ཨ་དམར་པོ།
ཕྱི་མའི་ཐེམ་སྐས་ཀྱི་ཆེད་དུ། །
མི་ཆོས་སྙིང་བོ་ལ་འཁོན་པའི། །
དམར་སྨུག་གོས་ཆེན་གྱི་བདག་པོ། །
འཁོར་བའི་གཏིང་རིམ་ལ་མ་མཆོང་། །
སྲོལ་རྒྱུན་དབང་ཤེད་ཀྱིས་དེད་དེ། །
སྐྲ་ལོ་ཁེ་གྲི་ཡིས་གཏུབས་ནས། །
བླ་གོས་ཕྲག་པ་ལ་གཟེར་ཀྱང་། །
ནང་གི་དེ་ཉིད་དེ་འགྱུར་མེད། །
ལང་ཚོའི་གཉོམ་ལག་དེ་རྒྱས་ནས། །
འདོད་པའི་མདའ་རྩལ་ལ་བྱང་ཚེ། །
མཛེས་མའི་སྒེག་འགྲོས་ཀྱི་འཛུམ་མདངས། །
སྙིང་གི་ཐིག་ལེ་རུ་སྨིན་སོང་། །
ཞོགས་པའི་དགེ་སྦྱོང་གི་མདངས་ལ། །
ཐལ་སྒྲའི་ཆོས་སྐད་དེ་མཛེས་ཀྱང་། །
ས་སྲོས་སྒྲོན་ངོགས་ཀྱི་གླིང་གར། །
འཕྱོན་མའི་སྐེ་མཇིང་ལ་འཁྱུད་འདུག །
མི་ཁའི་མཆིལ་མདའ་ལ་འཇིགས་ནས། །
འདུལ་བའི་ཐིག་ཤིང་ལ་ཚད་ཀྱང་། །
འདོད་པའི་སྦྲང་ཆང་གིས་བཟི་དུས། །
འཕྱོན་མའི་སྟུ་སྒོ་ལ་འབྱར་འདུག །
གོམས་འདྲིས་ཇེ་ཟབ་ལ་ཕྱིན་ཏེ། །
བརྩེ་བ་རུས་རྐང་ལ་ཟུག་དུས། །
ངུར་སྨྲིག་ཆོས་གོས་ཀྱི་ཕག་ནས། །
འདོད་པའི་རོ་དྲི་དེ་མྱངས་སོང་། །
མུན་པའི་ཟབ་ས་ན་འཚོ་བའི། །
གསང་བའི་ཁྱིམ་ཐབས་ཤིག་ཡོད་པ། །
ཁྱིམ་བདག་ཁྱོ་ཤུག་གཉིས་མ་གཏོགས། །
མཁྱེན་མཁན་རིགས་དྲུག་ན་མི་འདུག །
འཁྲིག་སྦྱོར་ས་འོག་ལ་བསྐོངས་ཏེ། །
ཕམ་པ་མུན་ཁུང་ནས་སྦས་ཀྱང་། །
ལྟོ་བ་ཁྲིམ་སྲང་དུ་འབུར་བས། །
སྙིང་ལ་འདར་ཤ་རེ་བསླངས་སོང་།
ཨུ་ཚུགས་སྟོང་ཕྲག་གིས་བསྣུན་ཏེ། །
འདོད་པའི་རྟ་རྒོད་དེ་མ་ཆུམས། །
མི་འདོད་རྐྱེན་ངན་ཀྱིས་གཙེས་ནས། །
ཐིག་ལེ་མངའ་ནང་ལ་འཛུལ་སོང་། །
དེང་རབས་རིག་འཕྲུལ་གྱི་ཁབ་ན། །
གསང་བ་མུ་མཐའ་ལ་བསྐྱལ་བའི། །
ཐབས་ཇུས་གདམ་ང་རེ་ཡོད་ཀྱང་། །
ཁེར་རྐྱང་ལམ་བུ་ལ་ལྷུང་སོང་། །
གདོང་པགས་ཇེ་མཐུག་ཏུ་བཏང་སྟེ། །
གཡོ་སྒྱུ་ཁྲམ་གསུམ་གྱི་བྱ་བས། །
མངལ་ཁྲག་དུག་སྤྱོར་གྱིས་འབྱིན་ཐབས། །
