རྡོ་རྗེ་རྒྱལ་མཚན།
ཉེ་ཆར་སློབ་གྲྭའི་དགེ་རྒན་ཞིག་གིས་སློབ་གྲྭ་བ་རྣམས་ལ་”སུམ་ཅུ་པར་བདག་སྒྲ་ཕྲད་རང་དབང་ཅན་དུ་བསྟན་པ་དང་། ལེགས་བཤད་ལྗོན་དབང་དུ་གཞན་དབང་ཅན་ཡིན་པར་བསྟན་པ་གཉིས་འགལ་མེད་དུ་གྲུབ་”ཅེས་པའི་དྲི་བ་ཞིག་གནང་འདུག་པ་དེ་སློབ་གྲྭ་བ་བརྒྱུད་དེ་ཁོ་བོའི་ལག་ཏུ་འབྱོར་བྱུང་བར་བརྟེན་ཞིབ་འཇུག་བྱས་ཁུལ་གྱིས་བྲིས་ཡོད་པའི་གཤམ་གྱི་རྩོམ་ཡིག་ལ་མཁས་པ་མགུ་བའི་ཡོན་ཏན་མེད་ཀྱང་བོད་ཀྱི་བརྡ་སྤྲོད་པའི་རིག་གཞུང་ལ་བློ་ཁ་ཕྱོགས་པའི་བདག་འདྲའི་བློ་གསར་རྣམས་ལ་ཕན་པའི་ཆ་རེ་ཡོད་སྲིད་པས་ཁ་བརྡ་ལ་ཕུལ་ཡོད་པ་བཞིན་རྒྱ་ཆེའི་མི་མང་ཡོངས་ནས་དགྱེས་གཟིགས་ཡོང་བའི་རེ་བ་ཞུ་ཞུ།
རྩ་བ་ངོས་བཟུང་བ།
བདག་སྒྲའི་རྩ་བ་ནི། སུམ་ཅུ་པར། གང་མིང་གི་ནི་མ་མཐའ་ན། །པུ་ལིངྒ་ཡི་སྒྲ་མེད་པ། །དེ་ལ་པུ་ལིངྒ་སྦྱར་ན། །བདག་པོའི་སར་ནི་ཤེས་པར་བྱ། །ཞེས་དང་། ལྗོན་དབང་དུ། ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་ག་ད་ན། །བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་མཐར། །བདག་སྒྲ་ཡར་འགྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་པས་བསྟན།
མཁས་པ་སོ་སོའི་བཞེད་པ། སུམ་ཅུ་པའི་ནང་གི་བདག་སྒྲའི་རྩ་བ་དེ་ལ་འགྲེལ་བྱེད་མཁས་པ་རྣམས་ཀྱི་བཞེད་ཚུལ་མི་འདྲ་བ་དུ་མ་བྱུང་སྟེ། དེ་ཡང་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་[1]པུ་ལིངྒ་ཞེས་པ་སྐྱེས་བུའི་རྟགས་སུ་བཀྲལ་ཅིང་། བདག་སྒྲའི་ཕྲད་ཡིན་ན་བདག་པོའི་དོན་སྟོན་ནུས་པ་དང་ཕོ་རྟགས་མཚོན་བྱེད་ཀྱི་ཡི་གེ་ཞིག་ཡིན་དགོས་པར་འདོད། དེས་ན་སི་ཏུའི་ལུགས་ལ་བདག་སྒྲའི་ཕྲད་པ་དང་པོ་གཉིས་ཁོ་ནར་བཞེད་དོ། །
དངུལ་ཆུ་དྷརྨ་བྷ་དྲས་[2]པུ་ལིངྒ་ཞེས་པ་པ་སྡེའི་རྟགས་ཀྱི་དོན་དུ་བཟུང་ཞིང་བདག་སྒྲའི་ཕྲད་པ་པོ་བ་བོ་མ་མོ་དྲུག་ཡིན་པར་གསུངས། ལེགས་བཤད་ལྗོན་དབང་གི་རྩོམ་པ་པོ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ནི་དངུལ་ཆུ་དྷརྨ་བྷ་དྲའི་དངོས་སློབ་ཡིན་པར་བརྟེན་ལེགས་བཤད་ལྗོན་དབང་དུ་བདག་སྒྲའི་ཕྲད་དྲུག་ཏུ་གསུངས་པ་ཡང་དངུལ་ཆུ་དྷརྨ་བྷ་དྲའི་དགོངས་པ་ལ་གཞི་བཅོལ་བ་ཡིན་པར་ངེས། དེང་སང་བོད་ཀྱི་རིག་གཞུང་ལ་མཁས་པར་གྲགས་པའི་ཨ་ལག་ཚེ་བརྟན་ཞབས་དྲུང་མཆོག་གིས་ཀྱང་བདག་སྒྲའི་ཐད་ལ་དངུལ་ཆུ་དྷརྨ་བྷ་དྲའི་རྗེས་སུ་འབྲངས་རྒྱུ་ཡིན་པར་[3]ཞལ་བཞེས་གནང་འདུག།
མཐའ་དཔྱད་པ།
༡༽དེ་ཙམ་གྱིས་བདག་སྒྲའི་སྐོར་གྱི་མཁས་པ་སོ་སོའི་བཞེད་པ་རྣམས་མདོ་ཙམ་ཞིག་ངོས་བཟུང་ཟིན་པའི་དབང་དུ་བཏང་ནས། དེ་དག་ལ་དཔྱད་པ་ནི། ཐོག་མར་པུ་ལིངྒའི་སྒྲ་དོན་འགྲེལ་བཤད་ལ་དཔྱད་ན། སི་ཏུས་པུ་ལིངྒ་ཞེས་པ་སྐྱེས་བུའི་རྟགས་ཀྱི་དོན་དུ་བཀྲལ་ཞིང་། སྐྱེས་བུའི་རྟགས་ཞེས་པ་ཡང་སྐྱེས་བུའི་མཚོན་བྱེད་དུ་གོ་བས། འདིར་ཡང་བོད་ཡུལ་དུ་ཡོངས་སུ་གྲགས་པ་ལྟར་སྐྱེས་པ་མཚོན་བྱེད་ཀྱི་ཡི་གེ་པ་དང་པོ་གཉིས་སུ་ངོས་འཛིན་དགོས་པར་གསུངས། དངུལ་ཆུ་དྷརྨ་བྷ་དྲས་ལེགས་སྦྱར་གྱི་གཞུང་རྣམས་སུ་པུ་ཞེས་པ་པ་སྡེ་ལ་བཀྲལ་ཡོད་པར་གཞི་བཅོལ་ནས་པ་སྡེའི་རྟགས་ཀྱི་དོན་དུ་བཀྲལ་ཞིང་དེའི་དོན་ཅན་གྱི་བདག་སྒྲའི་ཕྲད་པ་སྡེའི་ནང་གི་ཕོ་རྟགས་པ་དང་པོ། མ་ནིང་གི་རྟགས་བ་དང་བོ། མོ་རྟགས་མ་དང་མོ་བཅས་དྲུག་ཏུ་བཞེད། ཚེ་བརྟན་ཞབས་དྲུང་གིས་ནི་དངུལ་ཆུའི་རྗེས་སུ་འབྲངས་ཏེ་བདག་སྒྲའི་ཕྲད་དྲུག་ཏུ་བཞེད་ཀྱང་པུ་ལིངྒའི་སྒྲ་དོན་འགྲེལ་བཤད་ཀྱི་ཐད་དུ་གཉིས་ཀའི་ལུགས་ལྟར་བྱས་ཤིིང་། མིང་བརྡ་གཅིག་ལ་དོན་ཐ་དད་པར་བཀྲལ་ནུས་པ་ནི་མཁས་པའི་ཁྱད་ཆོས་ཡིན་[4]གསུངས། དེ་ལ་དཔྱད་ན་ཁོ་བོས་ནི། སུམ་ཅུ་པར་བདག་སྒྲ་བསྟན་པའི་དེ་མ་ཐག་པར། གང་མིང་གི་ནི་ཡ་མཐའ་ན། །སྟྲི་ལིངྒ་ཡི་སྒྲ་མེད་པ། །དེ་ལ་སྟྲི་ལིངྒ་སྒྲ་སྦྱར་ན། །དགག་པའི་གནས་སུ་ཤེས་པར་བྱ། །ཞེས་དགག་སྒྲ་བཤད་ཡོད་ཅིང་། དེའི་སྐབས་ཀྱི་སྟྲི་ལིངྒ་ནི་མོ་རྟགས་སམ་བུད་མེད་ཀྱི་རྟགས་སུ་བཀྲལ་བ་ལ་ཕྱོགས་སྔ་ཕྱི་གཉིས་ཀ་ཞལ་མཐུན་པས། པུ་ལིངྒའི་དོན་ཡང་སྐྱེས་པའི་རྟགས་སུ་བཀྲལ་བ་ལ་ཆེས་འོས་ཤིང་འཐད་པར་མཐོང་ངོ་། །དེ་ཡང་ཡིན་ཏེ་མིང་གང་ཡང་རུང་བའི་མཐའ་མར་སྔོན་མེད་པའི་སྐྱེས་པའི་རྟགས་ཀྱི་ཡི་གེ་གསར་དུ་སྦྱར་བ་ན་བདག་པོའི་སྒྲ་རུ་འགྱུར་ཞིང་། མིང་གང་ཡང་རུང་བའི་ཐོག་མར་བུད་མེད་ཀྱི་རྟགས་ཀྱི་ཡི་གེ་གསར་དུ་སྦྱར་བ་ན་དགག་སྒྲ་རུ་འགྱུར་རོ་ཞེས་བཤད་པས། བདག་སྒྲ་དང་དགག་སྒྲའི་དོན་རགས་ཙམ་ཞིག་བདེ་བླག་ཏུ་གོ་ནུས་པའི་ཕྱིར་རོ། །བདག་སྒྲ་དང་དགག་སྒྲ་ལྷན་དུ་བཤད་དགོས་པའི་རྒྱུ་མཚན་ཡང་དེ་ལ་ཐུག་གོ། དེས་ན་སི་ཏུའི་དགོངས་པ་ནི་ཐུ་མིའི་དགོངས་པ་རྨ་མེད་པ་དང་གཅིག་ཤོས་ནི་དེ་ལས་ལྡོག་པའོ་ཞེས་བརྗོད་པ་ལ་ཡིད་གཉིས་དགོས་པ་ཅང་མ་མཆིས་ཏེ། དངུལ་ཆུ་དྷརྨ་བྷ་དྲ་རང་ཉིད་ཀྱིས་ཀྱང་སུམ་ཅུ་པའི་འགྲེལ་པ་སི་ཏུའི་ཞལ་ལུང་རྩོམ་པའི་ཚེ་གཞུང་ལུགས་འགྲེལ་ལུགས་ཕལ་མོ་ཆེ་རྗེ་སི་ཏུའི་འགྲེལ་ཚིག་སོར་བཞག་ཏུ་བཀོད་པ་ཤས་ཆེ་ཡང་། བདག་སྒྲའི་འགྲེལ་པའི་ཐད་དུ་དཔེ་ཤིན་ཏུ་མི་གསལ་བར་བརྟེན། རྗེ་ཞྭ་དམར་པའི་འགྲེལ་ཚུལ་སེམས་ལ་གང་ངེས་ལ་གཞི་བྱས་ནས་བཀོད་པ་ཡིན་སྟབས། དེ་ཉིད་སུམ་ཅུ་པའི་དགོངས་པ་དང་མཐུན་མིན་[5]ངེས་པ་མེད་ཚུལ་གསུངས་འདུག་པའི་ཕྱིར་རོ༎ ཚེ་བརྟན་ཞབས་དྲུང་གིས། གཞུང་གི་མཚན་དུ་སི་ཏུའི་ཞལ་ལུང་ཞེས་བཏགས་ཤིང་། གཞུང་བྱིངས་རྣམས་སི་ཏུའི་རྗེས་སུ་འབྲངས་ན་ཡང། བདག་སྒྲའི་སྐབས་སུ་སི་ཏུ་དང་མ་བསྟུན་པར་བཀྲལ་བ་ལ་གནད་འགག་ཆེན་པོ་ཡོད་པ་ཤེས་དགོས་[6]གསུངས་ནས། ཁོང་གི་ཞེ་ཕུགས་སི་ཏུའི་ཞལ་ལུང་ལ་བརྟེན་པར་བྱས་ཡོད་རུང་། གནད་འགག་ཆེན་པོ་ཞིག་མེད་ཚུལ་གོང་གི་ཚིག་དེས་གསལ་བས། བློ་ཕུགས་བྲག་ལ་གཏད། བྲག་ཕུགས་སྟོང་པ་ཟེར་བའི་དཔེ་རུ་སོང་སྙམ་པ་ནི་ཁོ་བོའི་ཀུན་རྟོག་གོ།
༢༽གཉིས་པ་བདག་སྒྲའི་ཕྲད་ལ་དཔྱད་པ་ནི། གོང་དུ་བཀོད་པ་ལྟར་སི་ཏུའི་ལུགས་ལ་པུ་ལིངྒ་ཡི་དོན་ཕོ་རྟགས་མཚོན་བྱེད་ཀྱི་ཡི་གེ་པ་དང་པོ་གཉིས་ལ་གོ་བས། བདག་སྒྲའི་ཕྲད་ལ་ཡང་པ་དང་པོ་གཉིས་མ་གཏོགས་ཁས་མི་ལེན་ཞིང་། དངུལ་ཆུ་ཡབ་སྲས་རྗེས་འབྲངས་དང་བཅས་པས་ནི་པུ་ལིངྒ་ཡི་དོན་པ་སྡེ་ལ་བཀྲལ་བས་པ་སྡེའི་ཕོ་རྟགས་པ་དང་པོ། མ་ནིིང་གི་རྟགས་བ་དང་བོ། མོ་རྟགས་མ་དང་མོ་གཉིས་ཏེ་བདག་སྒྲའི་ཕྲད་དྲུག་ཏུ་འདོད་དོ༎
