མྱི་ལྟིག
གཅིག
ནམ་རྒྱུན་གྱི་ཕྱག་སྲོལ་ལྟར་དུ།།
ངག་བདེ་མོས་སྒྲོལ་མ་གྱེར་ཞོར།།
ལུས་མཉེན་མོས་བརྐྱངས་ཕྱག་འཚལ་དུས།།
ལག་ཁ་པར་སིལ་སིལ་གྲགས་བྱུང་།།
ཆ་མ་འཚལ་རྣ་རྩར་བརླན་དུས།།
སྐད་འཇམ་པོས་ཁམས་འདྲི་བྱས་སོང་།།
སེམས་འཚབ་ཞོར་སུ་ཡིན་དྲིས་དུས།།
ལན་མ་བཏབ་གཞན་ཞིག་བཤད་ཀི།
ངོ་ཤེས་མིན་ཞོར་གྱིས་དྲིས་ཀྱང་།།
ཟླ་སྔོན་མར་གཙུག་ལག་ཁང་ནས།།
མཉམ་གཅིག་ཏུ་བསྡད་མྱོང་ཡོད་ཟེར།།
མྱིང་ངོ་མ་ཤེས་པས་མ་ཚད།།
སྒར་དགོན་པ་གང་ཡིན་ཤེས་འདུག།།
སེམས་འཁྲུག་ཞོར་བསམ་བློ་བཏང་རུང་།།
བན་སེར་མོ་ཞིག་ལས་མ་དྲན།།
དེ་ཡིན་རུང་མྱིང་ཡང་མི་ཤེས།།
ཁོ་ཡིན་མིན་ཤེས་འདོད་ཡོད་མོད།།
ངོ་ཚ་བས་ཡིན་མིན་མ་དྲིས།།
ཁ་མ་གྲགས་འཁུམས་ནས་ཡོད་དུས།།
ཁོའི་ཤག་རོགས་ནང་དུ་ཐོན་ཐལ།།
སང་དགོང་མོའི་དུས་ཚོད་འདི་ལ།།
ཡང་བསྐྱར་དུ་གཏོང་གི་ཡིན་ཟེར།།
ལན་མ་བཏབ་ཁ་པར་བཞག་ཐལ།།
སེམས་ཕྱི་ནང་དོག་པས་ཁེངས་ཐལ།།
གཉིས།
ལོ་ཕྱེེད་ཀ་ཇི་ལྟར་སོང་བ།།
ངེད་གཉི་ཀའི་སུས་ཀྱང་མ་ཤེས།།
ཐུག་འདོད་ཀྱི་རྦ་རླབས་འཕྱོ་རུང་།།
གཏམ་མྱི་ཁའི་རྦབ་རྡོར་ཞེད་ནས།།
ཇ་ཞིག་ཀྱང་མཉམ་འཐུང་བྱས་མེད།།
ངས་ཁོ་རང་དྲན་རབས་བཤད་ཞོར།།
ང་ཡིད་ན་ཡོད་མེད་དང་ནི།།
ངའི་ཆེད་དུ་ཅི་ཕོད་དྲིས་དུས།།
ཆོས་འདུལ་ཁྲིམས་འགལ་ཐུབ་ཟེར་ལ།།
གཟན་ཤམ་ཐབས་གཙབས་ཀྱང་ཐུབ་ཟེར།།
དོན་ཡོད་མེད་གཉི་ཀ་བཤད་མྱོང་།།
ཚིག་ཡག་རྩོག་གཉི་ཀ་བཤད་ཡིན།།
བཤད་བཤད་ཀི་ཁ་བརྡའི་གསེབ་ནས།།
ངོ་ཐུག་ན་འདོད་ཀི་ཤོར་ཐལ།།
ས་འདི་ན་ངོ་ཤེས་མང་རབས།།
དེའི་ནང་ན་གཉེན་ཉེ་མང་རབས།།
སེམས་གཏིང་ནས་ཐུག་འདོད་ཡོད་ན།།
འུ་གཉི་ཀ་༡མུ་ན་ལེ་ལ།།
མཉམ་གཅིག་ཏུ་སོང་ན་ཆོག་ཟེར།།
ཞེ་གཏིང་ནས་དགའ་ནི་ཞིག་རེད།།
འདང་བརྒྱབ་ན་འཚབ་ནི་ཞིག་རེད།།
གསུམ་པ།
ས་སྐྱིད་པོ་མ་ན་ལེ་རེད།།
ཞེ་སྣང་བ་བར་སྣང་ཁམས་རེད།།
མཉམ་གཅིག་ཏུ་ཁ་བརྡ་བྱས་དུས།།
