ཨ་དམར་པོ།
མ་བཏབ་སྤང་ལས་བརྡོལ་བའི་རྩི་ཏོག་མིན། །
མ་བསྙོར་གྱང་རྩར་འབུས་པའི་ལྡུམ་བུ་མིན། །
མ་བདག་ས་ན་འགྲིལ་བའི་སྡོང་ལོ་མིན།
རིགས་རྒྱུན་འབུམ་གྱིས་གཉེར་བའི་ལོ་རྒྱུས་ཡོད། །
རྨོད་དོར་དར་མས་ཐོང་གཤོལ་མཇེ་ཡིས་བསྣུན། །
ས་དཀར་བུ་མོའི་སྟུ་སྲུབས་ལྷོད་ཀྱིས་ཕྱེ། །
ལས་རླུང་ཞིང་བས་སོན་ཀྱི་རྣམ་ཤེས་བཅུག །
ཞིང་ས་གཤིན་པོའི་མངལ་ལ་དེ་ལྟར་སྦྲུམ། །
དཔྱིད་དཔལ་སྒེག་མོའི་ཆབ་ཀྱིས་ལུས་ཟུངས་བརླན། །
དབྱར་གཞུང་འོད་ཀྱིས་སྲོག་གི་དྲོད་ཁོལ་བསྐྱེད། །
སྟོད་རླུང་བསིལ་མོས་བཅུད་ཀྱི་དཔལ་ཡོན་གསོས། །
སོ་ནམ་རིག་པའི་ལོ་རྒྱུས་གསེབ་པས་འཁྲུངས། །
སྔོ་ལྗང་སྨྱུ་གུའི་ལང་ཚོ་མཐོ་རུ་འཕུར། །
རོ་ནུས་རྩལ་དགུའི་ཁ་སྟབས་རྩེ་རུ་ཕྱིན། །
བྱུ་དམར་ཡལ་ག་ནར་མོའི་གཟུགས་སུ་བརྫུས། །
གངས་རིའི་མུ་ཁྱུད་བརྒལ་བའི་ལག་ཁྱེར་རེག །
ལ་ལས་ཐུག་སྡོར་རྒྱལ་བོའི་བློན་དུ་བསུས། །
འགའ་ཡིས་གཅོང་ནད་གྲང་མོའི་སྨན་དུ་བསྟེན། །
ཁ་ཅིག་ཁེ་གྱོང་གཉེར་བའི་ཟོང་དུ་བསྒྲིགས། །
གདུག་རྩུབ་མཚོན་གྱི་རོ་ནུས་སུ་ཡིས་རྟོགས། །
དང་པོ་སྲེད་ཞེན་བུ་ཆུང་གཉིེད་ལས་དཀྲོགས། །
གཉིས་པ་ཁ་ལྕེ་གསར་པ་ཚ་བས་བསྲེགས། །
གསུམ་པ་བཤང་སྒོའི་ནང་ཤར་ཚ་ཟུག་བསླངས། །
ཐ་མར་སྦྲང་ནག་བླུན་པོའི་མཆུ་ཡང་སྦགས། །
ས་ཆེན་མཆིན་པའི་བཞིན་པ་རྨ་བཤུལ་བཞག །
ཁྲོམ་ཆེན་སྲང་མདའི་རྩེ་ལ་གཡོ་སྒྱུ་ལུད། །
ནང་ཁྲོལ་རྒྱུ་མའི་ཁུག་པར་ན་ཟུག་བསླངས། །
ཁྱོད་ཀྱི་ལོ་རྒྱུས་གསང་བ་ཅི་འདྲའི་ནག །
ཞིང་བདག་ཨ་ཕའི་གདོང་ལ་གཉེར་མ་བྱིན། །
བཀད་སའི་བདག་མོའི་ཕྱག་ལ་རྩེ་གྲུ་བཙུགས། །
ཡ་ཁོག་གློ་སྙིང་གསེབ་ལ་སྐྲན་ཞིག་བཟོས། །
ཁྱོད་ཀྱི་མཛད་རྗེས་དམར་མོ་ཅི་འདྲའི་སྡུག །
ལུས་ཕུང་རིད་ཀྱང་ཚ་བོའི་རྣོ་ངར་མཐོ། །
ཁ་དོག་མཛེས་ཀྱང་ནང་རོལ་སྙིགས་མས་ཁེངས། །
ཆུ་ལ་བརྡུང་ཀྱང་དུག་གི་ཞུ་རྗེས་ནག།