མུན་ཁུང་མཛའ་མོ་ལ་གླེང་སོང་། །
མཆི་མའི་ཆར་བ་རེ་འཐོར་བཞིན། །
ཕྱག་ཟུང་ལྟོ་བ་ལ་སྦྱར་ནས། །
ཤ་ཁྲག་རུས་གསུམ་ལས་མཆེད་པའི། །
བུ་འདིའི་ལས་དབང་ནི་སྐྱོ་བ། །
མགོ་ལུས་དུམ་བུ་རུ་བགོས་ཀྱང་། །
ལས་ཀྱི་བསྐོས་ཐང་གིས་སྦྱིན་པའི། །
མ་བུའི་ཆོས་ཉིད་ལ་གཞུགས་ན། །
ཇུས་ངན་བཀོལ་སེམས་ཤིག་མི་སྐྱེས། །
ཕ་གཟུགས་ཆོས་གོས་ཀྱིས་འཛིན་པ། །
འདུལ་བའི་ཁྲིམས་ར་ན་མེད་དོ། །
བཙུན་ཆས་བཙུན་ཁང་ནས་བསྐྱུར་ཏེ། །
ཕ་ཞལ་ངོམ་རྒྱུ་ལ་རེ་མོད། །
ངོ་ཚ་ཁྲེལ་གཞུང་གིས་སྟོངས་ན། །
བུ་ཡི་ལག་དམར་དུ་སྤྲུལ་ཏེ། །
ཕ་བུ་ནང་དམེ་ཡི་གཏམ་རྒྱུད། །
གསང་བའི་དམ་བཅའ་ལ་སྐྱབས་སོང་།
ལྷ་རྗེ་དངུལ་དངོས་ལ་བརྐམས་པས། །
དངུལ་ཁུག་བོངས་ཆེན་གྱིས་གབ་ཀྱང་། །
གསང་རྒྱའི་དམ་ཚིག་གི་མདུད་པ། །
ཉི་མའི་དཀར་ངོགས་ལ་ཤོར་སོང་། །
ཆུང་མའི་མངལ་ནང་ན་གཟིམས་པའི། །
ཉེས་མེད་བུ་ཆུང་གི་ཚེ་སྲོག །
རྩེ་བྱེད་ཐེངས་གཅིག་དུ་གྱུར་ན། །
ནོངས་འགྱོད་བྲང་ཁོག་ན་ཡལ་འདུག །
ཕོར་བའི་ཕུགས་འདུན་གྱི་ཆེད་དུ། །
ཕམ་པ་མཇེ་མགོ་ནས་བྱུང་ཡང་། །
ཕྱག་ཟུང་ཆོས་གོས་ལ་འཐམས་ནས། །
མིག་ཟུང་ཆོས་སྡེ་རུ་བཙུམས་འདུག །
ཨུ་ཚུགས་མཐའ་བསྐྱལ་གྱི་གདོང་པགས། །
གླང་ཆེན་གོ་བ་ལས་མཐུག་ཀྱང་། །
བདེན་པའི་སྲང་མདའ་ཡི་སྣེ་ན། །
གཟུར་ཐབས་ཆ་ཙམ་ཡང་མ་མཆིས། །
ལྟ་བ་བྲང་ཁོག་ལས་བུད་དེ། །
སྤྱོད་པ་ལུས་ངག་ལས་འཆལ་བའི། །
ཁྲིམས་འཆལ་དགེ་སྦྱོང་གི་ཤ་ཚུགས། །
མཆོད་པའི་ཞིང་ཁམས་ལས་ཡལ་སོང་། །
ཐ་མལ་སྣང་ཞེན་གྱིས་སྦགས་ན། །
རྩ་ཐིག་རླུང་གསུམ་གྱི་ནུས་པ། །
གནད་དུ་སྨིན་ལུགས་ཀྱིས་སྟོངས་པས། །
སྦྱོར་སྒྲོལ་ལྟ་ངན་ལས་གཞན་ཅི། །
ནུབ་ཀྱི་ལྟ་སྤྱོད་ལ་ཟློས་ནས། །
གླང་མོར་གཉེན་རྟགས་རེ་བརྒྱབ་ཀྱང་། །
སོ་ཐར་ཁྲིམས་བརྒྱད་གྱི་གྲོང་ན། །
