མཁོ་འདོན་པཿ གཅན་དཔལ་ལྡན།
ད་ལམ་བོད་མདོ་སྨད་གཅན་ཚ་བ་རྣམས་ཀྱིས། ༢༠༡༢ ཕྱི་ཟླ་ ༨ ཚེས་ ༣ བོད་ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན།གངས་ཅན་པ་རྣམས་ཀྱི་ཚེ་རབས་གཏན་གྱི་སྐྱབས་གནས་༸འཕགས་མཆོག་ཐུགས་རྗེ་ཆེན་པོ་༸གོང་ས་རྒྱལ་བའི་དབང་པོ་མཆོག་ལ་སྐྱབས་ཞུའི་གསོལ་འདེབས་སྔོན་དུ་བཏང་སྟེ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་སེར་སྐྱ་མང་ཚོགས་ལྷན་འཛོམས་ཐོག། སྤྱིར་སངས་རྒྱས་ཀྱི་བསྟན་པ་རྒྱས་པ་དང་འགྲོ་བ་བདེ་བ། ༸གོང་ས་མཆོག་གི་སྐུ་ཚེ་བརྟན་ཅིང་ཐུགས་བཞེད་འགྲུབ་པ། བོད་དོན་ཆེད་དཀའ་སྡུག་སྣ་ཚོགས་མྱངས་དང་མྱོང་བཞིན་པ་རྣམས་འཕྲལ་ཡུན་ཀུན་ཏུ་བདེ་བ། ཁྱད་པར་དུ་སྤྱི་ལོ་ ༡༩༩༨།༤།༢༧ ཉིན་དཔའ་བོ་ཐུབ་བསྟན་དངོས་གྲུབ་མཆོག་གིས་རང་ལུས་མེར་སྲེག་གནང་བ་ནས་ད་ལྟ་ལ་ཐུག་གི་བར་དུ། གཞིས་བྱེས་གཉིས་སུ་བོད་སྤྱི་པའི་དོན་དུ་རང་ཉིད་མེར་བསྲེགས་པ་དང་མཚོན་གྱིས་བསྣུན་པ། ཆུར་མཆོངས་པ། རྒྱ་དམར་གྱི་མེ་མདའི་འོག་ཏུ་དུས་ཆོས་སུ་གྱུར་པ་སོགས་རིས་སུ་མ་མཆིས་པའི་ཆོལ་གསུམ་བོད་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་དེ་དག་གི་ནང་མི་ཉེ་འབྲེལ་སོགས་ཀྱི་ཆེད་དུ་བསྔོ་སྨོན་མཆོད་འབུལ་སྟབས་བདེ་ཞིག་བཀོད་སྒྲིག་ཞུས་ཤིང། དེ་ལྟར་ཞུས་པའི་དགོས་དམིགས་ནི། གཙོ་བོར་མཆོག་གསུམ་རྒྱལ་བ་རྒྱ་མཚོར་ཐུགས་རྗེ་བསྐུལ་བ་དང་དཀར་ཕྱོགས་སྐྱོང་བའི་ཆོས་སྲུང་དམ་ལྡན་རྣམས་ལ་འཕྲིན་ལས་བཅོལ་ཏེ། གོང་ཞུས་འདོད་དོན་མ་ལུས་པ་མྱུར་དུ་འགྲུབ་པ་དང། ཞར་ལ་ཆོལ་གསུམ་གཞིས་བྱེས་སེར་སྐྱ་ཐམས་ཅད་དཔུང་གདང་མཉམ་འབྲེལ་དང་མཉམ་སྐྱིད་མཉམ་སྡུག་གི་འདུ་ཤེས་ཟབ་པ། དམ་ཚིག་འོ་ཆུ་གཅིག་འདྲེས་ཀྱི་རྣམ་པ་མཚོན་པ་སོགས་ཀྱི་ཆེད་ཁོ་ན་ལགས་ལ། གསོལ་འདེབས་སྐྱབས་ཐོ་ཞིབ་ཏུ་ཀློག་འདོད་ན། གཤམ་དུ་གཟིགས་འཚལ།