དེ་ལ་དཔྱད་ན་སྤྱིར་སུམ་ཅུ་པའི་འགྲེལ་བྱེད་མཁན་པོ་རྣམས་ཀྱིས་སུམ་ཅུ་པ་བཤད་པའི་སྐབས་ཚིག་ཕྲད་དང་ཚིག་ཕྲད་ཀྱི་འཇུག་པ་ཕལ་ཆེ་བར་དངོས་བསྟན་དང་ཤུགས་བསྟན་གཉིས་རེ་ཡོད་པར་གསུངས་ཡོད་ཀྱང་། བདག་སྒྲའི་སྐབས་ཚེ་བརྟན་ཞབས་དྲུང་[7]མ་གཏོགས་གཞན་སུ་ཞིག་གིས་ཀྱང་ཤུགས་བསྟན་གྱི་ལོ་རྒྱུས་མ་གསུངས་པ་ལ་གཞིགས་ན། བདག་སྒྲ་ལ་ཤུགས་བསྟན་མི་བཞེད་པར་མངོན། གལ་ཏེ་བདག་སྒྲ་ལ་ཤུགས་བསྟན་མ་བཞེད་ན། བདག་སྒྲའི་ཕྲད་ལ་པ་དང་པོ་གཉིས་ཁོ་ན་ལས་གཞན་ཡོད་ཐབས་རྩ་བ་ནས་མེད་དོ༎ འོ་ན་ཐུ་མིའི་དགོངས་པ་ཇི་ལྟར་ཡིན་ཞེ་ན་ཁོ་བོས་ནི་གཞུང་བྱིངས་ཀྱི་བཤད་སྒྲོས་དང་བསྟུན་ནས་བདག་སྒྲ་ལ་ཡང་དངོས་བསྟན་དང་ཤུགས་བསྟན་གཉིས་ཡོད་པར་འདོད་ཅིང་། པ་དང་པོ་གཉིས་དངོས་བསྟན་དང་གཞན་རྣམས་ཤུགས་བསྟན་དུ་འདོད་ན་མི་རིགས་པ་མི་འོང་སྙམ་ཡང་། མཁས་པ་རྣམས་ཀྱིས་དེ་ལྟར་མ་བཞེད་པ་ལ་གནད་འགག་ཅིག་ཡོང་སྲིད་པས་དཔྱད་གཞི་ཙམ་དུ་འཇོག་ནུས་པའི་སྤོབས་པ་ལས་མ་རྙེད།
༣༽གསུམ་པ་བདག་སྒྲ་ཕྲད་རང་དབང་ཅན་དང་གཞན་དབང་ཅན་གང་ཡིན་དཔྱད་པ་ལ། སི་ཏུས་བདག་སྒྲའི་ཕྲད་ལ་པ་དང་པོ་གཉིས་མ་གཏོགས་མི་བཞེད་ཅིང་། དེ་ཡང་རྗེས་འཇུག་ལ་ལྟོས་མི་དགོས་པའི་ཕྲད་རང་དབང་ཅན་དུ་བཞེད་དོ། །དངུལ་ཆུ་དྷརྨ་བྷ་དྲས་བདག་སྒྲའི་ཕྲད་དྲུག་ཡོད་པར་བཞེད་ཀྱང་རྗེས་འཇུག་ལ་ལྟོས་དགོས་པའི་ཕྲད་གཞན་དབང་ཅན་དུ་ནི་མི་བཞེད་དེ། དེ་ཅིས་ཤེས་ཞེ་ན་སི་ཏུའི་ཞལ་ལུང་དུ་བདག་སྒྲ་ཕྲད་རང་དབང་ཅན་གྱི་ས་བཅད་[8]ཀྱི་འོག་ཏུ་བཤད་ཡོད་པ་མ་ཟད། བདག་སྒྲའི་ཕྲད་དེ་རྣམས་རྗེས་འཇུག་ལ་ལྟོས་དགོས་ཚུལ་ཟུར་ཙམ་ཡང་མ་གསུངས་པའི་ཕྱིར་རོ། ། འོན་ཀྱང་ཚེ་བརྟན་ཞབས་དྲུང་གིས་བདག་སྒྲའི་སྐོར་ལ་དངུལ་ཆུའི་རྗེས་འབྲངས་ཡིན་པར་ཞལ་གྱིས་བཞེས་བཞིན་དུ་དངུལ་ཆུ་དང་མ་བསྟུན་པར་བདག་སྒྲ་ཕྲད་གཞན་དབང་ཅན་ཡིན་པར་གསུངས་པ་མ་ཟད། ད་དུང་སི་ཏུའི་ཞལ་ལུང་གི་དགོངས་པ་ལྟར་ཁས་ལེན་པས་བདག་སྒྲ་རྗེས་འཇུག་ལ་མ་ལྟོས་པའི་ཕྲད་རང་དབང་ཅན་དུ་འདོད་པའི་དམ་བཅའ་ཡང་ངང་གིས་རང་ཡལ་དུ་སོང་བ་ཤེས་པར་བྱའོ་[9]ཞེས་མགྲིན་པ་གཟེངས་སུ་སྟོད་དེ་གསུངས་པ་ནི་ཚེ་བརྟན་རང་ཉིད་དགོངས་པ་ལ་མཉམ་པར་མ་བཞག་པའི་རྟགས་སུ་གསལ་ལོ། ། འོ་ན་ལེགས་བཤད་ལྗོན་དབང་དུ་བདག་སྒྲ་གཞན་དབང་ཅན་ཡིན་པར་བཤད་ཡོད་དམ་ཞེ་ན། དེར་བདག་སྒྲའི་ཕྲད་དྲུག་པོ་དེ་རྣམས་རྗེས་འཇུག་ལ་བལྟས་ནས་སྦྱར་དགོས་པར་གསུངས་ཡོད་ཀྱང་། དེ་ལྟར་སྦྱར་ན་ལེགས་[10]ཞེས་གསུངས་པ་ཙམ་ལས་དུས་དང་རྣམ་པ་ཀུན་ཏུ་དེ་ལྟར་སྦྱར་དགོས་པ་གསུངས་པ་མེད་ཅིང་། དབྱངས་ཅན་གྲུབ་རྡོར་གྱི་དངོས་སློབ་དགེ་སློང་དཀའ་ཆེན་པདྨས་བརྩམས་པའི་ལྗོན་དབང་གི་འགྲེལ་པར་ཡང་། ཕལ་ཆེར་[11]ཞེས་པའི་སྒྲ་སྦྱར་ཏེ་ཤས་ཆེ་བར་དེ་ལྟར་སྦྱར་ན་ལེགས་ཚུལ་གསལ་པོར་གསུངས་པས། ལེགས་བཤད་ལྗོན་དབང་རྩ་འགྲེལ་གང་དུ་ཡང་བདག་སྒྲ་ཕྲད་གཞན་དབང་ཅན་ཡིན་པར་བསྟན་པ་མེད་དོ། །
དེར་མ་ཟད་གོང་དུ་བཀོད་པ་ལྟར་ལེགས་བཤད་ལྗོན་དབང་གི་རྩོམ་པ་པོ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ནི་དངུལ་ཆུ་དྷརྨ་བྷ་དྲའི་དངོས་སློབ་ཡིན་བརྟེན། བླ་མས་ཕྲད་རང་དབང་ཅན་ཡིན་པར་གསུངས་པ་ལ་སློབ་མས་གཞན་དབང་ཅན་ཡིན་པར་གསུངས་ན་བླ་སློབ་དགོངས་པ་རྦད་དེ་འགལ་བར་གྱུར་པས། དེ་ལྟར་གསུངས་མི་སྲིད་པ་དྷ་དུ་ར་ཡིས་བཟི་ན་མ་གཏོགས། བློ་རྣལ་དུ་གནས་པ་ཞིག་ཡིན་ན་མ་བརྟགས་ཀྱང་རྟོགས་སླའོ། །
དོན་བསྡུ་བ།
འོ་ན་སི་ཏུ་ཁོ་ནས་མ་གཏོགས་གཞན་རྣམས་ཀྱིས་ཐུ་མིའི་དགོངས་པ་མ་ལོན་པ་ཡིན་ནམ་ཞེ་ན། སུམ་ཅུ་པའི་འགྲེལ་བྱེད་མཁན་པོ་ཀུན་གྱིས་ཐུ་མིའི་དགོངས་པ་ལོན་ངེས་ཀྱང་། སི་ཏུས་སྐབས་འདིར་སུམ་ཅུ་པའི་དངོས་བསྟན་གྱི་དགོངས་པ་གཙོ་བོར་བཏོན་ནས་བཤད་ཅིང་། གཞན་རྣམས་ཀྱིས་ཁ་སྐད་ཀྱི་འཇུག་པ་གཙོ་བོར་བཏོན་ཏེ་བཤད་པའི་ཁྱད་པར་གྱིས་དགོངས་པ་ཐ་དད་བྱུང་བ་ཡིན་པར་མངོན། དེས་ན་སི་ཏུས་བ་བོ་དང་མ་མོ་རྣམས་བདག་སྒྲའི་ཕྲད་ཡིན་པར་ཞལ་གྱིས་མ་བཞེས་པ་ཡང་སུམ་ཅུ་པའི་དངོས་བསྟན་གྱི་དགོངས་དོན་ཡིན་པར་ཞལ་གྱིས་མ་བཞེསཔ་མ་གཏོགས། དུས་དང་རྣམ་པ་ཀུན་ཏུ་བདག་སྒྲར་འཇུག་པ་མེད་ཅེས་གསུངས་པ་མིན་ནོ༎
དེ་ལྟར་ཡིན་པའི་རྒྱུ་མཚན་ཅི་ཡོད་ཅེ་ན། ཇ་མ་དང་ཆང་མ་ཞེས་པའི་མ་ཡིག་གིས་བདག་པོའི་དོན་བསྟན་དུ་ཆུག་མོད། འོན་ཀྱང་པུ་ལིངྒའི་སྒྲ་མིན་པར་སྟྲི་ལིངྒའི་སྒྲ་ཡིན་བརྟེན་བདག་སྒྲར་མི་འཇུག་[12]པ་ཤེས་པར་བྱ་གསུངས་པས་རྟོགས་ནུས་སོ། །དེ་ལྟ་ན་སི་ཏུས་བདག་སྒྲའི་ཕྲད་པ་པོ་གཉིས་མ་ཡིན་པའི་གཞན་ཡང་ཞལ་གྱིས་བཞེས་སམ་ཞེ་ན། སུམ་ཅུ་པའི་དངོས་བསྟན་དུ་པ་པོ་གཉིས་འབའ་ཞིག་ལས་ཞལ་གྱིས་མ་བཞེས་ཀྱང་། སྤྱི་སྒྲའི་སྐབས་[13]གསུངས་པ་ལྟར་འཇིག་རྟེན་གྱི་ཉེར་སྤྱོད་དང་བསྟུན་སྐབས་ཐོབ་ཀྱི་བདག་སྒྲའི་ཕྲད་བ་བོ་དང་མ་མོ་ཡང་ཞལ་གྱིས་བཞེས་པར་ཁས་ལེན་པ་ལ་ཐེ་ཚོམ་དགོས་པ་མ་མཆིས་སོ༎ དེ་ལྟར་ན་བདག་སྒྲ་བཤད་ཚུལ་ལ་ལེགས་བཤད་ལྗོན་དབང་དང་སུམ་ཅུ་པ་གཉིས་དགོངས་པ་འགལ་བ་མེདཔ་མ་ཟད། སི་ཏུ་དང་དངུལ་ཆུ་གཉིས་ཀྱང་དགོངས་པ་གཅིག་དང་དབྱངས་གཅིག་ཡིན་པར་གྲུབ་བོ། །པུ་ལིངྒ་ཡི་སྒྲ་དོན་འགྲེལ་བཤད་ཀྱི་ཐད་དུ་ཡང་སི་ཏུས་སུམ་ཅུ་པ་རང་གི་དངོས་བསྟན་ལ་གཞི་བཞག་པ་དང་། དངུལ་ཆུས་ལེགས་སྦྱར་གྱི་སྒྲ་གཞུང་གཞན་ལ་གཞི་བཅོལ་བ་ལ་བརྟེན་ཏེ་ཁྱད་པར་བྱུང་བ་ཡིན་ཅིང་། དངུལ་ཆུས་པུ་ལིངྒའི་འགྲེལ་བཤད་སི་ཏུ་དང་མ་བསྟུན་རུང་། སི་ཏུའི་འགྲེལ་བཤད་ལ་དགག་པ་མ་བསྐྱོན་པ་ལ་གཞིགས་ན། མཁས་པས་བཤད་ན་ཅི་ཡང་བདེན་ཞེས་གསུངས་པ་ལྟར། པུ་ལིངྒའི་དོན་ལ་ཇི་ལྟར་འགྲེལ་ཡང་མ་རུང་བ་མེད་པར་མངོན་ནོ། ། འོན་ཀྱང་ཚེ་བརྟན་ཞབས་དྲུང་གིས་སི་ཏུ་དང་དངུལ་ཆུ་གཉིས་ཀྱི་དགོངས་པ་སོ་སོ་ཡིན་པར་བཟུང་ནས། རང་ཉིད་དངུལ་ཆུའི་ཕྱོགས་བཟུང་ཁུལ་བྱས་ཀྱང་། ཁོང་གི་བཞེད་གཞུང་དུ་དངུལ་ཆུའི་དགོངས་པ་དང་མ་མཐུན་པ་དུ་མ་ཞིག་བྱུང་བས་དགོངས་པའི་ཞེ་ཕུགས་གང་ཡིན་ད་དུང་རྩད་ཆོད་མ་ནུས་ཤིང་། དེ་ལ་བརྟེན་ནས་ཁོང་གི་དགོངས་པ་དང་མཁས་པ་གཞན་དག་གི་དགོངས་པ་གཉིས་འགལ་མེད་དུ་འགྲུབ་པའི་སྤོབས་པ་ཡང་མ་རྙེད་པས། རེ་ཞིག་བཞི་ཤད་མ་བྲིས་ཀ་མེད་བྱུང་ངོ༎
[1] བོད་གཞུང་ཤེས་རིག་སྤར་ཁང་གིས་སྤྱི་ལོ་༡༩༩༦ ལོར་སྤར་དུ་བསྐྲུན་པའི་སི་ཏུའི་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས་ཤོག་གྲངས་༡༣༩ ནས་མར་གཟིགས།
[2] བོད་གཞུང་ཤེས་རིག་སྤར་ཁང་གིས་སྤྱི་ལོ་༡༩༩༧ ལོར་སྤར་དུ་བསྐྲུན་པའི་སུམ་ཅུ་པའི་རྣམ་བཤད་མཁས་མཆོག་སི་ཏུའི་ཞལ་ལུང་ཤོག་གྲངས་༡༩ ནས་མར་གཟིགས།