གསར་བརྗེ་འདུལ་བ་ཞིག་མི་འདུག །
ཚུལ་ཁྲིམས་ཚུལ་བཞིན་དུ་བསྲུངས་ན། །
དག་པའི་ཁང་བཟང་དུ་སླེབས་ཀྱང་། །
མ་སྲུང་ཉེས་ཁྲིམས་ཀྱིས་གོས་ན། །
སྐྱེ་བ་འབུམ་དགུ་ཡི་བཙོན་མ། །
འཇག་མའི་རྩྭ་ཕོན་གི་གཟུགས་ལ། །
མི་པགས་གཡང་གཞི་ཡིས་བརྒྱན་ཏེ། །
སྡོམ་པའི་ཁུར་ཆེན་ཞིག་བླངས་པ། །
དམྱལ་བའི་མངའ་འབངས་ཀྱི་སྟ་གོན། །
སྐྱ་མིན་སེར་མིན་གྱི་གྲིབ་གཟུགས། །
རབ་རུབ་མིག་ལམ་ནས་རྒྱུ་དུས། །
རིགས་ཀྱི་མཚན་སྙན་ལ་རྒོལ་བའི། །
དགྲ་བོ་ཉག་གཅིག་ལས་མི་འདུག །
རིགས་ཀྱི་ཤ་ཞེན་གྱིས་རྒྱགས་ན། །
མེས་པོའི་བླ་རྐང་དེ་མ་བྲུ། །
ཤེས་བྱའི་གནས་ལུགས་ལ་མཁས་ན། །
བླུན་པོའི་ཟློས་གར་དེ་མ་འཁྲབ། །
དམ་པའི་ལྷ་ཆོས་ལ་འགལ་ནས། །
འཇིག་རྟེན་མི་ཆོས་ཀྱིས་འཕྱ་བའི། །
ཆོས་གོས་སྡུ་སྒོ་ལ་དྲུད་དེ། །
མི་ཚེ་བསྐྱལ་ཚུལ་ཞིག་ཡོད་དམ། །
བརྩེ་བ་རྡོ་རྗེ་ལས་སྲ་ན། །
བྱེ་མའི་ཁང་བུ་ལས་མ་བསྐུང་། །
ཁྱིམ་རྟིང་ས་ཐོག་ཏུ་བཙུགས་ནས། །
གཉེན་ཆང་ཉི་འོད་ནས་མཆོད་ཅིག །
གྲྭ་སའི་སྐྱ་ས་རུ་འབེབ་སྟངས། །
ལོ་རྒྱུས་གནས་བབས་ན་མཆིས་པས། །
ལུགས་ཀྱི་གོམས་སྲོལ་དང་བསྡེབས་ནས། །
ཕུ་ཐུང་སྔར་བཅད་དེ་མཐུད་ཆོག །
རླུང་རྟའི་ལྷག་འཕྲོད་ལ་ཞེན་ནས། །
བཟི་ལ་དྭངས་སྐབས་ཤིག་ཡོད་ན། །
རང་སེམས་རང་ཉིད་ཀྱིས་བསླུས་ཏེ། །
གླེན་པའི་ཕ་བོང་དེ་མ་བསྒོམ། །
ཡར་ལོག་མར་ལོག་གི་གཏམ་རྒྱུད། །
བརྗོད་ན་རྫོགས་རྒྱུ་རེ་ཡོད་པས། །
སྐྱག་མགོ་ས་བཏུམས་ཀྱི་ཟློས་གར། །
འཁྲབ་ན་ཚར་རྒྱུ་རེ་ཡོད་དགོས། །
དབུ་ལ་རྣག་འབུར་རེ་བྱུང་ཚེ། །
གཙག་བུའི་གཏར་ག་ཡིས་ཕོངས་ན། །
ཆོས་དང་ཆོས་མིན་གྱི་སོ་མཚམས། །
ཐུར་མས་དཔྱད་ཐབས་ཤིག་མི་འདུག །
ལྷག་བསམ་དུང་དཀར་གྱི་ཁོག་ནས། །
སྒྲ་དབྱངས་བར་སྣང་ལ་གཏོར་ཀྱང་། །
སེམས་ཀྱི་གསོས་སྨན་རུ་བསྒོམས་ཏེ། །