རོ་ནུས་ཞུ་གསུམ་རྫོབ་པའི་དམིགས་དོན་ཅི། །
ཁྱོད་ཀྱི་ཕོ་བ་གྲི་ཆུང་རྣོ་པོས་གཤགས། །
ཁྱོད་ཀྱི་ནང་ཁྲོལ་མཛུབ་ཆུང་ལྔ་ཡིས་ཕྱུང་། །
ཁྱོད་ཀྱི་བེམ་རོ་ཚ་མོའི་སྣུམ་པ་བསྲེགས། །
འོན་ཀྱང་ཁྱོད་ཀྱི་གདུག་རྩུབ་འདི་ལྟར་རྣོ། །
དམར་བོའི་ཚ་བའི་དྲག་རྩལ་གང་ནས་བསླབས། །
རྩུབ་སྤྱོད་ངན་པའི་གོམས་གཤིས་གང་ནས་ལོབས། །
བདེན་ཞེན་རུས་པའི་དྭངས་མ་གང་ནས་བོར། །
སྔོ་ཚོད་སྤྱི་ཡི་ཐོབ་ལ་སྡང་དོན་ཅི། །
སྒྲུབ་སྡེ་བརྒྱད་ཀྱི་ཟོར་རྩེ་ཁྱོད་ལ་སྐོར། །
སྨོན་ལམ་ལོག་པའི་དམ་སྲི་ཁྱོད་ལ་འཁོར། །
དྲག་སྔགས་དམོད་མོའི་མདའ་རྩེ་ཁྱོད་ལ་གཏད། །
ཀྱེ་མ་ཀྱི་ཧུད་ཅི་འདྲའི་ཀླ་ཀློ་ཞིག །
རང་དོན་སྐྱོན་གྱིས་གོས་པ་མེད། །གཞན་དོན་ཡོན་ཏན་མ་ཚང་མེད། །ཕྱི་རྒོལ་བདུད་ཀྱིས་ཚུགས་པ་མེད། །
སྐྱོན་མེད་ཁྱོད་ལ་གུས་པས་འདུད། །ང་དང་ཁྱོད་མེད་སེམས་ཀྱང་མེད། །རྣམ་རྟོག་མེད་ཅིང་འཁྲུལ་བ་མེད། །
དེས་ན་འཁོར་བ་ག་ལ་ཡོད། །དེས་ན་ཀུན་རྫོབ་བདེན་པ་མེད། །དེ་མེད་དོན་དམ་ག་ལ་ཡོད། །དེ་གཉིས་མེད་ན་
འཁོར་འདས་མེད། །ཐམས་ཅད་མེད་པ་འཕྱམ་གཅིག་ལ། །ལས་འབྲས་ཡོད་པ་གད་མོའི་གནས། །སྐྱེ་བ་སྔ་ཕྱི་ག་ལ་ཡོད། །དེ་མེད་དམྱལ་ཁམས་ག་ལ་ཡོད། །འཐོབ་བྱའི་ལྷ་གནས་ག་ལ་ཡོད། །རྩོད་བྱའི་གྲུབ་མཐའ་ག་ལ་ཡོད། །
བླ་མ་སློབ་མ་ག་ལ་ཡོད། །ལྟ་བ་བཟང་ངན་ག་ལ་ཡོད། །རྟོགས་པ་མཐོ་ལོས་ག་ལ་ཡོད། །ཧ་ཧ་མེད་ལྟའི་མདོག་
ལ་ལྟོས། །ཡོད་མིན་མེད་མིན་གདོང་ལ་ལྟོས། །འགལ་བའི་ཁུར་གྱིས་གནོན་ལ་ལྟོས། །སྟོང་ཉིད་རྟོགས་པས་ཀུན་
རྫོབ་བཀག །ཀུན་རྫོབ་རྟོགས་དུས་དོན་དམ་ཁེགས། །གཉིས་ཀ་འཛོམས་པའི་དུས་ཤིག་མེད། །ཟུང་འཇུག་ཟེར་
བ་མགོ་སྐོར་ཡིན། །
འདི་ལ་མཆན་འདེབས་མཁན་མེད་ལུགས་ལ་བལྟས་ན་ངའི་རིགས་པ་དཀྱི་ལི་མ་འདི་ཙམ་ལ་ཡང་ལན་གྱིས་
འཕོངས་པ་ལོས་ཡིན། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་