[3] བོད་ཀྱི་ནང་བསྟན་དཔེ་ཚོགས་བསྟི་གནས་དྲྭ་བར་ཡོད་པའི་གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང་ཤོག་གྲངས་༨༦ གི་རྒྱབ་ལ་གཟིགས།
[4] བོད་ཀྱི་ནང་བསྟན་དཔེ་ཚོགས་བསྟི་གནས་དྲྭ་བར་ཡོད་པའི་གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང་ཤོག་གྲངས་༨༦ གི་རྒྱབ་ལ་གཟིགས།
[5] བོད་གཞུང་ཤེས་རིག་སྤར་ཁང་གིས་སྤྱི་ལོ་༡༩༩༦ ལོར་སྤར་དུ་བསྐྲུན་པའི་སུམ་རྟགས་ཀྱི་རྣམ་བཤད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་དུ་འབོད་པའི་དགག་ལན་ཚངས་པའི་ཐིག་གི་སྤུན་ཟླ་ཤོག་གྲངས་༦༣ ནས་མར་གཟིགས།
[6] བོད་ཀྱི་ནང་བསྟན་དཔེ་ཚོགས་བསྟི་གནས་དྲྭ་བར་ཡོད་པའི་གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང་ཤོག་གྲངས་༨༧ ལ་གཟིགས།
[7] བོད་ཀྱི་ནང་བསྟན་དཔེ་ཚོགས་བསྟི་གནས་དྲྭ་བར་ཡོད་པའི་གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང་ཤོག་གྲངས་༨༦ གི་རྒྱབ་ལ་གཟིགས།
[8] བོད་གཞུང་ཤེས་རིག་སྤར་ཁང་གིས་སྤྱི་ལོ་༡༩༩༧ ལོ་ལུ་སྤར་སྐྲུན་འབད་བའི་སུམ་ཅུ་པའི་རྣམ་བཤད་མཁས་མཆོག་སི་ཏུའི་ཞལ་ལུང་ཤོག་གྲངས་༡༦ ལུ་གཟིགས།
[9] བོད་ཀྱི་ནང་བསྟན་དཔེ་ཚོགས་བསྟི་གནས་དྲྭ་བའི་ཐོག་ལུ་ཡོད་མི་གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང་ཤོག་གྲངས་༨༧ ལུ་གཟིགས།
[10] ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་ག་ད་ན། །བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་མཐར། །བདག་སྒྲ་ཡར་འགྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །
[11] བོད་གཞུང་ཤེས་རིག་སྤར་ཁང་གིས་སྤྱི་ལོ་༡༩༩༦ ལོར་སྤར་དུ་བསྐྲུན་པའི་སུམ་ཅུ་པའི་སྙིང་པོའི་དོན་གསལ་ཤོག་གྲངས་༨༤ ལ་གཟིགས།
[12] བོད་གཞུང་ཤེས་རིག་སྤར་ཁང་གིས་སྤྱི་ལོ་༡༩༩༦ ལོར་སྤར་དུ་བསྐྲུན་པའི་སི་ཏུའི་འགྲེལ་ཆེན་ཤོག་གྲངས་༡༤༣ ནས་མར་གཟིགས།
[13] བོད་གཞུང་ཤེས་རིག་སྤར་ཁང་གིས་སྤྱི་ལོ་༡༩༩༦ ལོར་སྤར་དུ་བསྐྲུན་པའི་སི་ཏུའི་འགྲེལ་ཆེན་ཤོག་གྲངས་༡༣༩ ལ་གཟིགས།
ཐོན་མིས་བོད་སྐད་གཙང་མ་ཞིག་གསུང་ནས་བྲིས་ཡོད་ན་ད་ཆ་མཁས་པ་རྣམས་ཀྱི་བཞེད་ལུགས་མི་མཐུན་པ་དང་། དེ་ལ་བརྟེན་ནས་དགག་སྒྲུབ་རྩོད་སྤུངས་གི་ངལ་བ་ཡོང་མི་སྲིད་པ་ཞིག་རེད།།
བརྡ་སྤྲོད་སྨྲ་བར་ཁས་འཆེས་པ་དག་གིས་སུམ་ཅུ་པ་ཟེར་བ་དེར་དེ་འདྲ་སྐྲག་སྣང་བྱེད་དགོས་མ་རེད།
དེ་ནི་ཡང་དག་པ་དང་ཁུངས་གཏུགས་དགོས་ས་ཞིག་ཁྱོན་ནས་མ་རེད། དེ་བཞིན་སི་ཏུ་ཟེར་བ་དེ་དང་དངུལ་ཆུ།
སོགས་ཚང་མ་ཁུངས་ཐུབ་རྐྱང་རྐྱང་མ་རེད། གནད་དོན་གཙོ་བོ་རང་རང་གིས་རིགས་པ་རེ་བཏང་སྟེ། རང་ལ་གང་བདེ་བ་དེ་འབྲི་བ་ལ་བརྩོན་པར་བྱོས།
སི་ཏུ་ཟེར་བ་དེ་མཚམས་མཚམས་ར་བཟི་བ་ལྟར་སྨྱོན་བཤད་རེ་ཡང་རྒྱག་གི་རེད།
དེའི་རྗེས་འཇུག་པར་ཁས་འཆེས་པ་དེ་དག་གིས་ཀྱང་ཟུག་ཙམ་ཟུག་ཙམ་བྱེད་ནའང་། ཆེན་པོ་གལ་བྱེད་ཐུབ་ཀི་མ་རེད།
བཙན་བྱོལ་ན་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གི་དགོངས་པ་རྟོགས་དགོས་མཁན་ཞིག་ཡོད་ན་སེར་བྱེས་དགེ་བཤེས་ལྷ་རམས་པ་རོང་བོ་བློ་བཟང་སྙན་གྲགས་མ་གཏོགས་ཡོད་མ་རེད།
གཞན་པ་ཚང་མ་ཁྱི་ལབ་རྒྱག་མཁན་རྐྱང་རྐྱང་རེད། དེ་བཞིན་གོང་གི་འདི་འབྲི་འཁན་འདི་ཡང་དེ་ལས་འདས་མི་འདུག་གོ།།
བདག་སྒྲའི་སྐོར་ལ་མཁས་པ་སོ་སོའི་བཞེད་མཚམས་དཔྱད་པ་ཡག་པོ་གནང་འདུག །༼ སི་ཏུས་བ་བོ་དང་མ་མོ་རྣམས་བདག་སྒྲའི་ཕྲད་ཡིན་པར་ཞལ་གྱིས་མ་བཞེས་པ་ཡང་སུམ་ཅུ་པའི་དངོས་བསྟན་གྱི་དགོངས་དོན་ཡིན་པར་ཞལ་གྱིས་མ་བཞེསཔ་མ་གཏོགས། དུས་དང་རྣམ་པ་ཀུན་ཏུ་བདག་སྒྲར་འཇུག་པ་མེད་ཅེས་གསུངས་པ་མིན་ནོ༎༽ཞེས་པ་ལ་ཅུང་ཟད་དཔྱད་ན། སྨྲ་སྒོ་ལས། པ་བ་ཅན་ནི་བདག་པོའམ།།ལྡན་པའི་དོན་དུ་ཤེས་བར་བྱ།།པྲ་ཏིས་པ་བ་པོ་ཅན་བཞི་པོ་སྐྱེས་པའི་རྟགས་སམ་བདག་བདག་སྒྲར་འདོད་པ་ལ། སི་ཏུས། བ་ཡིག་ནི་པུ་ལིངྒའི་སྒྲ་དངོས་སུ་འགྱུར་བ་ལྟ་ཅི་སྨོས། སྤྱིར་བདག་པོ་སྟོན་བྱེད་ཙམ་དུའང་མི་འགྱུར་བའི་ཕྱིར་རོ།།ཞེས་བ་ཡིག་བདག་སྒྲར་གཏན་ནས་མི་འཇུག་པར་བཤད་ཡོད་དེ། མུ་ཏིག་ཕྲེང་མཛེས་ལས། ལྷ་ས་བ། སེ་ར་བ། ལྟ་བུ་རྣམས་ནི་གྲོང་པའི་སྐད་ཕལ་བ་ཙམ་དུ་ཟད་པས་དཔེར་མི་འོས་ཏེ། དེ་འདྲ་ལ་ཡིད་བརྟན་འཆའ་ན་ནོར་པ་མང་པོའང་ཁས་ལེན་དགོས་པར་འགྱུར་ཞིང་། དེ་དག་དག་པར་འདོད་ན། ལྷ་ས་པ། སེ་ར་པ། ལྟ་བུ་བརྗོད་རིགས་པའི་ཕྱིར་རོ། །ཞེས་བ་ཡིག་བདག་སྒྲ་ལ་མི་འཇུག་པར་བཤད་པ་འདིས་ཤེས། སྨྲ་སྒོའི་ལུང་དེ་མ་དག་པར་བཤད་དེ། འགྲེལ་བར་བ་ཡིག་གི་དཔེར་བརྗོད་མ་བྱུང་བ་དང་། གཞུང་གི་དེ་མ་ཐག་ཏུ། བ་ནི་སྤྱི་རུ་བཞག་པ་སྟེ།།ཡུལ་དུས་ངེས་བར་མ་བཟུང་བའོ།།ཟ་བ་བཟའ་དང་ཟ་པོ་བཞིན།།མ་ནིང་དག་ཏུ་བཞག་པར་བྱ།།ཞེས་ཟ་བ་བཟའ་བ་ཞེས་པའི་བ་ཡིག་དེ་བྱ་བྱེད་བདག་གཞན་དུས་གསུམ་གང་ལའང་བྱེ་བྲག་ཏུ་མི་འཇུག་པར་བཤད་པས། དཔེ་མ་དག་པ་ཞིག་མཐོང་བའམ་བཀླགས་ཉེས་པའམ་རང་བཟོ་ཡིན་པར་གསུངས་འདུག །སྤྱིར་ན་སི་ཏུའི་མུ་ཏིག་ཕྲེང་མཛེས་ནི་ཁྱབ་རྒྱ་ཆེ་ཞིང་བདག་སྒྲའི་སྐབས་རྩ་བའི་དངོས་བསྟན་ཡིན་མིན་གང་ལྟར་པ་པོ་ཁོ་ན་བདག་སྒྲར་འདོད་པ་དང་། །དེས་ན་བ་ཡིག་རྣམ་པ་ཀུན་ཏུ་བདག་སྒྲ་ལ་མི་འཇུག་པ་གོང་སྨོས་དེ་དག་གིས་ཤེས་དགོས། དབྱངས་ཅན་གྲུབ་པའི་རྡོ་རྗེ་དང་ཨ་ལགས་ཚེ་རྟན་སོགས་ཀྱིས་ཁ་སྐད་ཀྱི་འཇུག་པ་གཙོ་བོ་བྱས་ནས་པ་པོ་བ་བོ་མ་མོ་སྟེ་དྲུག་པོ་བདག་སྒྲ་དངོས་དང་། ཅན། ལྡན། མཁན་རྣམས་བདག་སྒྲ་དང་ཕྱོགས་མཚུངས་བར་བཤད་པ་མཁས་པའི་བཤད་ན་ཅི་ཡང་བདེན་ནོ།།
༼ ལེགས་བཤད་ལྗོན་དབང་གི་རྩོམ་པ་པོ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ནི་དངུལ་ཆུ་དྷརྨ་བྷ་དྲའི་དངོས་སློབ་ཡིན་བརྟེན། བླ་མས་ཕྲད་རང་དབང་ཅན་ཡིན་པར་གསུངས་པ་ལ་སློབ་མས་གཞན་དབང་ཅན་ཡིན་པར་གསུངས་ན་བླ་སློབ་དགོངས་པ་རྦད་དེ་འགལ་བར་གྱུར་པས། དེ་ལྟར་གསུངས་མི་སྲིད་པ་དྷ་དུ་ར་ཡིས་བཟི་ན་མ་གཏོགས། བློ་རྣལ་དུ་གནས་པ་ཞིག་ཡིན་ན་མ་བརྟགས་ཀྱང་རྟོགས་སླའོ། །༽བླ་སློབ་གྱི་དགོངས་པ་གཅིག་ཏུ་སྒྲུབ་དགོས་དོན་ཨེ་ཡོད། དཔེར་ན་ཇོ་བོ་དང་ཇོ་བོའི་བླ་མ་ཤན་ཏཱི་བ་གཉིས་ལྟ་བའི་ཆ་ནས་དགོངས་པ་མི་མཐུན་པ་ལྟ་བུ་ཡོང་སྲིད་པ་རེད།
ལེགས་པར་དཔྱད་འདུག
ཆོས་པ། བདག་སྒྲ་ཡིན་སྟངས། བཙུན་མ་དེ་ཆོས་པ་ཡག་པོ་ཅིག་རེད།