མི་ཚེ་གསར་བ་ཞིག་སྐྱོང་རོགས། །
ག་ལེར་ཀློག་གི་ཡིན། ད་ལྟ་བྲེལ་བ་ཏོག་ཙམ་ཡོད།
སྙན་མོ་བདག་པོ་རེད་ཡ། ཐུགས་རྗེ་ཆེ།
འདི་ཞིང་གཤེགས་ཨ་ལགས་འཇིགས་མེད་ལ་བྲིས་པ་མིན་ནམ་སྙམ། ཁོང་གི་མཛད་སྤྱོད་དང་མཐུན་པའི་ཆ་ཧ་ཅང་གི་མང་།
པད་ཡག་པོ་བླ་རྒན་ཁ་ཤས་ཀྱི་རང་རྣམ་གསོང་པོ། ཅོ་ཡག་བྱུང་ཨ།
ཚིག་ལ་རང་དབང་ཅུང་ཟད་ཐོབ་པ་ཞིག་རེད་འདུག རེ་བ་ཆེ་གི
དྲ་འབུ་ལགས། ཁྱོད་ཀྱིས་ངའི་རྩོམ་ཆག་འདི་ཀློག་པར་ཐུགས་རྗེ་ཆེ། ཡིན་ནའང་། རྩོམ་ཡིག་གི་མཚོན་བྱ་སྤྱི་ཚོགས་ཧྲིལ་བོ་་ཡིན་པ་ལས་མི་སྒེར་གཅིག་གི་མི་ཚེ་བྱུང་བ་མིན། གཏན་ནས་མིན།
རྩོམ་དེ་ད་ལྟ་རང་དོན་ལ་གནས་ཤག
ཚིག་ལ་རང་དབང་ཐོབ་པའི།།
རྩོམ་དེ་ཚར་གཅིག་བཀླག་པས།།
ཚོར་སྣང་སྟེར་བའི་ཚིག་རེད།།
ཨ་དམར་བུ་རྒོད་ལོས་བདེན།།
ཁྱེད་ཀྱི་གསུང་ལ་རྗེས་སུ་ཡི་རང་ཡོད་དོ།།
དངོས་ནས་ཡིད་སྨོན་ཤོར་ངེས་་་དེ་འདྲ་སྙན་པ་ལ་་་
ངེས་འབྱུང་མེད་པའི་ཨ་ཁུ།
ཆགས་པའི་གདུང་བས་མནར་ན།
འཁོར་བར་གདེང་ཚོད་མེད་པས།།
ཆོས་གོས་ཕུད་འདོད་མེད་ཀི
ངེས་ཤེས་མེད་པའི་ཨ་ནེ།
གཡའ་ཆུས་འདོམས་རྩ་བརླན་རུང་།།
ཁྱོ་གའི་དམ་ཚིག་མེད་ན།
ཆོས་གོས་ཕུད་འདོད་མེད་ཀི།
དཔེ་ཡག་པོ་བྲིས་འདུག་བསམ་་་བཀའ་དྲིན་ཆེ།
འདི་འདྲ་བྱས་ནས་སངས་རྒྱས་པའི་བསྟན་པ་དེ་འཇིག་དགོས་པ་རེད། ནང་བསྟན་ནང་ནས་བཤུག་པ་ལས་གཞན་གྱིས་མིན།
ཨ་ཁཁ་་་་གྲྭ་གཟུགས་ཅན་ཁག་གཅིག་གི་གནས་ཚུལ་མཐོང་ནས་་་་་་དགེ་འདུན་པ་ཡོངས་རྫོགས་དེའི་ནང་དུ་བཙུད་པ་ནི་ཆེས་མི་རུང་བ་ཡིན་པས་་་་་ཨ་དམར་པོ་ལགས་་་་་གལ་ཏེ་རང་ལ་བརྗོད་མི་ཐུབ་པའི་གནས་དོན་འདྲ་ཡོད་ན་མ་གཏོགས་་་་འདི་འདྲ་བྲིས་ན་ནང་པའི་དགེ་སྦྱོང་མཆིས་སོ་ཅོག་ལ་གཞི་མེད་སྐུརའདེབས་ཆགས་འགྲོ་ཡི་རེད། དེ་ནི་སྡིག་པ་ཆེན་པོ་ཡིན་ཙང་་་་ཁྱེད་རང་ནས་་