༄༅། །ཆོས་དབྱིངས་ཟད་པ་མེད་པའི་ཀློང་ནས་འགྲོ་ལ་ཐུགས་རྗེའི་སྤྱན་གྱི་གཟིགས་པ་སྐད་ཅིག་ཀྱང་འགག་པ་མེད་པ་ཕྱོགས་བཅུའི་རབ་འབྱམས་ཞིང་གི་རྒྱལ་བ་དེ་སྲས་རྣམས་དང། རིག་པ་དང་གྲོལ་བའི་ཡོན་ཏན་གྱིས་མངོན་པར་བརྒྱན་པ་༸རོང་ཆེན་བསྟན་པའི་སྒྲོན་མེ་སྐྱབས་རྗེ་༸ཀིརྟི་རིན་པོ་ཆེས་དབུས་པའི་འཕགས་མཆོག་དགེ་འདུན་གྱི་སྡེ་དང། མཐུ་སྟོབས་དང་འཕྲིན་ལས་མི་ཟད་པའི་གཏེར་དུ་གྱུར་པ་དཀར་ཕྱོགས་སྐྱོང་བའི་བསྟན་སྲུང་དམ་ཅན་མ་ལུས་པ་སོགས་སྐྱབས་གནས་དམ་པ་རྣམས་དང་གྲོགས་དན་འཕྲིན་ལས་ཀྱི་བདག་པོར་གྱུར་པ་བཅས་ཀྱི་སྙན་དབང་དགེ་ལེགས་གསེར་གྱི་འདབ་སྟོང་མངོན་པར་བཞད་པའི་དྲུང་དུ།
བོད་མདོ་སྨད་མཚོ་སྔོན་གཅན་ཚ་བ་ཡོངས་ནས་དད་པའི་ལག་ཟུང་གནས་གསུམ་དུ་བཀོད་དེ་གསོལ་བ་ཤུགས་དྲག་ཏུ་འདེབས་པའི་སྙིང་པོ།
དེ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕན་བདེ་མ་ལུས་པ་གང་ལས་འབྱུང་བའི་གཞི་དམ་པ་མཉམ་མེད་ཤཱཀྱའི་དབང་པོའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཚང་ལ་མ་ནོར་བ། བརྟག་ཐུབ་ཅིང་འཇུག་བདེ་བ། ཞུགས་ན་བསླུ་བའི་སྐབས་ཕྲ་མོ་ཙམ་ཡང་མི་མངའ་བ། ཐར་པ་འདོད་པ་རྣམས་ཀྱི་འཇུག་སྒོ་གཉིས་པ་མེད་པ། དུས་གསུམ་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ་ཆེན། སྲིད་ཞིའི་གདུང་བ་མ་ལུས་པ་སེལ་བའི་སྨན་མཆོག་དེ་ཉིད་ཇི་སྲིད་འཁོར་བ་མ་སྟོང་གི་བར་དེ་སྲིད་དུ་མཁའ་ཁྱབ་འགྲོ་བ་ཡོངས་ཀྱི་གསོས་སུ་དར་ཞིང་རྒྱས་ལ་གནས་པ་དང། རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་རང་གཟུགས་བསིལ་ལྡན་ཁ་བའི་ལྗོངས་ཀྱི་ལྷ་སྐལ་༸འཕགས་མཆོག་ཕྱག་ན་པདྨོ་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་དབུས་པའི་རིས་སུ་མ་མཆིས་པའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་ས་གང་ན་སུ་བཞུགས་པ་ཐམས་ཅད་ཞབས་ཟུང་རྡོ་རྗེའི་ཁམས་སུ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་དུ་འགྲུབ་པ་དང། བོད་ཀྱི་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་སེམས་གསུམ་ལ་ནག་ཕྱོགས་བདུད་སྡེའི་དཔུང་གི་གནོད་ཅིང་འཚེ་བའི་ངན་སྤྱོད་མི་བཟད་པ་ཕོག་པ་རྣམས་གཏན་བདེའི་ས་ལ་མྱུར་དུ་རེག་པའི་སྐྱབས་སྨོན་གྲོགས་དན་དང། ཁྱད་པར་དུ་ ༡༩༩༨།༤།༢༧ ཉིན་ནས་ད་ལྟ་ལ་ཐུག་གི་བར་དུ། བསིལ་ལྡན་ཁ་བའི་ལྗོངས་ཀྱི་སྣོད་བཅུད་རྒྱལ་བསྟན་རིག་གཞུང་སྐད་ཡིག་སོགས་ཆགས་འཇིག་གི་ཉེན་ཁ་ལས་ཡོངས་སུ་སྐྱོབ་པ་དང། གངས་ཅན་པ་རྣམས་ཀྱི་ཚེ་རབས་གཏན་གྱི་སྐྱབས་གནས་གཅིག་པུ་༸རྒྱལ་བ་དོན་གྱི་བདག་པོ་མཆོག་༸རང་གི་གདུལ་ཞིང་གངས་རིའི་ལྗོངས་སུ་ཞབས་ཟུང་བཀྲ་ཤིས་ཀྱི་རེ་ཁཱ་མྱུར་དུ་འགོད་པ། གཞིས་བྱེས་ལྷན་འཛོམས་ཀྱི་ཉི་མ་གངས་ཅན་ཁ་བའི་ལྗོངས་སུ་འཆར་བ། འཛམ་གླིང་སྤྱི་ལ་བདག་པའི་འགྲོ་བ་མིའི་ཡོངས་ཁྱབ་ཐོབ་ཐང་རྣམས་བོད་ས་ཡོངས་སུ་ལོངས་སུ་སྤྱོད་ཐུབ་པ་སོགས་དགོས་དམིགས་སྤྱི་བྱེ་སྣ་ཚོགས་ཀྱི་སླད་དུ། གཞིས་བྱེས་གཉིས་སུ་རང་གིས་རང་ཉིད་མེར་བསྒྲོན་པ་དང། མཚོན་བཏབ་པ། ཆུར་མཆོངས་པ་སོགས་གཞན་གནོད་ཡོངས་སུ་སྤངས་པའི་ཐབས་ཚུལ་ཉག་གཅིག་ལྷུར་བླངས་ཏེ་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་གཏོང་བ་ལ་ཅི་མི་སྙམ་པའི་སྙིང་སྟོབས་ཆེན་པོ་མངའ་བརྙེས་པ་རྒྱལ་གཅེས་ལྷག་བསམ་ཅན།
༡། ༡༩༩༨།༤།༢༧ དཔའ་བོ་ཐུབ་བསྟན་དངོས་གྲུབ། ལྡི་ལི།
༢། ༢༠༠༦།༡༡།༢༣ ལྷག་པ་ཚེ་རིང། སྦེང་ལོར།
༣། ༢༠༠༩།༢།༢༩ གྲྭ་བཀྲ་བྷེ། རྔ་པ།
༤། ༢༠༡༡།༣།༡༦ གྲྭ་བློ་བཟང་ཕུན་ཚོགས། རྔ་པ།
༥། ༢༠༡༡།༨།༡༥ གྲྭ་ཚེ་དབང་ནོར་བུ། རྟའུ།
༦། ༢༠༡༡།༩།༢༦ གྲྭ་བློ་བཟང་དཀོན་མཆོག། རྔ་པ།
༧། ༢༠༡༡།༩།༢༦ གྲྭ་བློ་བཟང་སྐལ་བཟང། རྔ་པ།
༨། ༢༠༡༡།༡༠།༣ གྲྭ་སྐལ་བཟང་དབང་ཕྱུག། རྔ་པ།
༩། ༢༠༡༡།༡༠།༧ ཆོས་འཕེལ། རྔ་པ།
༡༠། ༢༠༡༡།༡༠།༧ མཁའ་དབྱིངས། རྔ་པ།
༡༡། ༢༠༡༡།༡༠།༡༥ ནོར་བུ་དགྲ་འདུལ། རྔ་པ།
༡༢། ༢༠༡༡།༡༠།༡༧ ཨ་ནེ་བསྟན་འཛིན་དབང་མོ། རྔ་པ།
༡༣། ༢༠༡༡།༡༠།༢༥ གྲྭ་ཟླ་བ་ཚེ་རིང། དཀར་མཛེས།
༡༤། ༢༠༡༡།༡༡།༣ ཨ་ནེ་དཔལ་ལྡན་ཆོས་མཚོ། རྟའུ།