ཇ་མ། བདག་སྒྲ་མིན་སྟངས། ཕོ་གསར་དེ་ཇ་མ་ཡག་པོ་ཅིག་རེད།
དེ་ལ་པུལིངྒ་སྦར་ན། །
བདག་པོའི་སར་༼སྒྲ་༽ནི་ཤེས་པར་བྱ། །
གསུངས་སྟངས་ལ་བལྟས་ན། བྱང་པ་། ཤར་པ་དང་བོད་པ་སོགས་ཀྱང་བདག་སྒྲ་མིན་པར་ངེས།
དེ་རིང་བདག་སྒྲའི་སྐོར་གསུངས་པར་་ཐུགས་རྗེ་ཆེ། སྔོན་གྱི་དབུས་གཙང་གཉིས་སུ་བྱོན་པའི་བརྡ་སྤྲོད་མཁན་
པོ་ཕལ་ཆེར་གཅིག་གྱུར་གྱིས་བདག་སྒྲའི་ཕྲད་འདི་ཕྲད་གཞན་དབང་ཅན་ཡིན་པར་གསུངས་པ་ལས། རང་དབང་ཅན་དུ་གསུང་མཁན་བྱུང་མེད་ཅེས་བཤད་ཆོག རྗེས་སུ་རྗེ་སི་ཏུས་བདག་སྒྲ་འདི་ཕྲད་རང་དབང་ཅན་
ཡིན་པར་གསུངས་པ་དང་། རྗེས་འཇུག་གིས་མིང་མཐའ་དང་ཕྲད་འདྲེན་ཚུལ་ལ་རྟགས་མཚུངས་འདྲེན་ཚུལ་
བརྗོད་བདེ་འདྲེན་ཚུལ་གཉིས་གསུངས་པ་ལ་བརྟེན་ནས་མིང་མཐའི་པ་བ་དང་བདག་སྒྲའི་པ་བ་སྦྱོར་ཚུལ་ལ་
མགོ་རྙོག་མང་བོ་བྱུང་། མཁས་པ་སོ་སོས་རང་ཉིད་ཆུང་དུས་ནས་ཁ་ལ་བྱང་བའི་ལུང་ཚན་སོ་སོའི་སྐད་དེ་རང་
བརྡ་སྤྲོད་ནང་ལ་ཁྱེར་ཡོད། འོན་ཀྱང་རྟགས་འཇུག་རྩ་བ་ལ་རང་ལ་བསམ་བློ་ཞིག་བཏང་ན་རྟགས་མཚུངས་
འདྲེན་ཚུལ་འདི་གཙོ་བོར་མཛད་ཅིང་། ཤིན་ཏུ་གལ་གནད་ཆེ་བ་ཞིག་ཏུ་བཞག་ཡོད། སི་ཏུས་བརྗོད་བདེ་འདྲེན་ཚུལ་ནི་རྩ་བར། དེ་ཉིད་རང་གི་སྒྲ་མཐུན་པའི། །ཞེས་པ་འདི་ལ་ཁུངས་བཅོལ་ཡོད་མོད། འདིས་བརྗོད་བདེ་འདྲེན་པ་སྟོན་ཚུལ་བཤད་དཀའ། འདིས་རང་གི་སྒྲ་མཐུན་ཞེས་པས་རྟགས་མཚུངས་དང་སྒྲ་མཚུངས་ཏེ་
རྟགས་མཚུངས་ནི་བཤད་མི་དགོས་པ་ལ། སྒྲ་མཚུངས་ནི་དཔེར་ན་སླར་བསྡུ་དང་འབྱེད་སྡུད་ལྟ་བུ་རང་དང་སྐྱེ་
གནས་མཐུན་པ་ལ་སྒྲ་མཚུངས་ཟེར་བ་ཡིན། སྤྱིར་རྟགས་དང་སྐྱེ་གནས་མི་མཐུན་པའི་བརྗོད་བདེ་འདྲེན་པ་
ཞིག་ལོས་ཡོད་མོད། འོན་ཀྱང་དེ་ནི་ཤིན་ཏུ་དམིགས་བསལ་ཉུང་ཤས་ཡིན་དགོས། ངས་དཔེ་མཚོན་ཆུང་ཆུང་
ཞིག་བཞག་ན་ཨ་མདོ་བའི་དགེ་རྒན་ཞིག་གིས་དབུས་གཙང་གི་སློབ་ཕྲུག་ལ་བདག་སྒྲ་ཁྲིད་སྐབས་དགེ་ཕྲུག་ལ་
དཀའ་ངལ་ཕྲད་ཅིང་། དབུས་གཙང་བའི་དགེ་རྒན་ཞིག་གིས་ཨ་མདོ་བའི་སློབ་ཕྲུག་ལ་བདག་ཁྲིད་སྐབས་ཡང་
དཀའ་ངལ་དེ་ཕྲད་ཀྱིན་ཡོད། ལྗོན་དབང་ལས་རྗེས་འཇུག་ག་ད་ན་བ་མ་ས་ད་དྲག་མཐར་པ་པོ་ངེས་པར་
ཐོབ་ཚུལ་བཤད་ནས། ང་འ་ར་ལ་མཐའ་མེད་བཅས་ལ་ཡར་གྱུར་དང་ཆར་གྱུར་ཞེས་ཁྱད་པར་འཇོག་ཁུལ་བྱས་ཀྱང་ཁུངས་འཁྱོལ་བ་ཞིག་དཀའ་བར་གནང་སྟེ། མིང་གི་ཆ་ཤས་དབང་དུ་བྱས་ན་ཀ་བ་དང་དབྱེ་བ་སོགས་དེ་སྙེད་ཡོད་པའི་ཕྱིར་རོ། །དེས་ན་རྟགས་འཇུག་རྩ་བ་ནས་གསུངས་པ་ལྟར་རྟགས་མཚུངས་འདྲེན་ཚུལ་
འདི་གཙོ་བོར་བྱས་ན་གང་ལ་ཡང་རྙོག་དྲ་ཆུང་བ་དངོས་ཡོད་ཀྱིས་གྲུབ་བོ། །
འོ་ན། རྟ་པ་དང་བྱང་པ་མཚུངས་སོ་ཞེ་ན། རྟ་པ་ནི་རྟ་བདག་ཏུ་བཟུང་བ་པོ་ལ་གོ་ལ། བྱང་པ་ནི་བྱང་ཕྱོགས་སུ་སྡོད་པ་ཙམ་ལས་བདག་ཏུ་བཟུང་བས་མ་ངེས་སོ། ཞེ་ན་ཅི་ལོབས།
འོ་ན་ཆོས་པ་ཡང་བདག་སྒྲ་མིན་པར་ཐལ་ལོ་ཞེ་ན་མི་འདྲ་སྙམ་སྟེ། དཔྱད་པར་འཚལ།
བོད་སྔ་རབས་པའི་སྐད་བཞིན་སི་ཏུས་བརྡ་སྤྲོད་གཏན་འབེབས་མཛད་པར་མངོན། ཡ་མཚན་དགོས་པ་ཞིག་སྟེ། བོད་སྔ་རབས་པའི་སྐད་དེ་བོད་ཀྱི་ས་མཚམས་ལུང་པ་འགའ་ན་ད་ལྟ་ཡང་ལུས་ཡོད་པར་སྣང་། ཕྱིས་ཀྱི་བོད་ཀྱི་བརྡ་སྤྲོད་རྣམས་ལུང་པ་སོ་སོའི་ཁ་སྐད་ཀྱི་ཤན་ཞུགས་པ་མང་། མཁས་མཆོག་དབྱངས་ཅན་གྲུབ་པའི་རྡོ་རྗེ་ལ་ཡང་ཡུལ་དབུས་གཙང་གི་ཁ་སྐད་ཞུགས་ཏེ། བདག་སྒྲ་ཡར་བ་དང་ནི། ཆ་ལ་པ་ཉིད་སྦྱོར་བ་ལེགས། ཞེས་གསུངས་ཀྱང་། བདག་གིས་དཔྱད་པ་ལྟར་ན། འདི་ཉིད་དབུས་གཙང་གི་ཁ་སྐད་ལ་མཛེས་ཀྱང་། བདག་གི་ལུང་པ་ལྟ་བུ། མཐའ་མཚམས་ཀྱི་བོད་སྐད་ལ་མི་མཛེས། མཐའ་མཚམས་ཀྱི་ལུང་པ་འགའ་ཞིག་གི་ཁ་སྐད་དུ། བོད་སྔ་རབས་པའི་སྐད་དང་མཐུན་པར་བདག་སྒྲ་ལ་མཐའ་གཅིག་ཏུ་པ་ཡིག་བཀོལ། བོད་སྔ་རབས་པའི་སྐད་དེ་ཉིད་མདོ་དང་བསྟན་བཅོས་གསུང་འབུམ་རྣམས་ན་མཆིས། དེས་ན་མདོ་སྨད་པ་ལོ་རྒྱུས་སོགས་བོད་ཀྱི་རིག་གཞུང་ལ་རང་ཅག་རྣམས་ལས་ལུང་དང་རིགས་པས། ཆེ་ཆེར་ཤིན་ཏུ་མཁས་པ། དགེ་འདུན་ཆོས་འཕེལ་མཆོག་གིས་བཀའ་བསྟན་གསུང་འབུམ་རྣམས་ན་བཀོལ་པའི་སྐད་བཞིན་ཡི་གེ་འབྲི་དགོས་པ་གཟིགས་ཏེ། རྒྱ་གར་པ། ཞེས་བྲིས་ཀྱི། རང་ཡུལ་གྱི་ཁ་སྐད་ལྟར་ན། རྒྱ་གར་བ། ཞེས་འབྲི་དགོས་པ་ལས་དེ་འདྲ་བྲིས་མེད་པ་དེ་རང་ཅག་ལ་བཀའ་བསྟན་གསུང་འབུམ་བཅས་ཀྱི་སྐད་བཞིན་འབྲི་དགོས་པ་ལ་མིག་དཔེར་འོས་པ་ཞིག་ཏུ་མི་འདུག་གམ། ཞེས་འདྲིའོ།།
གནད་དོན་གཙོ་བོ་རང་རང་གིས་རིགས་པ་རེ་བཏང་སྟེ། རང་ལ་གང་བདེ་བ་དེ་འབྲི་བ་ལ་བརྩོན་པར་བྱོས།
བོད་ཀྱི་སྐད་ཁུངས་མེད་ལུང་མེད་དུ་བསྐྱལ་འདོད་ན། དེ་ལྟར་བྱོས།
རྟགས་འཇུག་ལྟར་བྲིས་དགོས་ན། བདག་མོ་ཟེར་ན་མི་འགྲིགས། ཇ་མ་ཨེ། གཤན་པ་ཨེ། མཁན་པོ་ཟེར་ན་མི་འགྲིགས། མཐའ་མེད་ལ་ཇི་ལྟར་བྱ། འགྲོ་བ་རིགས་དྲུག་ལ་འགྲོ་པ་རིགས་དྲུག་ཟེར་ནམ།
རྣམ་པ་ཚོས་དགོངས་ཚུལ་གསུངས་པར་བཀའ་དྲིན་ཆེ་ཞུ། གོང་གི་རྩོམ་ཡིག་འདི་ནི་སློབ་གྲྭ་བ་ཞིག་གི་ནང་སྦྱོང་གི་ཆེད་དུ་བྲིས་པ་ཡིན་པ་ལས་མཁས་པ་རྣམས་ཀྱི་མདུན་སར་སྤེལ་ཆེད་དུ་བྲིས་པ་ཞིག་གཏན་ནས་མ་ཡིན། འོན་ཀྱང་དེ་ལ་མ་རྟོགས་ལོག་རྟོག་ཀྱི་ཆ་ཡོད་ངེས་པས་རྣམ་པ་ཚོས་དག་སེལ་གནང་བའི་རེ་བས་འདིར་བཀོད་པ་ཡིན། སྤྱིར་གྱི་ཁོ་བོ་ནི་འབྲུག་པ་ཞིག་ཡིན་ཞིང་འབྲུག་པའི་མང་ཚོགས་ཀྱི་དཀྱིལ་དུ་ལང་འཚོ་རྫོགས་པ་དང་། བོད་ཀྱི་བརྡ་སྤྲོད་ཀྱི་རིག་གཞུང་ལ་སྦྱངས་པ་ཆེར་བྱས་མེད་གཤིས། གཞུང་གི་གོ་བ་ལོན་དཀའ་ཞིང་། གོ་བ་ཅུང་ཟད་རེ་ལོན་ན་ཡང་དེ་དག་ཡིག་ཐོག་ཏུ་འགོད་ནས་གོང་གི་ཡིག་རྩོམ་ཡིག་འདྲ་འབྲི་རྒྱུར་ཤིན་ཏུ་ཁག་པོ་འདུག། འདི་ཡང་སྔར་འབྲུག་པ་རང་གི་ཁ་སྐད་རྫོང་ཁའི་སྟེང་དུ་བྲིས་ཤིང་དེ་ནས་སླར་ཡང་བོད་སྐད་དུ་ཕབ་པ་ཡིན། རྫོང་ཁའི་སྟེང་དུ་འབྲི་རུང་རྫོང་ཁ་ནི་གྲོང་སྐད་ལས་ཡིག་སྐད་དུ་གྱུར་ནས་རིང་པོ་མ་ལོན་པར་བརྟེན་གྲོང་པའི་སྐོར་འབྲི་ན་མ་གཏོགས་རིག་གཞུང་གི་སྐོར་འབྲི་དུས་ཐ་སྙད་མི་ལྡང་བའི་དཀའ་ངལ་མང་དུ་མཆིས། དེ་ཡིན་དུས་གོང་གི་རྩོམ་ཡིག་དེར་རང་གི་བསམ་ཚུལ་ཆ་ཤས་ཙམ་མ་གཏོགས་སེམས་ལ་གང་ཤར་ཐམས་ཅད་འགོད་ཐུབ་མ་བྱུང་བས་དེའི་ཁ་སྐོང་གི་ཚུལ་དུ་དེ་ནས་རིམ་པས་རིམ་པས་འགོད་རྩིས་ཡིན།