སེམས་རྨང་ནས་འདར་གྱིན་འདུག་མོད།།
ཞེ་གཏིང་ནས་དགའ་ནི་ཞིག་རེད།།
ས་རུབ་ནས་མུན་རྩ་ཟིན་དུས།།
སེམས་རྒོད་པོ་ལྡིག་ལྡིག་བྱེད་ཀི།
ངེད་གཉིས་ལ་སྐད་ཆ་ཉུང་གི།
གཅིག་གཅིག་ལ་འཛེམ་དོགས་ཇེ་ཆེ།།
དོན་མེད་ལ་དངན་པ་འཐེན་ཞོར།།
འཛུམ་ལངས་ཞོར་ཁོང་དགོད་བྱེད་ཀི།
གོས་དམར་པོ་གཙང་མ་ཡིན་ལ།།
ལུས་འདོམ་གང་ལྷད་མེད་ཡིན་རུང་།།
སེམས་བསམ་པར་འདྲ་མིན་ལོས་ཤར།།
འདང་ཞེ་རྩིས་ཇེ་ཆེ་ཇེ་ཆེ།།
ངེད་གཉི་ཀ་ཇེ་ཉེ་ཇེ་ཉེ།།
མཚན་གུང་གི་རྨི་ལམ་ནང་ནས།།
བགེགས་བར་ཆད་མེད་ཀི་སྨོན་ལམ།།
སང་ནངས་མོ་ཉི་ཤར་དུས་ལ།།
སྔར་བཞིན་དུ་ཡོད་པའི་སྐྱབས་འཇུག།
བཞི།
མགོ་སྔས་ལ་བཞག་ནས་ཡོད་དུས།།
ཁམས་དྭངས་མིན་སྐད་ཆ་དྲིས་སོང་།།
མགོ་རུམ་དུ་བསྡུ་བའི་བར་ནས།།
ལན་མ་བཏབ་ཁོ་ལ་དྲིས་དུས།།་
ང་ལོས་སྐྱིད་རེ་བ་རེད་ཟེར།།
སྒུག་སྒུག་གི་ཉི་མ་རེད་ཟེར།།
ང་གློ་བུར་དངངས་འདར་བརྒྱབ་སོང་།།
འཕྲོར་ཅི་བཤད་སྒུག་ནས་ཡོད་དུས།།
ཁྱོད་ཨེ་འགྱོད་དྲང་མོར་ཤོད་ཟེར།།
ངའི་མཉམ་དུ་ཨེ་འཐད་ཟེར་བྱུང་།།
ཚེ་གཅིག་ལ་འགྲོགས་ན་ཅི་འགྱོད།།
དོན་དམ་པས་བཤད་ན་ལོས་འཐད།།
ངའི་སྐད་ཆ་མ་རྫོགས་སྔོན་ལ།།
ཁ་མ་གྲགས་ནུར་ཏེ་སོང་ནས།།
གློག་དཀར་པོ་འཚུབ་སེ་བཏང་སྟེ།།
མཆུ་ནེམ་པོས་ཁ་ཞིག་སྦྱར་བ།།
ཤ་བརྒྱུད་དེ་རུས་ལ་འཐིམས་ཐལ།།
རུས་གསེང་ནས་སྐག་སེ་སོང་འདྲ།།
༡ ས་བབ་བོད་དང་མཚུངས་པའི་རྒྱ་གར་གྱི་ས་ཆ་ཞིག
ཡག་པོ་བྲིས་འདུག དེ་གསང་བ་ཞིག་མིན་པར་སྨོན། ཧ་ཧ་ཧ་ངས་ཅིག་གོ་ཡོད་ད། ཨ་ལ་ཀུ་རེ།
རོགས་མཐུན་སྐྱིད་པོ་ཞིག་བྲིས་འདུག
འདི་མོ་རོགས་མཐུན་ཟིག་ད་ཡོད་ཐ་ར། བླ་མ་ཟིག་ར་ཞི་མོ་ཟིག་གི་སྐོར། ད་དུང་གློག་བརྙན་ཟིག་ག་བཟོས་ཡོད་ཁུ། ཡིན་ན་ར་ང་ཀླད་རྡིབ་བྱུང་ངས་ད་མྱིང་མི་དྲན་གི
སེམས་ཀྱི་འཆར་སྣང་ཙམ་ཡིན་རྒྱུ་རེད། དངོས་གནས་མིན་པའི་སྨོན་ལམ་འདེབས།