༡༥། ༢༠༡༡།༡༡།༤ ཤེས་རབ་ཚེ་རྡོར། ལྡི་ལི།
༡༦། ༢༠༡༡།༡༡།༡༠ གྲྭ་བོད་ཕྲུག། བལ་ཡུལ་མཆོད་རྟེན།
༡༧། ༢༠༡༡།༡༢།༡ བསྟན་འཛིན་ཕུན་ཚོགས། ཆབ་མདོ།
༡༨། ༢༠༡༢།༡།༦ གྲྭ་ཚུལ་ཁྲིམས། རྔ་པ།
༡༩། ༢༠༡༢།༡།༦ བསྟན་ཉི། རྔ་པ།
༢༠། ༢༠༡༢།༡།༨ སྤྲུལ་སྐུ་བསོད་བྷེ། མགོ་ལོག།
༢༡། ༢༠༡༢།༡།༡༤ བློ་བཟང་འཇམ་དབྱངས། རྔ་པ།
༢༢། ༢༠༡༢།༢།༨ རིག་འཛིན་རྡོ་རྗེ། རྔ་པ།
༢༣། ༢༠༡༢།༢།༨ བསོད་ནམས་རབ་ཡངས། ཁྲི་འདུ་ལབ་དགོན་པ།
༢༤། ༢༠༡༢།༢།༡༡ བསྟན་འཛིན་ཆོས་སྒྲོན། རྔ་པ།
༢༥། ༢༠༡༢།༢།༡༣ གྲྭ་བློ་བཟང་རྒྱ་མཚོ། རྔ་པ།
༢༦། ༢༠༡༢།༢།༡༧ གྲྭ་དམ་ཆོས་བཟང་པོ། ཐེམ་ཆེན།
༢༧། ༢༠༡༢།༢།༡༩ སྣང་གྲོལ། ཛམ་ཐང་རྔ་པ།
༢༨། ༢༠༡༢།༣།༣ ཚེ་རིང་སྐྱིད། རྨ་ཆུ།
༢༩། ༢༠༡༢།༣།༤ རིན་ཆེན། རྔ་པ།
༣༠། ༢༠༡༢།༣།༥ རྡོ་རྗེ། རྔ་པ།
༣༡། ༢༠༡༢།༣།༡༠ གྲྭ་དགེ་པེ། རྔ་པ།
༣༢། ༢༠༡༢།༣།༡༤ འཇམ་དབྱངས་དཔལ་ལྡན། རེབ་གོང།
༣༣། ༢༠༡༢།༣།༡༦ བློ་བཟང་ཚུལ་ཁྲིམས། རྔ་པ།
༣༤། ༢༠༡༢།༣།༡༨ བསོད་ནམས་དར་རྒྱས། རེབ་གོང།
༣༥། ༢༠༡༢།༣།༢༦ འཇམ་དཔལ་ཡེ་ཤེས། ལྡི་ལི།
༣༦། ༢༠༡༢།༣།༢༨ གྲྭ་བློ་བཟང་ཤེས་རབ། རྔ་པ།
༣༧། ༢༠༡༢།༣།༢༩ མགོན་པོ་རིག་འཛིན། བྲག་མགོ། (རང་སྲོག་མཚོན་གྱིས་བསྣུན་ཏེ་འདས།)
༣༨། ༢༠༡༢།༣།༣༠ གྲྭ་བསྟན་པ་དར་རྒྱས། རྒྱལ་རོང་ཚོ་བདུན་ཀིརྟིའི་དགོན་པ།
༣༩། ༢༠༡༢།༣།༣༠ གྲྭ་འཆི་མེད་དཔལ་ལྡན། རྒྱལ་རོང་ཚོ་བདུན་ཀིརྟིའི་དགོན་པ།
༤༠། ༢༠༡༢།༤།༢ དོན་འགྲུབ་ཕུན་ཚོགས། ཀོལ་ཀ་ཏ། (ཆུར་མཆོངས་ཏེ་འདས།)
༤༡། ༢༠༡༢།༤།༡༩ ཆོས་འཕགས་སྐྱབས། ཛམ་ཐང།
༤༢། ༢༠༡༢།༤།༡༩ བསོད་ནམས། ཛམ་ཐང།
༤༣། ༢༠༡༢།༥།༢༧ རྡོ་རྗེ་ཚེ་བརྟན། འབོ་ར།
༤༤། ༢༠༡༢།༥།༢༧ དར་རྒྱས། རྔ་པ།
༤༥། ༢༠༡༢།༥།༣༠ དཔའ་མོ་རི་ཀྱོ། ཛམ་ཐང།
༤༦། ༢༠༡༢།༦།༡༥ རྟ་མགྲིན་ཐར། གཅན་ཚ་རྫོང།
༤༧། ༢༠༡༢།༦།༢༠ ངག་དབང་ནོར་འཕེལ། རྔ་པ།
༤༨། ༢༠༡༢།༦།༢༠ བསྟན་འཛིན་མཁས་གྲུབ། ཁྲི་འདུ་རྫོང།
༤༩། ༢༠༡༢།༦།༢༧ བདེ་སྐྱིད་ཆོས་འཛོམས། སྐྱེ་རྒུ་གྲོང་ཁྱེར།