དེ་ཡང་ཐོག་མར་གོང་དུ་ཁོ་བོས་ཨ་ལག་ཚེ་བརྟན་ཚང་གི་དགོངས་པའི་ཞེ་ཕུགས་གང་ཡིན་རྩད་ཆོད་ཐུབ་མ་སོང་ཞེས་ཞུས་པ་ལྟར། ཁོང་གིས་བདག་སྒྲའི་བཤད་ཚུལ་དེ་དངུལ་ཆུའི་རྗེས་སུ་འབྲངས་རྒྱུ་ཡིན་གསུངས་བཞིན་དུ། དངུལ་ཆུས་བདག་སྒྲ་ཕྲད་རང་དབང་ཅན་ཡིན་པར་གསུངས་པ་ལ་ཁོང་གིས་གཞན་དབང་ཅན་དུ་གསུངས་པས་དངུལ་ཆུའི་དགོངས་པ་དང་འགལ་འདུར་སོང་ཞིང་། དེ་བཞིན་པུ་ལིངྒའི་སྒྲ་བཤད་ལ་ཡང་ཁོང་གིས་གཉིས་ཀའི་ཕྱོགས་བཟུང་ནས་མིང་བརྡ་གཅིག་ལ་དོན་ཐ་དད་དུ་འགྲེལ་ནུས་པ་མཁས་པའི་ཁྱད་ཆོས་གསུངས་ཀྱང་། སི་ཏུ་ལྟར་བཞེད་ན་བདག་སྒྲའི་ཕྲད་པ་པོ་གཉིས་ཁོ་ན་ཁས་ལེན་དགོས་པར་འགྱུར་བ་དང་། དངུལ་ཆུ་ལྟར་བཞེད་ན་བདག་སྒྲའི་ཕྲད་དྲུག་ཁས་ལེན་དགོས་པར་འགྱུར་བས། སྔ་ཕྱིའི་བཞེད་པར་འགལ་འདུར་སོང་བ་ལ་ད་དུང་མཁས་པའི་ཁྱད་ཆོས་སུ་བརྩི་འདུག་པ་ཇི་ལྟར་ཡིན་བསམས་ནས་བདག་ཉིད་ད་དུང་ཐེ་ཚོམ་གྱི་ངང་དུ་ལུས་ཡོད།
དེ་བཞིན་བདག་སྒྲའི་ཕྲད་ཀྱི་ཐད་དུ་ཡང་ཨ་ལག་ཚང་གིས་པ་བ་མ་གསུམ་དངོས་བསྟན་དང་། པོ་བོ་མོ་གསུམ་ཤུགས་བསྟན་དུ་བཞེད་འདུག་པས། སྔ་མ་གསུམ་དངོས་བསྟན་དང་ཕྱི་མ་གསུམ་ཤུགས་བསྟན་ཡིན་པའི་རྒྱུ་མཚན་གང་ཡིན་ཡང་ཆ་མ་འཚལ། དེ་ལ་ཅུང་ཟད་ཁ་གསལ་དུ་གཏང་ན་པུ་ལིངྒ་ཞེས་པ་པ་སྡེའི་རྟགས་སུ་བཀྲལ་ནས་དེས་ཕོ་རྟགས་དང་མ་ནིང་གི་རྟགས་མོ་རྟགས་གསུམ་གྱི་ཡི་གེར་གོ་ནུས་ན་པ་པོ་བ་བོ་མ་མོ་དྲུག་ཀ་རིམ་བཞིན་ཕོ་མ་ནིང་མོ་གསུམ་གྱི་རྟགས་ཅན་ཡིན་པས་སྔ་མ་གསུམ་དངོས་བསྟན་དང་ཕྱི་མ་གསུམ་ཤུགས་བསྟན་དུ་འཇོག་དགོས་དོན་མ་མཆིས་སྙམ་མོ། །དེའི་སྐོར་ལ་གོང་དུ་མཆན་གསུམ་པ་འགོད་པོ་ཐུབ་པ་ལགས་ལ་རྒྱུས་མངའ་ཡོད་ཁུལ་འདུག་པས་སྨྲ་བའི་ཉི་མ་ཅིས་ཀྱང་ཤར་བར་མཛོད་ཅེས་གསོལ་བ་འདེབས་པ་ལགས།
མིག་བརྒྱད་པ་ལགས་དང་ངེད་གཉིས་ནི་དགོངས་པ་གཅིག་ཏུ་སྣང་སྟེ། གང་གི་ཕྱིར་ན་ངས་ཀྱང་སི་ཏུས་བདག་སྒྲའི་ཕྲད་པ་པོ་གཉིས་ལས་གཞན་བ་བོ་དང་མ་མོ་རྣམས་འཇིག་རྟེན་གྱི་ཉེར་སྤྱོད་དང་བསྟུན་ནས་སྐབས་ཐོབ་ཏུ་ཞལ་གྱིས་བཞེད་ཅེས་པའི་ཁུངས་ལུང་ངོ་མ་སི་ཏུས་སེ་ར་བ་སོགས་གྲོང་སྐད་ཡིན་གསུངས་པ་དེ་ཡིན་ཞིང་། ཉིད་ནས་ཀྱང་བ་ཡིག་བདག་སྒྲར་མ་བཞེད་པའི་ལུང་དེ་དྲངས་འདུག་པའི་ཕྱིར་རོ། །གོང་གི་ལུང་དེས་སི་ཏུས་བ་ཡིག་བདག་སྒྲར་བཞེད་པའི་ཁུངས་སུ་ཇི་ལྟར་འགྲོ་སྙམ་ན། གོང་དུ་ཞུས་པ་ལྟར་སི་ཏུས་བ་ཡིག་བདག་སྒྲར་འཇུག་པ་སུམ་ཅུ་པའི་དངོས་བསྟན་དང་འགལ་བ་ཡིན་པར་བསྟན་ནས་གྲོང་སྐད་ཡིན་པར་ཞལ་གྱིས་བཞེས་པས་འཇིག་རྟེན་པའི་ཉེར་སྤྱོད་དུ་བདག་སྒྲ་ཡིན་པར་ཞལ་གྱིས་བཞེས་པའི་ཕྱིར་དང་། འཇིག་རྟེན་པའི་ཉེར་སྤྱོད་དང་བསྟུན་རྒྱུ་ཡིན་པ་ནི་སི་ཏུ་རང་ཉིད་ཀྱིས་སྤྱི་སྒྲའི་སྐབས་སུ་གསུངས་པའི་ཕྱིར་རྒྱུ་མཚན་དེ་དག་ལ་བརྟེན་ནས་པ་པོ་ལས་གཞན་པའི་བདག་སྒྲའི་ཕྲད་བ་བོ་མ་མོ་རྣམས་འཇིག་རྟེན་པའི་ཉེར་སྤྱོད་དང་བསྟུན་ནས་བདག་སྒྲར་ཞལ་གྱིས་བཞེད་པ་གྲུབ་བོ། །འོ་ན་བ་ཉིད་བདག་སྒྲར་འཇུག་པ་ལྟ་ཅི་བདག་པོའི་དོན་ཅན་དུ་ཡང་མི་འགྱུར་བ་ཤེས་དགོས་གསུངས་པ་མ་ཡིན་ནམ་ཞེ་ན་དེ་ནི་འཁོར་ལོ་བསྒྱུར་བ་ཞེས་པའི་སྐབས་ཀྱི་བ་ཡིག་ཡིན་གྱི་དུས་དང་རྣམ་པ་ཀུན་ཏུ་བ་ཡིག་ཉིད་ཀྱིས་བདག་པོའི་དོན་ཅན་དུ་མི་འགྱུར་ཞེས་པ་ག་ལ་ཡིན་ཏེ་མིན་ནོ།
འོན་ཀྱང་དེ་ལ་དཔྱད་པར་བྱ་བ་འདི་ལྟར་ཡོད་དེ། སི་ཏུའི་དགག་ཡུལ་གྱི་སུམ་ཅུ་པའི་འགྲེལ་བྱེད་མཁན་པོ་རྣམས་ཀྱིས་པུ་ལིངྒའི་དོན་ཇི་ལྟར་བཀྲལ་ཡོད་དང་། ཕོ་རྟགས་སུ་བཀྲལ་བ་དང་པ་སྡེའི་རྟགས་སུ་བཀྲལ་བ་གཉིས་སྔ་ཕྱིས་གང་ཡིན་དཔྱད་དགོས་པར་སྣང་ངོ་། །གལ་ཏེ་ཕོ་རྟགས་སུ་བཀྲལ་བ་སྔ་ལ་པ་སྡེའི་རྟགས་སུ་བཀྲལ་བ་ཕྱིས་ན་སྔར་གྱི་ཁ་སྐད་དུ་བདག་སྒྲ་པ་པོ་འབའ་ཞིག་དང་བ་བོ་མ་མོ་རྣམས་ཕྱིས་སུ་བྱུང་བ་ཡིན་པར་ཁ་ཚོན་གཅོད་ནུས་སྙམ། སི་ཏུས་སེ་ར་བ་སོགས་གྲོང་སྐད་ཡིན་ཅིང་དེ་ལས་གཞན་པའི་དཔེར་བརྗོད་འཇོག་འོས་ཀྱང་འཇོག་རྒྱུ་མེད་པའི་ཕྱིར་ཞེས་གསུངས་པར་བརྟགས་ན་ཡང་། བ་བོ་བདག་སྒྲའི་ཕྲད་དུ་འཇུག་པའི་དཔེར་བརྗོད་ཅིག་ཚན་ལྡན་གྱི་ཡིག་ཆར་མེད་པ་ཤེས་ནུས་སོ། །
གང་ལྟར་ཁོ་བོའི་གོང་གི་རྩོམ་ཡིག་གི་དམིགས་ཡུལ་ངོ་མ་ནི་ལེགས་བཤད་ལྗོན་དབང་དུ་བདག་སྒྲ་གཞན་དབང་ཅན་དུ་བསྟན་ནམ་མ་བསྟན་དཔྱད་རྒྱུ་ཡིན་པས། དེ་དཔྱད་པ་ལ་བདག་སྒྲའི་སྐོར་ཤེས་དགོས་པ་གལ་ཆེ་བར་མཐོང་ནས་བདག་སྒྲའི་སྐོར་གྱི་མཁས་པ་སོ་སོའི་བཞེད་པ་ལ་ཅུང་ཟད་དཔྱད་པ་ཡིན། དེ་ཡིན་དུས་ཁོ་བོས་ལེགས་བཤན་ལྗོན་དབང་གི་དགོངས་པ་ལ་བདག་སྒྲ་ཕྲད་གཞན་དབང་ཅན་མིན་པར་རང་དབང་ཅན་ཡིན་པར་གྲུབ་པ་ལ་དེའི་སྒྲུབ་བྱེད་དུ་ལྗོན་དབང་རྩ་བར། སྦྱོར་བ་ལེགས། །ཞེས་གསུངས་པ་དྲངས་ཡོད་ཀྱང་ཁ་ཅིག་གིས། ལེགས་ཞེས་པ་ཡ་ཆ་ལས་ཆའི་སྦྱོར་ཚུལ་ཁོ་ན་ལ་སྦྱར་དགོས་པར་གསུངས་འདུག། དེ་ལ་ཁོ་བོའི་བསམ་ཚུལ་ལྟར་བྱས་ན་ཚིགས་བཅད་ཀྱི་སྦྱོར་ཚུལ་གྱིས་སྦྱོར་བ་ལེགས་ཞེས་པ་ཚིགས་བཅད་ཀྱི་རྐང་པ་མཐའ་མར་བྱུང་བ་ཡིན་ཀྱང་། དེའི་དོན་གྱིས་ནི་གོང་གི་ཚིག་རྐང་ཀུན་ལ་ཁྱབ་དགོས་སྙམ། གལ་ཏེ་ལེགས་ཞེས་པ་ཆ་ལ་པ་ཉིད་སྦྱོར་བ་ཁོ་ན་ལ་འཇུག་དགོས་སྙམ་ན་སྦྱར་བ་ཞེས་པ་ཡང་དེ་ཁོ་ན་ལ་འཇུག་དགོས་པར་འགྱུར་བས། འོ་ན་བདག་པོའི་སྒྲ་སྟེ་ག་ད་ན། །བ་མ་ས་དང་དྲག་མཐར་པ། །ཞེས་པར་པ་སྦྱར་དགོས་པ་ཇི་ལྟར་ཤེས་ཏེ་དེར་སྦྱར་ཞེས་པའི་སྒྲ་མི་སྣང་བའི་ཕྱིར། མ་ཟད་བདག་སྒྲ་གཞན་དབང་ཅན་དུ་འདོད་ན་རྙིང་མ་པ། ས་སྐྱ་པ། ཁྱིམ་པ། གྲྭ་པ། ཞེས་པ་ལ་སོགས་པ་ཡིག་ཆ་ཚད་ལྡན་དུ་བྱུང་བ་དེ་དག་ཐམས་ཅད་ནོར་བར་ཁས་ལེན་དགོས་པར་འགྱུར་ལ། དེ་ལྟར་འདོད་ན་ཧ་ཅང་ཐལ་བར་མི་འགྱུར་རམ། ཡང་ལྗོན་དབང་གི་དགོངས་པར་བདག་སྒྲ་གཞན་དབང་ཅན་མིན་པའི་སྒྲུབ་བྱེད་དུ་དབྱངས་ཅན་གྲུབ་རྡོར་དངུལ་ཆུའི་དངོས་སློབ་ཡིན་པས་བླ་སློབ་དགོངས་པ་འགལ་བ་མི་རུང་ཚུལ་བརྗོད་པ་ནི། དབྱངས་ཅན་གྲུབ་རྡོར་གྱིས་ལེགས་བཤད་ལྗོན་དབང་དུ་གང་བཤད་པ་དེ་རྩ་བའི་བླ་མའི་བཞེད་གསུངས་སི་ཏུའི་ཞལ་ལུང་ལ་ཁུངས་བཅོལ་བར་གཞི་བཞག་ནས། རང་ཉིད་ཀྱིས་ཁུངས་གཏུགས་སའི་གཞུང་དང་གང་ལ་ཁུངས་གཏུགས་ནས་བརྩམས་པའི་བརྩམས་ཆོས་གཉིས་ཀྱི་དགོངས་པ་འགལ་བར་འབྱུང་མི་རུང་བར་སེམས་པ་ཙམ་དང་དེ་ཡང་ཁོ་བོའི་ཀུན་རྟོག་ཙམ་ལགས་པས་དེ་ལས་ལྷག་པའི་སྒྲུབ་བྱེད་གང་ཡང་མ་མཆིས། འོན་ཀྱང་གོང་དུ་དྲངས་མ་ཐག་པ་ལྟར་ཐོན་མིའི་ཞལ་ལུང་གི་བདག་སྒྲ་བཤད་ཚུལ་དངུལ་ཆུ་ལ་ཁུངས་གཏུགས་བཞིན་དུ་སི་ཏུའི་ཞལ་ལུང་དང་ཐོན་མིའི་ཞལ་ལུང་གཉིས་དགོངས་པ་འགལ་བར་བྱུང་བ་ལ་གཞིགས་ན་དེ་ལྟར་འབྱུང་བ་མི་སྲིད་པ་ཡང་མི་འདུག་གོ།
འགའ་ཞིག་གིས་བདག་སྒྲ་དང་མིང་མཐའི་སྦྱོར་ཚུལ་རྟགས་མཚུངས་འདྲེན་ཚུལ་དང་བསྟུན་དགོས་པར་གསུངས་འདུག་པས་བདག་ནི་རྟགས་འཇུག་ལ་རྒྱུས་མངའ་ཅུང་ཙམ་ཡང་མེད་པས་དེའི་ཐད་གང་ཡང་ཞུ་རྒྱུ་དབེན་ལ། དེ་ནི་ཁོ་བོར་རྟགས་འཇུག་ལ་བལྟ་དགོས་པའི་བསྐུལ་མར་སོང་བས། ཕྱིས་སུ་རྟགས་འཇུག་ལ་བལྟས་ནས་དེའི་སྐོར་ལ་དོགས་པ་འདྲ་ཞིག་འབྱུང་ན་སླར་ཡང་འདིར་འགོད་རྒྱུ་ཡིན་ཞུ།
