འདི་སྙན་པོ་ཞིག་གམ། མ་མཐར་ཡང་སེམས་ཚོར་ངོ་མ་ཞིག་དྲང་བོར་སྨྲས་པའི་བདེན་པའི་སྟོབས་ཤིག་མཆིས་ལ། ངའི་སྐད་ཆ་་་་་སྙན་ངག་འཁྲུངས་ཐལ་་་འཁྲུངས་པའམ་བབ་པ་རྩོལ་མེད་ལྷུན་གྱི་གྲུབ་པ་ཞིག་ཏུ་འདོད་མཁན་རིགས་ཀྱི་མོས་པའི་གནས་སུ་མཆིས་སྙམ།
རྣམ་པ་གཉིས་ཕེབས་ཕར་དགའ་བསུ་ཞུ།