༥༠། ༢༠༡༢།༧།༧ ཚེ་དབང་རྡོ་རྗེ། འདམ་གཞུང་རྫོང།
༥༡། ༢༠༡༢།༧།༡༧ གྲྭ་བློ་བཟང་བློ་འཛིན། ཚོ་བདུན།
གཞན་ཡང་འདི་ལོའི་བོད་སྐྱོབ་བདེན་རྩོད་ཀྱི་ཞི་རྒོལ་རིམ་པའི་སྐབས་སུ་རྒྱ་དམག་གིས་དམར་གསོད་བཏང་བ།
༥༢། ༢༠༡༢།༡།༢༣ ནོར་པ་ཡོན་ཏན། བྲག་མགོ།
༥༣། ༢༠༡༢།༡།༢༣ ཟླ་བ་གྲགས་པ། གསེར་རྟ།
༥༤། ༢༠༡༢།༡།༢༣ པོ་པོ། གསེར་རྟ།
༥༥། ༢༠༡༢།༡།༢༦ ཨོ་རྒྱན། ཛམ་ཐང།
༥༦། ༢༠༡༢།༢།༩ ཡེ་ཤེས་རིག་གསལ། བྲག་མགོ།
༥༧། ༢༠༡༢།༢།༩ ཡེ་ཤེས་བསམ་འགྲུབ། བྲག་མགོ།
༥༨། ལོ་བརྒྱ་ཚང་གི་བུ། བྲག་མགོ།
༥༩། ༢༠༡༢།༣།༦ ཆོས་རིས་ མགོ་ལོག། ལ་སོགས་པ་རྣམས་ཀྱི་རིང་ནས་ཡིད་ལ་བརྣགས་པའི་རེ་བ་མཐའ་དག་ཡོངས་སུ་འགྲུབ་པ་དང། ཚེ་དང་ལྡན་པ་རྣམས་གཞན་སྡེའི་གནོད་ཅིང་འཚེ་བའི་ངན་སྤྱོད་མཐའ་དག་ལས་མྱུར་དུ་གྲོལ་བ། ཚེ་ལས་འདས་པ་རྣམས་ཚེ་རབས་ཕྲེང་བར་འཕགས་མཆོག་ཐུགས་རྗེ་ཆེན་པོས་མཉེས་བཞིན་རྗེས་སུ་བཟུང་སྟེ། ས་ལམ་མྱུར་བགྲོད་ཀྱིས་བྱང་ཆེན་རྒྱལ་བའི་གོ་འཕང་མཆོག་ལ་རེག་པ། ཤུལ་ལུས་ནང་མི་ལྟོས་བཅས་ཐམས་ཅད་ཀྱི་ལུས་སེམས་ལ་སྡུག་བསྔལ་གྱི་ཆ་ཕྲ་མོ་ཙམ་ཡང་མི་འབྱུང་བ་སོགས་དགོས་དོན་དུ་མའི་ཆེད་དུ་དམིགས་ཏེ། བླ་མ་མཆོད་པའི་ཚོགས་མཆོད་དང་འབྲེལ། ཞིང་མཆོག་རྒྱལ་བ་རྒྱ་མཚོར་མཆོད་འབུལ་ཅི་འབྱོར་དང། རྟེན་གཙོ་ཁག་ལ་སྙན་ཤལ། གྲྭ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་ ༡༠༠ རེ། འདུས་པ་རྒྱ་མཚོར་གསོལ་ཇ་དང་བཞེས་བག་བཅས་འབུལ་ལམ་ཞུ་བ་ལགས་ན། གོང་གསོལ་རེ་འབྲས་རྣམས་གེགས་མེད་མྱུར་དུ་འགྲུབ་པའི་ཐུགས་སྨོན་སྐྱབས་འཇུག་དང་གྲོགས་དན་འཕྲིན་ལས་ཅིས་ཀྱང་གནང་སྐྱོང་ཡོང་བར་མཁྱཻན་མཁྱཻན་མཁྱཻན་ཞེས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལགས།
བོད་མདོ་སྨད་མཚོ་སྔོན་གཅན་ཚ་བ་ཐུན་མོང་ནས་ལྷ་རེག་བཅས།
༢༠༡༢ ཕྱི་ཟླ་ ༨ ཚེས་ ༣ བོད་ཟླ་དྲུག་པའི་ཚེས་བཅུ་དྲུག།
༼གསལ་བཤད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་ངོས་ཀྱི་མཚན་གཞུང་གཞིར་བཞག་ཐོག། གོ་རིམ་ཅུང་ཟད་དཀྲུགས་ཏེ་བཀོད།༽