འདྲེ་ནག་མགོ་དགུ་ནས་”དེ་རིང་བདག་སྒྲའི་སྐོར་གསུངས་པར་་ཐུགས་རྗེ་ཆེ། སྔོན་གྱི་དབུས་གཙང་གཉིས་སུ་བྱོན་པའི་བརྡ་སྤྲོད་མཁན་པོ་ཕལ་ཆེར་གཅིག་གྱུར་གྱིས་བདག་སྒྲའི་ཕྲད་འདི་ཕྲད་གཞན་དབང་ཅན་ཡིན་པར་གསུངས་པ་ལས། རང་དབང་ཅན་དུ་གསུང་མཁན་བྱུང་མེད་ཅེས་བཤད་ཆོག”
བདག་གིས་ནི་སི་ཏུའི་འགྲེལ་པ་དང་དེའི་རྗེས་འབྲངས་ཀྱི་འགྲེལ་པ་འགའ་ཞིག་མ་གཏོགས་མཇལ་མ་མྱོང་ཞིང་དེ་དག་རྣམས་སུ་སུམ་ཅུ་པའི་རྩ་བའི་ས་བཅད་ལ་སྦྱར་བྱའི་ཡི་གེའི་རྣམ་གཞག་བཤད་པ་དང་སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བཤད་པ་གཉིས་སུ་བཞག་པ་དང་། སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་ལ་ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བཤད་པ་དང་། ཕྲད་རང་དབང་ཅན་ཁོ་ན་བཤད་པ་ཞེས་གཉིས་སུ་བཞག་ནས། བདག་སྒྲ་ནི་ཕྲད་རང་དབང་ཁོ་ན་བཤད་པའི་ས་བཅད་ཀྱི་འོག་ཏུ་བཤད་པ་མཐོང་། དེས་ན་བདག་སྒྲ་ཕྲད་གཞན་དབང་ཅན་དུ་འདོད་པའི་དབུས་གཙང་གི་མཁས་པ་གཉིས་པོ་སུ་ཡིན་དང་དེ་དག་གི་གཞུང་གི་མཚན་གང་ཡིན་སོགས་གསུངས་ཐུབ་ན་བདག་ལ་ཆེས་ཕན་པར་སེམས།
མདུན་སར་སྤེལ་ཆེད་དུ་བྲིས་པ་ཞིག་གཏན་ནས་མ་ཡིན། མདུན་ས། ཞེས་པ་དང་། འདུན་ས། ཞེས་པའི་ཚིག་དག་ལ་ནོར་བ་ཐེབས་པ་མང་དུ་མཐོང་། སྒྲ་ཕྱི་མ་འདུན་ས་ཞེས་པ་དེ་འདུས་ས་ཞེས་པའི་དོན་དུ་སྣང་། བོད་ཡིག་སྐད་དུ་ཡང་དོན་གཅིག་གམ། ་མིང་གཞི་གཅིག་ལ་རྗེས་འཇུག་མི་འདྲ་བ་ཡོད་དེ། དཔེར་ན། ཟས་དང་ཟན། ཚོས་དང་ཚོན། རྫུན་དང་རྫུས། སློབ་དཔོན་འདུན་བཟང་ཞེས་པ་དང་སློབ་དཔོན་འདུས་་བཟང་གཉིས་ཀ་བསྟན་བཅོས་དག་ན་མཆིས། གཞན་ཡང་དགེ་འདུན་ཞེས་པ་འདུན་ཏེ་འདུས་པའི་དོན་ལ་འཇུག་ཀྱང་། འདུན་པ་སྟེ་འདོད་པའམ་མོས་པའི་དོན་ལ་འགྲེལ་པ་ཡང་མཐོང་ངོ་།།
སི་ཏུས། ༡༤༢ལས། ལྷ་ས་བ། སེ་ར་བ། ལྷ་བུ་ནི་གྲོང་པའི་སྐད་ཕལ་པ་ཙམ་དུ་ཟད་པས་དཔེར་མི་འོས་ཏེ། དེ་འདྲ་ལ་ཡིད་བརྟན་འཆའ་ན་ནོར་བ་མང་པོའང་ཁས་ལེན་དགོས་པར་འགྱུར་ཞིང་། དེ་དག་དག་པར་འདོད་ན། ལྷ་ས་པ། སེ་ར་པ། ལྷ་བུར་བརྗོད་རིགས་པའི་ཕྱིར་རོ། ཞེས་གསུངས།
སི་ཏུས།
རྟ་པ། གསེར་པ། ཁ་ལོ་པ། ཕྲིན་ལས་པ། བྱེད་པོ། ལེན་པོ། གཏོང་བ་པོ། ཡོད་པ་པ། མེད་པ་པ། བྱེད་པ་པོ། ཤེས་པ་པོ། འབྱིན་པཔོ། ཞི་བ་པ། ལྷ་པ། ཆོས་པ། ཡང་། ལྷ་ས་པ། སེ་ར་པ། ལྷ་བུར་བརྗོད་རིགས་པའི་ཕྱིར་རོ།
གཡུ་འབྲུག་དཀར་བོ་ལགས། བདག་སྒྲའི་རྙོག་དྲ་འདི་སྔོན་བྱོན་མཁས་པའི་གསུང་འབུམ་དང་བཀའ་བསྟན་སོགས་ལ་བརྟེན་ཐག་གཅོད་བྱེད་ཤིན་ཏུ་དཀའ། དབུས་གཙང་དང་ཁམས་ཕྱོགས་ནས་པར་སྐྲུན་བྱས་པ་རྣམས་ལ་པ་ཡིག་མང་བའི་དབང་དུ་བཏང་ཡང་། ཨ་མདོའི་ཕྱོགས་ནས་པར་སྐྲུན་བྱས་པ་རྣམས་ལ་བ་ཡིག་མང་བ་
ཡོང་གིན་ཡོད་པས་རེད། དེས་ན་མིང་མཐའི་པ་བ་དང་བདག་སྒྲའི་པ་བ་རྣམས་ཇི་ལྟར་ཐོབ་པའི་ཚུལ་འདི་ནི་
རྩ་བ་རང་ལ་གཏུགས་ན་དགེ་མཚན་ཆེ་བར་མཐོང་ལ། རྗེ་ཞ་ལུ་ལོ་ཙཱ་བ་དང་། རྣམ་གླིང་པཎ་ཆེན་སོགས་ཀྱིིས་
བདག་སྒྲ་འདི་ཕྲད་རང་དབང་ཅན་དང་གཞན་དབང་ཅན་གང་ཡིན་གསུང་ཟིན་ལ་མ་ཐོན་ཀྱང་། ཕྲད་རང་
དབང་ཅན་དུ་མི་བཞེད་པ་ཤིན་ཏུ་གསལ་ཏེ། རྗེས་འཇུག་ག་ད་ན་བ་མ་ས་ད་དྲག་བཅས་ཀྱི་མཐར་པ་པོ་གཉིས་འཐོབ་པར་གསུངས་ལ། ང་འ་ར་ལ་མཐའ་བཅས་ལ་བདག་སྒྲ་བ་བོ་གཉིས་ཐོབ་ཚུལ་གསུངས་པའི་གནད་འདིས་ཤེས་པར་འགྱུར་རོ། །འོན་ཀྱང་དེ་དག་ལ་སྐབས་འགར་པ་པོ་ཡང་ཐོབ་པར་གསུངས་པ་ནི་བརྗོད་
བདེ་འདྲེན་པའི་དབང་དུ་བྱས་པ་ཡིན་ནོ། །དེ་བཞིན་དུ་དཔལ་ཁང་ལོ་ཙཱ་བས་ཀྱང་བདག་སྒྲ་དང་མིང་མཐའི་
པ་བ་ཐོབ་ཚུལ་རྣམས་ཕྲད་གཞན་དབང་ཅན་ཡིན་པར་གསལ་བར་གསུངས་ཤིང་། རྗེ་ཀརྨ་ཞྭ་དམར་བས་ཀྱང་
བདག་སྒྲ་འདི་ཕྲད་གཞན་དབང་ཅན་དུ་བཞེད་པར་གསལ་ཏེ། རྗེ་དངུལ་ཆུ་དྷརྨ་བྷ་དྲས་བདག་སྒྲ་ཕྲད་གཞན་དབང་ཅན་བཞེད་པའི་ཁུངས་ཀྱང་དེ་ལ་གཏུགས་པར་གསུངས་པས་སོ། །དེ་བཞིན་དུ་དབུས་གཙང་གི་མཁས་པ་ཚད་ལྡན་མཐའ་དག་གིས་མིང་མཐའ་དང་བདག་སྒྲ་གང་དུ་དབང་དུ་བཏང་ཡང་རྗེས་འཇུག་ག་ད་ན་བ་
མ་སོགས་ལ་པ་པོ་གཉིས་ངེས་པར་སྦྱར་ཡོད་མོད། ང་འ་ར་ལ་སོགས་ལ་པ་བ་གཉིས་ཀ་སྐབས་ཀྱིས་སྦྱར་བར་
མཛད་ཡོད་པ་འདིས་ཁོང་ཅག་གིས་བདག་སྒྲ་ཕྲད་རང་དབང་ཅན་དུ་མི་བཞེད་པའི་རྒྱུ་མཚན་གསེར་གྱི་རི་
ལྟ་བུ་ཡིན་ནོ། །རྗེ་པྲ་ཏི་རིན་པོ་ཆེ་ཡང་དེ་ལྟར་བཞེད་པ་ནི་ཞུ་མ་དགོས་པ་ལགས་སོ། །འདིར་སླར་ཡང་ཞུ་སྙིང་
འདོད་པ་ཞིག་ནི། སྤྱིར་བརྗོད་བདེ་འདྲེན་པ་མི་འདོད་པ་མིན་མོད། དེ་ནི་ཤིན་ཏུ་དམིགས་བསལ་ཅིག་ཡིན་ནོ་ཞེས་ནན་གྱིས་བརྗོད་པར་བྱའོ། །
མང་དུ་ཐོས་ཀྱང་རིགས་པ་མི་ཤེས་ན། །དོན་གྱི་གནད་གསང་འབིགས་པར་ག་ལ་ནུས། །
ལུང་རིགས་མན་ངག་གསུམ་དང་ལྡན་པ་ཡིས། །གཞུང་གི་དགོངས་གནད་རྟོགས་པར་ཨ་ནུས་གསུངས། །
རྟོག་གེར་སྦྱངས་ཀྱང་བླུན་པོའི་ངང་ཚུལ་ཅན། །ལུང་ཙམ་སྐྱབས་སུ་བརྟེན་པ་དེ་དག་གིས། །
བསྐལ་པར་རྟོགས་པར་མ་ནུས་ཐོན་མིའི་གཞུང་། །བདག་བློའི་རིགས་མཚོན་གྱིས་ཕིགས་ལ་ལྟོས། །
ན་རོ་ཡོད་མེད་པ་བ་མ། །
བདག་སྒྲ་ཡིན་ཏེ་སྦྱོར་ཚུལ་ནི། །
རང་མོས་ཅི་བདེར་སྦྱར་བས་ཆོག །
དང་པོ་དང་བོ་དང་པ་བཞིན། །
ལེགས་བཤད་ལྗོན་དབང་གི་བདག་སྒྲའི་སྐོར་ལ་སྐད་གསར་བཅད་ཀྱི་གཏན་འབེབས་ཡིན།
མེ་དཀར་ལགས། ཡང་བསྐྱར་གསུང་མཇལ་བྱུང་བར་ཤིན་ཏུ་དགའ། གུས་པས་བསམ་ངོར་ཁྱེད་ནི་ཀརྨ་བཀའ་
བརྒྱུད་ཅིག་ཡིན་ནམ་སྙམ། དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ལ་འདི་ལྟ་བུའི་གདེང་འཇོག་གནང་བར་
ཐུགས་རྗེ་ཆེ། དེས་ན་ཁོང་གིས་དཀའ་གནས་གསལ་བའི་མེ་ལོང་ལས། མོ་ཡིག་དབྱངས་དང་མི་ལྡན་ན། །
ཕོ་ཡིག་བརྗོད་པ་མེད་པར་འགྱུར། །དེ་ཕྱིར་དབྱངས་ལྔ་བཞེད་པ་བདེ། །ཞེས་ཨ་དབྱངས་སུ་བཞག་འདུག་པས་
ཀུན་མཁྱེན་དྷརྨཱ་ཀ་རའི་ཨ་ཕར་ཟད་ཨི་ཨུ་ཨེ་ཨོ་བཞི་ཡང་དབྱངས་དངོས་མ་ཡིན་པར་སྒྲུབ་པའི་སྐུ་ཚེགས་བསྟེན་འདུག་པ་དེ་དག་ངལ་བ་འབྲས་བུ་མེད་པར་མི་འགྱུར་རམ།
འདྲེ་ནག་དབུ་དགུ་ལགས། ཁྱེད་ཀྱིས་ཞ་ལུ་ལོ་ཙཱ་བ་དང་རྣམ་གླིང་པཎ་ཆེན་གྱིས་བདག་སྒྲ་གཞན་དབང་ཅན་དུ་བཞེད་གསུངས་འདུག་ཀྱང་། རྣམ་གླིང་པཎ་ཆེན་གྱི་འགྲེལ་པ་བདག་ལ་མེད་གཤིས་ཇི་ཡིན་མ་ཤེས། ཞ་ལུ་ལོ་ཙཱ་བས་ནི་བདག་སྒྲའི་ཕྲད་རྗེས་འཇུག་ལ་ལྟོས་དགོས་ཚུལ་ཞིག་རྩ་བ་ནས་གསུངས་མིན་འདུག། ཁྱེད་ཀྱིས་གཟིགས་པའི་ཞ་ལུའི་འགྲེལ་པ་དང་ཁོ་བོས་མཇལ་བའི་ཞ་ལུ་ལོ་ཙཱའི་འགྲེལ་པ་གཉིས་སོ་སོ་ཡིན་ན་མ་གཏོགས། དེ་མིན་ངས་ངའི་མིག་འཁྲུལ་བ་མིན་ནམ་བསམ་ཏེ་ཡང་ཡང་མིག་ཕྱིས་བཞིན་དུ་བལྟས་པ་ཡིན་ཏེ། ཇི་ཙམ་བལྟས་ཀྱང་བདག་སྒྲའི་ཕྲད་རྗེས་འཇུག་ལ་ལྟོས་དགོས་ཚུལ་གསུངས་པ་མ་མཇལ།