བརྗོད་བྱ་གྲྭ་གཟུགས་དེའི་དངོས་མིང་བཏོན་ཐུབ་ན་ཧ་ཅང་གི་དགེ་མཚན་ཆེན་པོ་ཡོད་ངེས་རེད།།
རྒྱ་དབང་སྐུ་འཕྲེང་དྲུག་པས། བན་ངྷེ་སྐྱ་མིན་སེར་མིན། སངས་རྒྱས་བསྟན་པའི་དགྲ་བོ། ཞེས་གསུངས་བ་བཞིན་སྤྱི་དང་བྱེ་བྲག་གི་ཁྱད་པར་བྱེད་དགོས་པ་ལས་བོད་རྒྱལ་ནང་བསྟན་འཛིན་མཁན་གྱི་རབ་བྱུང་ངུར་སྨིག་གི་སྤྱི་ལ་དེ་ལྟར་བཤད་ན་སྟོན་པའི་བཀའ་དང་འགལ་འདུག་པས་མི་རུང་ངོ།
ཨ་དམར་པོ་ལགས། ཁྱེད་ཀྱིས་ཐད་ཀར་ཁོང་ལ་དམིགས་མིན་གང་ལྟར་ཡང་ཁོང་འདིའི་དཔེ་མཚོན་ལེགས་ཤོས་ལྟ་བུ་འདུག་པས་སྨྲས་པ་ཡིན། སྤྱིར་ཁོང་ཉིད་ཀྱིས་སྐུ་ཚེ་གང་པོ་ཕྱག་ལས་མང་པོ་གནང་བ་ཡོངས་གྲགས་ཡིན་ཀྱང་བསྟོད་རྒྱུ་ཧ་ཅང་མང་དྲག་ན་དོན་རྒྱུ་མར་མ་དོན་པར་མི་དོན་རྒྱུ་བཙོག་པ་དོན་རྒྱུའི་ཉེན་ཁ་ཡོད་རེད། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་བཀའ་བློན་ཁྲི་པའི་ལས་འཁུར་དམ་འབུལ། ༧ གོང་ས་མཆོག་གི་སྐུ་དབང་མངས་ཚོགས་ཀྱིས་འདེམས་པའི་དབུ་ཁྲིད་ཁག་ལ་རྩིས་སྤྲོད་ལྟ་བུ་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཇི་ལྟར་ཆེ་ཡང་སྐབས་དེ་དག་ཏུ་ཁ་བརྡའི་དྲ་ངོགས་ཡོངས་སུ་མ་ཁེངས་པར་བློ་བུར་དུ་བླ་མིང་ཡོད་པའི་གཞུངས་ཞབས་ཟུར་པ་ཞིག་གི་སྐུ་ཚེ་མ་ཟིན་པ་དང་འབྲེལ་ནས་དྲ་ངོས་ཡོངས་སུ་ཟོལ་བསྟོད་དང་བདེན་དོན་འདྲེས་མའི་ཚིག་ཕྲེང་གིས་ཡོངས་སུ་བཀང་འདུག་པ་འདི་ཅུང་ཟད་མིག་ལ་མི་འཛེས་པ་འདྲ་ཞིག་ཡིན་ཀྱང་དྲ་བདག་དང་འདས་པོའི་བར་འབྲེལ་ལམ་ཟབ་ཅིང་དྲ་བའང་སྒེར་གཉེར་གྱི་ཡིན་སྟབས་འདི་ཙམ་ཞུ་ནུས་སུ་མ་མཆིས།
དྲྭ་རྒྱ་འདིར་སྒེར་གྱི་བསམ་ཚུལ་བགྲོ་གླེང་གཅིག་པུ་མིན་པར་ཁྲིམས་ལུགས་དང་ཁ་བརྡའི་རྩ་དོན་དང་མ་འགལ་ན་གང་གླེང་རང་དབང་ཡིན་པས་མི་བུའི་རང་དབང་ལ་བརྩི་འཇོག་བྱེད་དགོས་ དེ་མེད་ན་རྒྱ་མི་ལ་ངོ་རྒོལ་མ་བྱེད་ན་བཟང་།།