སྨོན་པ་ཙམ་གྱིས་དོན་འགྲུབ་དཀའ་ཡ། བྱ་བར་འཇུག་དགོས། བྱ་བ་རླབས་ཚེ་ཙམ་ཞིག་རྩོམ་རྒྱུ་མེད་དམ། ཉིན་ཤས་རྗེས་བཀའ་ཁྲི་ལོ་གཅིག་འཁོར་བའི་མཛད་སྒོ་དེ་གལ་མི་ཆེ་ལ་དེའི་ཚབ་དུ་བོད་ནང་མེར་སྲེག་གནང་མཁན་རྣམས་དང་བཙན་ཁང་ནང་ཡོད་པའི་དཔའ་བོ་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་ལས་འགུལ་ཛ་དྲག་ཞིག་སྤེལ་ན་མི་མཛེས་སམ།
ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །
དཀའ་བ་སྤྱད་པ་མེད་པར་ཡང་། །
ལྷ་བས་ལྷག་པའི་ལུས་ཐོབ་ནས། །
དེ་ཡང་སངས་རྒྱས་མྱུར་འགྲུབ་ཤོག །ཅེས་སློབ་དཔོན་ཞི་བ་ལྷའི་སྨོན་པ་བཞིན་སྨོན་ནོ།།
“ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་གྲངས་མང་། །
ཚེ་ཡི་ཚད་ལ་ཡུན་གནས་མི་འདུག་པས། །
ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །
རང་གི་འདོད་པ་དང་དུ་བླང་བར་བྱ། །,, ཞེས་པའི་ལེགས་པར་བཤད་པའི་གཏམ་གྱིས་མངོན་པར་བསྟོད་དོ།
ངག་དབང་ནོར་འཕེལ་ལགས་སྐུ་ལུས་མེ་སྲེག་བཏང་བའི་གནས་ཚུལ་ཐོན་སྐབས་ཁོང་ཨ་མདོ་རྔ་པ་ནས་ཡིན་སྐོར་གྱི་གནས་ཚུལ་ཐོན་ཡོད་ཀྱང་། ཉེ་ལམ་དུས་བབ་ཐོག་ངག་དབང་ནོར་འཕེལ་ལགས། གཉའ་ལམ་ནས་ཡིན་པའི་སྐོར་ཁོང་གི་ཨ་ཁུས་གསལ་བཤད་གནང་འདུག འོན་ཀྱང་ འདིར་ཡང་བསྐྱར་ཨ་མདོ་རྔ་པ་ནས་ཡིན་པ་བཤད་འདུག དེའི་སྐོར་གསལ་བཤད་ཡོང་བ་ཞུ། ངག་དབང་ནོར་འཕེལ་ལགས་སྐོར་དུས་བབ་ཀྱི་གནས་ཚུལ་གཤམ་དུ་བཀོད་ཡོད་པ་གཟིགས་གནང་ཞུ།
༤༧། ༢༠༡༢།༦།༢༠ ངག་དབང་ནོར་འཕེལ། རྔ་པ།
ངག་དབང་ནོར་འཕེལ་ལཊ་གཞིས་རྩེ་གཉའ་ལམ་ནས་རེད།
འདོན་སྤེལ། ༢༠༡༢/༠༧/༢༩
ཟླ་སྔོན་མའི་ཕྱི་ཚེས་ ༢༠ ཉིན་ཡུལ་ཤུལ་རྫ་སྟོད་གྲོང་བརྡལ་དུ་བོད་མི་ན་གཞོན་གཉིས་ཀྱིས་དུས་གཅིག་ལ་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་ཅིང་། མི་དེ་གཉིས་ལས་རང་ལོ་ ༢༢ ཡིན་པའི་ངག་དབང་ནོར་འཕེལ་ཞུ་བ་ཨ་མདོ་རྔ་པ་ནས་ཡིན་པའི་གནས་ཚུལ་འཐོན་ཡོད་ཀྱང་། ད་ལྟ་གསར་དུ་གནས་ཚུལ་ཐོན་པ་ལྟར་ན། ཁོང་ཨ་མདོ་རྔ་པ་ནས་མིན་པར་བོད་ལྗོངས་གཞིས་ཀ་རྩེ། གཉའ་ལམ་རྫོང་མིན་པོ་ཞང་ཁྲི་འདུ་སྡེ་བ་ནས་ཡིན་པ་གསལ་ཁ་བྱུང་ཡོད།