ཡང་ཉིད་ཀྱིས་སི་ཏུའི་ཞལ་ལུང་དུ་བདག་སྒྲ་གཞན་དབང་ཅན་ཡིན་པར་བཞེད་ཚུལ་གསུངས་འདུག་ཀྱང་། སི་ཏུའི་ཞལ་ལུང་དུ་དེ་ལས་ལྡོག་སྟེ་བདག་སྒྲ་རང་དབང་ཅན་ཡིན་པར་གསུངས་ཡོད་ཚུལ་ཁོ་བོས་གོང་དུ་གསལ་བཤད་ཞིབ་པར་ཕུལ་ཡོད་པས་བསྐྱར་ཟློས་མ་དགོས།
ལྷག་དོན་དུ་ཡང་ངས་དེ་རིང་སུམ་ཅུ་པའི་འགྲེལ་པ་བཅུ་ཙམ་ཞིག་མཇལ་བ་ཡིན་ཏེ། སྟེས་དབང་ཞིག་གིས་དེ་དག་ཐམས་ཅད་ཞ་ལུའི་རྗེས་འབྲངས་ཤ་སྟག་དང་ཐུག་བྱུང་། དེ་དག་ཀུན་ལ་དགོངས་པ་གཅིག་དང་དབྱངས་གཅིག་གིས་པུ་ལིངྒ་ཡི་དོན་ཕོ་རྟགས་སུ་བཀྲལ་འདུག་པ་དང་། བདག་སྒྲའི་ཕྲད་པ་བ་པོ་ཅན་བཞི་ཁོ་ནར་ངོས་འཛིན་གནང་འདུག། དེ་དག་བདག་སྒྲའི་ཕྲད་ཡིན་པའི་རྒྱུ་མཚན་ཡང་ཡི་གེ་དེ་དག་བྱ་བ་དང་གནས་ལ་སོགས་པའི་སྒོ་ནས་དོན་ཕོ་བརྗོད་པ་ལ་སྦྱར་བའི་རྒྱུ་མཚན་གྱིས་ཡིན་པར་གསུངས།
སྐུ་ཉིད་ཀྱིས་བདག་སྒྲའི་སྐོར་སྔོན་གྱི་མཁས་པ་རྣམས་ཀྱི་གསུང་ལ་བརྟེན་ནས་ཐག་གཅོད་དཀའ་བས་རྩ་བ་རང་ལ་བལྟས་ན་དྲག་ཚུལ་གསུངས་པ་ལ་དེ་དེ་བཞིན་ནོ་ཞེས་མ་ཞུ་ཀ་མེད་བྱུང་། ད་འོ་ན་སྐུ་ཉིད་ཀྱི་དགོངས་པ་ལྟར་ན་རྩ་བའི་དངོས་བསྟན་ལ་བདག་སྒྲ་ཕྲད་རང་དབང་ཅན་དུ་བཞེད་དམ་གཞན་དབང་ཅན་དུ་བཞེད། ཁོ་བོས་ནི་རང་དབང་ཅན་དུ་བཞེད་ན་རིགས་པར་མཐོང་སྟེ། རྒྱུ་མཚན་ནི་གཞུང་རྩ་བར་ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་དང་སྡེབས་གཅིག་ཏུ་བཤད་འདུག་ཅིང་། ཕྲད་རང་དབང་ཅན་རྣམས་སྡེབས་གཅིག་ཏུ་བཤད་འདུག་པས་སོ་སྙམ་མོ། སི་ཏུའི་རྗེས་འབྲངས་དང་བཅས་པ་རྣམས་ཀྱིས་ཚིག་ཕྲད་ཀྱི་འཇུག་པ་བཤད་པ་ལ་ཕྲད་རྣམ་དབྱེ་དང་བཅས་པ་བཤད་པ་དང་། ཕྲད་རང་དབང་ཅན་བཤད་པ་ཞེས་ས་བཅད་གཉིས་སུ་བཞག་པར་མཛད་ལ། བདག་སྒྲ་ཕྲད་རང་དབང་ཅན་གྱི་སྐབས་སུ་བཤད་འདུག་པ་གོང་ཞུས་ལྟར་ཡིན།
འོན་ཀྱང་ཕྲད་རང་དབང་ཅན་དང་གཞན་དབང་ཅན་གྱི་རྣམ་གཞག་ཀྱང་སི་ཏུས་སྲོལ་གཏོད་པ་འདྲ་སྙམ་སྟེ། ཞ་ལུ་རྗེས་འབྲངས་དང་བཅས་པའི་འགྲེལ་པར་དེ་ལྟར་མི་བྱུང་བའི་ཕྱིར་དང་། ས་བཅད་འཇོག་པའི་སྐབས་སུ་ཡང་རྣམ་དབྱེ་འཕྲོས་དང་བཅས་པ་བཤད་པ་དང་། ཚིག་ཕྲད་ཁོ་ན་བཤད་པ་ཞེས་གཉིས་སུ་འཇོག་པ་ལས་རང་དབང་ཅན་གྱི་ཐ་སྙད་མི་སྣང་བའི་ཕྱིར་རོ། །
མེ་དཀར་ལགས་ཀྱིས་བདག་སྒྲའི་སྦྱོར་ཚུལ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་ལ་དགའ་བསུ་ཞུ། བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལུགས་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་དགོས་པའི་དུས་ཚོད་ལ་ངེས་པར་སླེབས་འདུག། དེས་ན་ངས་ཀྱང་འགའ་ཞིག་སྐད་གསར་བཅད་ཀྱིས་གཏན་ལ་འབེབས་ན་འདོད།
ད་བ་ས་ཀྱི་ག་ང་གི། །ན་མ་ར་ལའི་རྗེས་སུ་གྱི། །འ་དང་མཐའ་མེད་འི་དང་ཡི། །ཡིག་ཐོག་བཀོད་ཚེ་གང་དྲན་བཀོད། །དེ་ནི་རྣམ་དབྱེ་དྲུག་པ་འབྲེལ་སྒྲའི་ཕྲད་སྦྱོར་ཚུལ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་ལགས་སོ། །
འོ་འདྲེ་ནག་ལ་ཞུ་རྒྱུ་ད་དུང་གཅིག་ལྷག་བཞག། ང་འ་ར་ལ་མཐའ་མེད་ཀྱི་མཐའ་རུ་པ་བ་སྐབས་ཐོབ་ཀྱི་སྦྱར་རུང་ན་བདག་སྒྲ་རྗེས་འཇུག་ལ་ལྟོས་པ་ཅན་དུ་མ་གྲུབ་པས་ཕྲད་གཞན་དབང་ཅན་དུ་ཇི་ལྟར་འགྲུབ། ཕྲད་གཞན་དབང་ཅན་ལ་རྟགས་མཚུངས་འདྲེན་ཚུལ་དང་བརྗོད་བདེ་འདྲེན་པའི་སྦྱོར་ཚུལ་ཞིག་ཀྱང་ཨེ་ཡོད། ཕྲད་གཞན་དབང་ཅན་ཞེས་པ་དུས་དང་རྣམ་པ་ཀུན་ཏུ་རྗེས་འཇུག་ལ་བལྟས་ནས་འཇུག་དགོས་པ་ཞིག་ལ་ཟེར་བ་མིན་ནམ། དེས་ན་རྗེས་འཇུག་ག་ད་བ་ས་དང་དྲག་མཐར་བདག་སྒྲ་པ་པོ་གཉིས་ཁོ་ན་འཇུག་ཀྱང་། པ་པོ་གཉིས་རྗེས་འཇུག་ག་ད་བ་ས་དང་དྲག་མཐར་ཁོ་ནར་འཇུག་པ་མིན་པ་ཉིད་ཀྱིས་ཀྱང་ཞལ་གྱིས་བཞེས་ལ་ལྗོན་དབང་དུ་ཡང་དེ་ལྟར་བཞེད་འདུག་པས་བདག་སྒྲ་ཕྲད་གཞན་དབང་ཅན་དུ་བཞེད་པ་ནི་ཆེས་འོས་ཤིང་འཐད་པར་མ་མཐོང་ངོ་། །
དགེ་ཤེས་ཤེར་རྒྱམ་ལགས་ཀྱི༼དུས་གསུམ་གྱི་རྣམ་བཞག་བློ་མུན་སེལ་བའི་འོད་སྣང་ལ་ཞུ་དག་གནང་བའི་དཔྱད་གཏམ། ༽ཞེས་པའི་ནང་དུ་སྨྲ་སྒོ་མཚོན་ཆའི་དབྱངས་བདུན་དང་། ངག་གི་སྒྲོན་མེའི་དབྱངས་ལྔ་ལྟ་བུ་རང་རེའི་རྩ་བའི་མཁན་པོ་ཐུ་མི་འཇམ་པའི་དབྱངས་ཀྱིས། ཨཱ་ལི་གསལ་ཨི་སོགས་བཞི། །ཞེས་གསུངས་པ་དང་འགལ་བས་ཁས་བླང་དུ་མི་རུང་། ཞེས་པ་དགེ་བཤེས་ཤེར་རྒྱམ་ཁོང་གིས་མུ་ཏིག་ཕྲེང་མཛེས་ལྟར་སུམ་རྟགས་ལ་ཤུགས་བསྟན་དང་དངོས་བསྟན་གྱི་རྣམ་དབྱེ་མི་འཇོག་པ་ནི་རང་ལུགས་སུ་མཛད་ཀྱང་། མུ་ཏིག་ཕྲེང་མཛེས་ལས་ཡང་འཇུག་གི་སྐོར་གསལ་ཁ་མེད་པར་བརྟེན་ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་གྱིས་ས་ཡང་འཇུག་ཏུ་མི་འདོད་པ་ལ་བརྟེན་ནས་འཇུ་མི་ཕམ་གྱིས་ཁོང་ལ་ས་ཕུད་བླ་མ་ཞེས་ཞྭ་མོ་དེ་གཡོགས་དགོས་བྱུང་པ་རེད། ཨ་ལགས་ཚེ་རྟན་ཚང་གིས་ཐོན་མིའི་ཞལ་ལུང་དུ་དགེ་བའི་བཤེས་གཉེན་ཤེས་རབ་རྒྱ་མཚོའི་སི་ཏུའི་ལུགས་ཀྱི་གསུང་སྒྲོས་དེ་རྣག་ཐོག་ཏུ་ཁེལ་བའི་བཙགས་ཀྱི་དཔེར་སོང་འདུག་པས་འདི་དག་ལ་བརྟེན་ནས་བློ་རྒྱ་བསྐྱེད་པའི་ཐབས་ལ་འབད་པར་འབོད་ཅིག །ཅེས་གསུངས་འདུག་པས། ཐོན་མིའི་ཞལ་ལུང་ལས་སུམ་ཅུ་བའི་སྐབས་གཙོ་བོར་པྲ་ཏིའི་ལུགས་ལྟར་དང་རྟགས་འཇུག་གཙོ་བོར་སི་ཏུའི་ལུགས་ལྟར་དུ་མཛད་ཅིང་། སི་ཏུའི་རྟགས་འཇུག་གི་འགྲེལ་བར་རྨད་དུ་བྱུང་བའི་བསྔགས་བརྗོད་ཆེན་པོ་གནང་འདུག་ལ། སི་ཏུས་བཀོད་པའི་དཔེར་བརྗོད་ལ་མཆན་འགྲེལ་བཅས་གནང་འདུག།
རྗེ་སི་ཏུས་ཀྱང་། གསེར་ཅན་དང་ཇ་མ་ཡང་པུལིངྒ་ཡི་་སྐབས་སུ་གསུངས་པར་མི་བཞེད་ཀྱང་བདག་སྒྲ་ཙམ་ཡིན་པར་ཁས་བླངས་འདུག་སྙམ་ལགས།