མ་ནྰ་ལི།
མ་ནྰ་ལི་ཡི་ས་ཕྱོགས་ནི།
ས་ཆ་བོད་དང་ས་འབྲེལ་རེད། །
གར་ཞྭ་འཕགས་པའི་ཡུལ་དང་ཉེ། །
ཀུ་ལུ་ཏ་ཡི་གནས་ཀྱང་ཡོད། །
བཞུགས་སྒར་རྡ་སའི་ལ་རྒྱབ་དང་། །
མཎཌའི་མཚོ་དང་ཐག་མི་རིང་། །
རྩེ་ལ་གངས་རི་རྟག་ཏུ་མཐོང་། །
བར་ལ་རྫ་བྲག་མང་པོ་འདུག །
གཤམ་ལ་སྤང་རི་སྔོན་ལྗང་ཡོད། །
གཞུང་ལ་ཆུ་ཆེན་གཙང་པོ་རྒྱུགས། །
ཤིང་ནགས་མཐུག་པོས་ས་ཀུན་ཁྱབ། །
གནས་དེ་ཤིན་ཏུ་མཛེས་ལ་སྐྱིད། །
ལོ་ངོ་སུམ་ཅུའི་རྒྱུས་ཡོད་པས། །
འགྲོ་ན་འགྲོ་སོང་གཏོང་འོས་འདུག །
དཔེ་སྐྱིད་པོ་བྲིས་འདུག གྲྭ་པ་དང་ཨ་ནེ་སྡེབ་ན་ལྟ་སྤྱོད་མཐུན་ནས་སྐྱིད་པོ་འདུག་ཟེར་མང་པོ་ཞིག་ཅ་ཅོ་སྒྲོགས་གི་འདུག་པ་ལྟར་ཁྱེད་ཀྱང་འཇིག་རྟེན་མཐུན་འཇུག་ལ་རྟེན་འབྲེལ་དགའ་ཚོར་ཡོད།
དངོས་གནས་་ཡིན་ན་འདྲ་་་་་་་་བརྩམ་སྒྲུང་ཡིན་ཀྱང་འདྲ་་་་་་་་གང་ལྟར་ད་དུང་མུ་མཐུད་ནས་ཅུང་བྱེད་འབྲི་ན་སེམས་ལ་གཡོ་མགུལ་ཐེབས་ངེས་་་་་་་་་་་་་་་་་་་་་་་་
སེམས་བསམ་པའི་གཏིང་ནས་བྲིས་ནོ་ཡག་གི་ཟེར་གི་ཡོད། ཆུང་ཆུང་སྐབས་སྒྲ་སྒམ་བརྒྱུད་ནས་གླུ་བ་ཚོས་འདི་འདྲ་མང་པོ་བླངས་པ་གོ་མྱོང་་་་་
དངོས་གནས་ཡག་པོ་འདུག ད་དུང་མཇུག་ནས་མང་ཙམ་ཡོད་ན་སྙམ་པ་ཞིག་བྱུང་།
སྲོལ་རྒྱུན་སྙན་ངག་ལའང་བོད་གདོད་མའི་ལུགས་དང་མེ་ལོང་མའི་ལུགས་གཉིས་སུ་དབྱེ་ན་དང་པོའི་ཁོངས་སུ་གཏོགས་པ་ཞིག་རེད་འདུག་ བུད་མེད་རྩོམ་པ་པོ་མང་དུ་དང་སྤུས་དག་ཏུ་རེད་འདུག་པས་རྩོམ་རིག་སྒྱུ་རྩལ་ལ་རེ་བ་ཆེན་པོ་ཞེ་དྲག་འདུག་ ཐུགས་རྗེ་ཆེ་།།
མ་ཟད་གོང་དུ་འགའ་རེས་བཤད་པ་ལྟར་ཚོར་བ་དང་འབྲེལ་བ་རེད་འདུག་པས་གནའ་དེང་ཟུང་རྩོམ་རེད་ཟེར་ཡང་མ་བདེ་བ་མིན་འདུག་
འོ་ཙེ་་་་་ལེའུ་གཉིས་པ་སྒུགས་ནས་ཡོད། གང་མགྱོགས་མགྱོགས་ཡིན་ད་་་་་
ལེའུ་གཉིས་པ་མེད་ན་བཟང་། རྒྱུ་མཚན་ནི་མཇུག་ཏུ་ཧོར་གླིང་གཡུལ་འགྱེད་མ་གཏོགས་མེད།