དེང་སྐབས་རྒྱ་གར་ངྷ་རམ་ས་ལར་གནས་སྡོད་ཉེ་སྔོན་རང་ལུས་མེར་བསྲེགས་གཏོང་མཁན་ངག་དབང་ནོར་འཕེལ་ལགས་ཀྱི་ཨ་ཕའི་སྤུན་ཆུང་བ་བསྟན་འཛིན་འཕེལ་རྒྱས་ཞུ་བ་ཞིག་གིས་ངོ་སྤྲོད་གནང་བ་ལྟར་ན། ༢༠༠༨ ཟླ་ ༡༡ པའི་ནང་ངག་དབང་ནོར་འཕེལ་ལགས་ཕ་ཡུལ་དང་ཁ་བྲལ་ཡོད་ཅིང་། སྐབས་དེ་ནས་བཟུང་ནང་མི་གཉེན་འབྲེལ་ཚོས་རྒྱུན་རིང་པོར་ཁོའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་ཀྱང་། ལོ་གཉིས་ཀྱི་རྗེས་སུ་ནང་ལ་ཁ་པར་ཐེངས་གཅིག་འབྱོར་ཏེ། ཁོང་ཁམས་ཕྱོགས་སུ་ཡོད་པ་དང་སྐུ་གཟུགས་བདེ་ཐང་ཡིན་པ་མ་ཟད། མི་འགྱང་བར་ཕྱིར་ཕ་ཡུལ་དུ་ཡོང་རྒྱུ་ཡིན་ཚུལ་སོགས་བརྗོད་ཡོད་འདུག
གནས་ཚུལ་ཁོ་སྤྲོད་པས་བརྗོད་དོན། “དེ་རིང་ཞོགས་པར་ངས་ཕ་ཡུལ་དུ་ཁ་པར་བཏང་སྟེ་ཕུ་བོ་ད་ལྟ་གར་ཡོད་དང་བདེ་འཚམས་བྲིས་སྐབས། ཕུ་བོ་ལྷག་པ་དོན་འགྲུབ་ད་ལྟ་མདོ་སྨད་མཚོ་སྔོན་ཞང་ཆེན་གྱི་སྨན་ཁང་ཞིག་ཏུ་ཡོད་པ་དང་། ཁོང་གིས་བུ་ངག་དབང་ནོར་འཕེལ་ཁམས་ཕྱོགས་ནས་བོད་དོན་ཆེད་རང་ལུས་མེར་བསྲེགས་བཏང་རྗེས་ད་ལྟ་ཟི་ལིང་གི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་ཀྱི་ཡོད་པར་ཐུག་འཕྲད་དུ་ཕྱིན་སོང་ཟེར” ཅེས་བརྗོད་འདུག
དེ་སྔོན་ངག་དབང་ནོར་འཕེལ་གྱིས་རང་གི་གྲོགས་པོ་ཞིག་ལ་གལ་དེ་ཁོང་བསྡད་མ་བསྡད་ཀྱི་གནས་ཚུལ་འདྲ་བྱུང་ཚེ་ཁོའི་ནང་མི་ལ་ལན་ཞིག་བསྐྱལ་རོགས་ཞེས་བརྗོད་ཡོད་སྟབས། གྲོགས་པོ་དེས་ངག་དབང་ནོར་འཕེལ་གྱི་ནང་དུ་ཁ་པར་བཏང་སྟེ་གནས་ཚུལ་བཤད་ཡོད་འདུག ཕ་ལྷག་པ་དོན་འགྲུབ་རང་གི་བུ་ལ་ཐུགས་འཕྲད་དུ་ཟི་ལིང་ལ་ཕྱིན་སྐབས། ཐོག་མར་དམག་མིས་ཐུག་བཅུག་མེད་ཀྱང་། ལྷག་པ་དོན་འགྲུབ་ཀྱིས་རང་གི་བུ་ངག་དབང་ནོར་འཕེལ་ཕ་ཡུལ་དང་ཁ་བྲལ་དེ་ལོ་མང་ཕྱིན་པ་དང་། ཁོས་རང་ལུས་མེར་བསྲེགས་བཏང་བ་ནང་མིར་འབྲེལ་བ་གང་ཡང་མེད་སྐོར་སོགས་བརྗོད་མཐར་ཕ་བུ་གཉིས་ཐུག་བཅུག་ཡོད་འདུག སྐབས་དེར་ངག་དབང་ནོར་འཕེལ་གྱིས་སྐད་ཆ་ཚིག་ཁ་ཤས་ཙམ་བཤད་ཐུབ་ཡོད་ཀྱང་། གཟུགས་པོའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཏེ་དབུགས་མ་ཆད་པ་ཙམ་ཆགས་ཡོད་འདུག
བསྟན་འཛིན་འཕེལ་རྒྱས་ལགས་ཀྱིས་བརྗོད་པ་ལྟར་ན། ཁོང་ཚོ་སྤུན་མཆེད་གསུམ་ཡོད་པའི་ནང་ནས་ཕུ་བོ་ལྷག་པ་དོན་འགྲུབ་སྤུན་ཆེ་ཤོས་ཡིན་ཞིང་། ཁོང་གི་བཟའ་ཟླའི་མིང་ལ་ཚེ་རིང་དབྱངས་ཅན་ཟེར་གྱི་ཡོད་ཚུལ་སོགས་བརྗོད་འདུག
ཤོག་ངོས་འདི་ཐེངས་ ༡༣༤༥ ལ་བཀླགས་འདུག
རིག་པ་འདོན་པ།
ངག་དབང་ནོར་འཕེལ་ལགས་ཁོང་གིས་ཉལ་སར་སྐད་ཆ་བཤད་པ་རྣམས་བརྙན་འཕྲིན་ཐུང་ཐུང་ཞིག་མཐོང་རྒྱུ་འདུག་པ་དེའི་ནང་ཨམ་སྐད་དམ་པོ་ཞིག་བསྐྱོན་གྱི་འདུག་པས་ང་ལའང་དོགས་པ་ཡོད།
ངག་དབང་ནོར་འཕེལ་ལགས་ཨ་མདོ་རྔ་བ་ནས་ཡིན་པ་གོང་གི་ཞལ་ཆེམས་གློག་བརྙན་ཐུང་བུ་ལས་ཤེས་ཀྱི་འདུག དེ་མིན་ཡུལ་ཤུལ་ས་ཁུལ་ལ་གཙང་སྟོད་ནས་མི་ཡོང་བ་ནི་ཧ་ཅང་དཀོན་པོ་ཡིན། ནམ་རྒྱུན་མགོ་ལོག་དང་རྔ་བའི་མི་རྣམས་ས་གནས་འདིར་སྡོད་མཁན་མང་ནི་རེད།
གོང་གི་དྲྭ་གྲོགས་གཉིས་ཀྱིས་གསུངས་པ་བཞིན་ངག་དབང་ནོར་འཕེལ་ལགས་གཞིས་རྩེ་གཉའ་ལམ་ནས་ཡིན་པའི་གནས་ཚུལ་ཐོན་སྐབས་ཁོང་གི་ཞལ་ཆེམས་བརྙན་ཐུང་དེའི་ནང་། ཨ་མདོ་པའི་སྐད་རྒྱག་གི་འདུག་པས། ང་ཡང་དོགས་པ་ཟོས་བྱུང་། འོན་ཀྱང་བསམ་བློ་ཞིབ་པར་གཏོང་སྐབས་ཁོང་ལོ་ཤས་ནས་མདོ་ཁམས་ཕྱོགས་སུ་ཕེབས་པས། མུ་མཐུད་གཉའ་ལམ་པའི་སྐད་བརྒྱབ་ནས་འཚོ་ཐབས་མེད། མདོ་ཁམས་ཀྱི་མི་དབུས་གཙང་དུ་འཚོ་བ་སྐྱེལ་མཁན་ཞིག་ཡིན་ཕྱིན་དབུས་གཙང་གི་སྐད་རྒྱག་གི་ཡོད་པ་དང་གཅིག་མཚུངས་རེད། ལར་ནས་ཞལ་ཆེམས་འཇོག་ཡུལ་དེ་མདོ་ཁམས་པའི་མི་ལ་དབུས་གཙང་སྐད་བརྒྱག་ན་ཆ་ཚང་གོ་ཐུབ་ཐབས་མེད་རྐྱེན། ཨ་མདོའི་སྐད་བརྒྱབ་པ་ཡིན་སྲིད། དེའི་ཐད། ངག་དབང་ནོར་འཕེལ་གྱི་ཨ་ཁུས་ད་དུང་གསལ་བཤད་གནང་དགོས་པ་འདུག