རྣམ་གླིང་པཎ་ཆེན་གྱི་སུམ་འགྲེལ་གྱི་སྣ་རིང་དཔེ་རྙིང་ཞིག་ང་རང་གར་ཞ་མཁའ་འགྲོ་གླིང་ལ་བསླེབས་དུས་མཇལ་མྱོང་། རྣམ་གླིང་པས་ར་ཡིག་ལ་དོན་གྱི་ཕྲད་ལ་མི་བཞེད་པར་བརྟེན་པྲ་ཏིས་ར་ཡིག་ཉམས་པ་ཡིན་གསུངས་པ་དེ་ག་རང་རེད། པྲ་ཏིའི་ཀུན་བཟང་དགོངས་རྒྱན་དུ། རྣམ་གླིང་པས། དེ་ལ་གཉིས་པ་ཨི་ཡང་སྦྱར།།ཞེས་པ་ལ་རྟེན་གཞིའི་སྒྲ་ར་ཡིག་ཉམས་པ་ཡིན་པས་གཉིས་པ་ཨི་ཡང་སྦྱར། ཞེས་པ་འཐད་པའི་རྒྱུ་མཚན་ར་མཐར་རུ་མི་འབྱུང་ཞིང་། འདིའི་གཉིས་པ་སྔོན་འཇུག་གི་གཉིས་པ་ད་ཡིག་ཡིན་པས། ད་ལ་ཨུ་སྦྱར་བའི་དུ་ཞེས་པ་ར་མཐར་མཐུན་པས་སོ།།ཞེས་འཆད་ཀྱང་། མ་དགོངས་པར་གསལ་ཏེ། འདིར་ཡང་གི་སྒྲ་དམིགས་ཀྱིས་སྦྱར་བ་ནི། དཔེར་ན། བུམ་པར་ཆུ་ཡོད། ཅེས་པ་ལྟ་བུར་མཚོན་ན། དེའི་ར་ཡིག་རྣམ་དབྱེ་བདུན་པར་འཇུག་པར་མ་ཟད། སུ་དང་དུ་ལྟ་བུ་རྗེས་འཇུག་སྔ་མ་ལས་ལོགས་སུ་རང་འདྲར་ཨུ་སྦྱར་བ་མིན་པར། ར་དེ་ཉིད་ལ་ཨུ་སྦྱར་བ་ཡང་འཇུག་པའི་དོན་དུ་གསལ་ཞིང་། ཨུ་སྦྱར་ཞེས་པའི་འཇུག་ཏུ་ཡང་འཐོབ་ཀྱང་ཚིག་སྦྱོར་དབང་གིས་ཡིན་ནོ།།ཞེས་གསུངས་པ་དེ་ནི་རྨད་དུ་བྱུང་བའི་ལེགས་བཤད་ཉིད་དེ། མཁས་པ་རྣམས་ཀྱི་བཤད་ཚུལ་བཀོད་ནས་དཔྱད་པ་གནང་སྟངས་དེ་དོན་གྱི་གནད་གསང་འབིགས་པར་ཁོ་བོས་འཁུམས་སོ།།
གཡུ་འབྲུག་དཀར་བོ་ལགས་སུ་ཞུ་རྒྱུར། སི་ཏུ་པཎ་ཆེན་གྱིས་བདག་སྒྲ་འདི་ཕྲད་རང་དབང་ཅན་ཡིན་ཞིང་།
དེ་ཡང་པ་པོ་གཉིས་གང་རུང་གིས་ཁྱབ་པར་བཞེདལ། རྗེ་དྷརྨ་བྷ་དྲས་ས་བཅད་སི་ཏུའི་འགྲེལ་ཆེན་གཞིར་
བཞག་མཛད་པ་ཙམ་ལས། བདག་སྒྲའི་ཕྲད་ངོས་འཛིན་སྐབས་སི་ཏུ་དང་གཏན་མི་འདྲ་བར་པ་པོ་བ་བོ་མ་མོ་
མཐའ་དག་བཞག་ཡོད་པ་ཁྱེད་ནས་མཐོང་ཡོད་ཤས་ཆེ། ཁྱོད་ལ་བདག་སྒྲ་བ་བོ་གཉིས་ཆོས་ཅན། ཁྱོད་འཇུག་
པ་རྗེས་འཇུག་ལ་མི་ལྟོས་པར་ཐལ། ཁྱོད་ཕྲད་རང་དབང་ཅན་ཡིན་པའི་ཕྱིར། ཁྱབ་སྟེ་དེ་ཕྲད་རང་དབང་ཅན་
གྱི་དོན་ཡིན་པའི་ཕྱིར། འདོད་ན། ཁྱོད་ག་ད་སོགས་ལ་ཡང་འཇུག་པར་ཐལ། ཁྱོད་ཕྲད་རང་དབང་ཅན་ཡིན་
པར་གྱུར་པའི་བདག་སྒྲ་ཡིན་པའི་ཕྱིར། ཁྱབ་སྟེ། བདག་སྒྲ་མ་མོ་ལྟ་བུ་སྐབས་ཐོབ་ཀྱིས་རྗེས་འཇུག་ཐམས་ཅད་ལ་
ཁྱད་མེད་དུ་འཇུག་པ་བཞིན་ཡིན་དགོས་པའི་ཕྱིར་རོ། །དེས་རྗེ་དྷརྨ་བྷ་དྲས་བདག་སྒྲ་ཕྲད་རང་དབང་ཅན་དུ་
བཞེད་ཚུལ་རྒྱུ་མཚན་ཅི་ཡང་མེད་དོ། །གལ་སྲིད་བདག་སྒྲ་ཕྲད་རང་དབང་ཅན་དུ་འདོད་ན་སི་ཏུ་ལྟར་པ་པོ་
གཉིས་ཁོ་ན་བདག་སྒྲར་འདོད་ན་མཛེས་ཀྱི། བ་བོ་ཡང་དེ་ལྟར་འདོད་ན་ག་ད་བ་ས་ན་མ་སོགས་ལ་བ་བོ་ཅིའི་
ཕྱིར་མི་ཐོབ་སྟེ། པ་པོ་ང་འ་ར་ལ་སོགས་ལ་ཐོབ་པ་ཡོད་ལ་བ་བོ་ག་ད་སོགས་ལ་ཐོབ་མི་རུང་བའི་རྒྱུ་མཚན་ཅི་
ཡང་མེད་དོ། །དེས་ན་དབྱངས་ཅན་གྲུབ་པའི་རྡོ་རྗེས་ག་ད་སོགས་ལ་ཆ་དང་ཡའི་ཁྱད་པར་མི་འབྱེད་ཅིང་
ང་འ་སོགས་ལ་ཆ་ཡའི་ཁྱད་པར་ཕྱེ་ཡང་ཁྱབ་དཀའ་སྟེ། དབུས་གཙང་སྐད་གཞིར་བཞག་ན་གྲྭ་པ་དང་བྱེད་
པ་བོ་ཟེར་བ་ལས་གྲྭ་བ་དང་བྱེད་པ་པོ་ལྟ་བུ་བརྗོད་བདེ་བ་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །
དེས་ན་རྗེ་ཞ་ལུ་བ་དང་རྗེ་དྷརྨ་བྷ་དྲ་སོགས་ཀྱིས་ག་ད་སོགས་ལ་པ་པོ་ཐོབ་ཕྲད་གཞན་དབང་ཅན་དང་ང་འ་
སོགས་ལ་པ་པོ་བ་བོ་ཐོབ་པ་རང་དབང་ཅན་ཡིན་ནོ་ཞེས་ཐབས་སྐྱོ་བའི་ཞིབ་ཆ་མི་འབྱེད་པར་ངེས་སོ། །
དྲ་གྲོགས་རྣམ་པ་ཚོ་གུས་པ་འགྲོ་དགོས་བྱུང་སོང་བས། དགོང་མོ་ཡང་བསྐྱར་བགྲོ་གླེང་ལྷུག་པོ་ཡོང་བའི་རེ་བ་
བཅང་ཡོད། དེའི་བར་ལ་ཁྱེད་རྣམ་པའི་དགོངས་ཚུལ་རེ་གསུངས་དང་།
ཁམས་ཀྱི་མཁས་པར་པ་ཡིག་མང་བ་དང་། །དབུས་གཅང་མཁས་པས་པ་བ་འདྲེས་མར་སྦྱར། །ཨ་མདོའི་མཁས་
པར་བ་ཡིག་མང་རྣམས། །བདག་་གིས་རིགས་པའི་སྲང་ལ་ལན་མང་བཅལ། །རང་གི་འདོད་པས་གང་ལ་འཐེན་
ཆོག་པའི། །པ་བའི་འཇུག་པས་བརྡ་སྤྲོད་འཕྱོན་མ་བཞིན། །གྱུར་པའི་ཚུལ་འདི་ཐོན་མིའི་དགོངས་པ་དངོས་། །
ཡིན་མིན་རིགས་པའི་མདའ་ཡིས་ཕིགས་ན་ཤེས། །
འདྲེ་ནག་མགོ་དགུ་པ་དང་གཡུ་འབྲུག་དཀར་པོ་གཉིས་ཀྱི་དཔྱད་པ་ཡག་པོ་གནང་གི་འདུག །མུ་མཐུད་དུ་ཡིན་ད། བདག་སྒྲ་རྗེས་འཇུག་ལ་མི་བལྟོས་པའི་ཕྲད་རང་དབང་ཅན་ཡིན་པས་ཕྲད་རང་དབང་ཅན་ཟེར་ཡང་། བརྗོད་བདེ་དང་རྟགས་མཚུངས་འདྲེན་པ་ལ་བལྟོས་པས་ཕྲད་གཞན་དབང་ཅན་ཟེར་ན་འགྲིག་གི་ཨེ་ཡོད། མཁས་པ་རྣམས་ཀྱིས་དཔྱད་པར་བྱ།
གཟུ་བོར་གནས་པ་སྤྲིན་གྱི་བ་གམ་ནས།།
གནམ་ལྕགས་ཐོག་གིས་རྨོངས་བའི་ཀླད་པ་འགེམས།།
རིགས་ལམ་འོད་སྟོང་འཕྲོ་ཞིང་གཟི་དཔལ་ཆེ།།
གནའ་ནས་ད་བར་མཁས་པའི་འཇུག་ངོགས་ཡིན།།
འདྲེ་ནག་ལགས། དངུལ་ཆུས་བདག་སྒྲའི་ཕྲད་དངུལ་ཆུ་དང་མ་འདྲ་བར་བཞེད་པ་ལ་ཤེས་རྟོགས་བྱུང་བ་མ་ཟད། དེ་ལྟར་བཞེད་དགོས་པའི་རྒྱུ་མཚན་གང་ཡིན་ཡང་གསལ་པོར་རྟོགས་ཏེ། གོང་དུ་ཚངས་པའི་ཐིག་གི་སྤུན་ཟླའི་ལུང་དྲངས་ནས་བཀོད་ཡོད་པ་ལྟར་ཡིན། བསྐྱར་དུ་ཞུ་ན་སུམ་ཅུ་པའི་གཞུང་བྱིངས་སི་ཏུའི་དགོངས་པ་ལྟར་བཀྲལ་ཞིང་བདག་སྒྲའི་ཐད་དུ་སི་ཏུ་དང་མ་བསྟུན་པར་བཀྲལ་བ་ནི་སི་ཏུའི་འགྲེལ་པར་བདག་སྒྲའི་ཐད་དུ་དཔེ་ཤིན་ཏུ་མི་གསལ་བར་བརྟེན་ཞྭ་དམར་བའི་འགྲེལ་ཚུལ་ལ་གཞིར་བཞག་ནས་བཀྲལ་བ་ཡིན་པས་གཞུང་གི་དགོངས་པར་འབྱོར་མིན་མ་ངེས་ཀྱང་ཞེས་གསལ་པོར་གསུངས་འདུག།
ཁྱེད་ལྟར་ན་དངུལ་ཆུས་རང་ཉིད་ཀྱིས་གང་བཤད་པ་ཡང་མ་ངེས་པར་འདོད་དགོས་པར་འགྱུར་ཏེ། རང་དབང་ཅན་གྱི་ས་བཅད་ཀྱི་འོག་ཏུ་གཞན་དབང་ཅན་འཆད་འདུག་པའི་ཕྱིར། དེར་གཟིགས་དང་། གཉིས་པ་རྗེས་འཇུག་ལ་མ་ལྟོས་པའི་ཕྲད་རང་དབང་ཅན་བཤད་པ་ལ་དྲུག། ནི་སྒྲ། དང་སྒྲ། དེ་སྒྲ། གང་སྒྲ། བདག་སྒྲ། དགག་སྒྲ་བཤད་པའོ། ། ཞེས་གསུངས་མི་འདུག་གམ། ཁྱེད་ཀྱིས་བྱས་ན་དེ་ནི་སི་ཏུའི་དགོངས་པ་ལྟར་བཞག་པ་ཙམ་ལས་ཁོང་གི་དགོངས་པ་དངོས་མིན་ཞེས་ཟེར་རྒྱུ་ཡིན་ནམ། དེ་ལྟར་ན་གཞུང་གི་ས་བཅད་རང་གི་དགོངས་པ་ལྟར་མ་བཞག་པར་སི་ཏུ་ལྟར་བཞག་དགོས་པའི་དགོས་པ་ཅི་ཡིན། ས་བཅད་ཀྱི་དགོས་པ་ནི་གཞུང་དོན་མ་འཁྲུགས་པར་རྟོགས་པའི་ཆེད་དུ་མ་ཡིན་ནམ།
བདག་སྒྲའི་ཕྲད་བ་རྗེས་འཇུག་ང་འ་ར་ལ་དང་མཐའ་མེད་ཀྱི་མཐའ་མ་ཁོ་ནར་འཇུག་པས་བདག་སྒྲ་བྱིངས་གཞན་དབང་ཅན་དུ་འགྱུར་ན། བདག་སྒྲའི་ཕྲད་པ་རྗེས་འཇུག་ག་ད་བ་ས་དྲག་མཐར་དང་ང་འ་ར་ལ་མཐའ་མེད་ཀྱི་མཐའ་ཀུན་ལ་འཇུག་པས་རང་དབང་ཅན་ཅི་ལ་མི་འགྱུར། ད་དུང་ཁྱོད་ཀྱིས་རྣམ་གླིང་པ་དང་ཞ་ལུ་པས་བདག་སྒྲ་གཞན་དབང་ཅན་དུ་འདོད་པའི་རྒྱུ་མཚན་ཡང་ཁོང་གིས་བདག་སྒྲའི་ཕྲད་དུ་བ་འདོད་པ་ཙམ་ལས་གཞན་ཅང་མེད་ལས་ཆེ། དེ་ལྟར་ན་ཁོང་གིས་བདག་སྒྲའི་ཕྲད་དུ་པ་བ་པོ་ཅན་བཞི་འདོད་པ་ལས་རྗེས་འཇུག་ལ་ལྟོས་དགོས་པ་བ་ཁོ་ན་མ་གཏོགས་པ་པོ་ཅན་གསུམ་རྗེས་འཇུག་ལ་ལྟོས་མི་དགོས་པར་ཁྱོད་རང་གིས་ཀྱང་འདོད་པས་རང་དབང་ཅན་དང་གཞན་དབང་ཅན་གང་ཡིན་བ་ཁོ་ན་ལ་ལྟོས་ལ་གཞན་གསུམ་ལ་ལྟོས་མི་དགོས་པའི་རྒྱུ་མཚན་ཅི། དེ་ལྟར་རྗེས་འཇུག་ལ་ལྟོས་དགོས་པའི་ཕྲད་བ་གཅིག་ལས་མེད་ཅིང་། རྗེས་འཇུག་ལ་ལྟོས་མི་དགོས་པ་པ་པོ་ཅན་གསུམ་ཡོད་པས་རྗེས་འཇུག་ལ་ལྟོས་མི་དགོས་པ་བཞི་ཆ་གསུམ་གྱིས་མང་བར་བརྟེན་ཁོ་བོས་ནི་མང་གཙོའི་ལམ་ལུགས་ལྟར་མང་མོས་ཀྱི་རྗེས་སུ་འབྲངས་ཏེ་ཕྲད་རང་དབང་ཅན་དུ་འདོད་པའི་དམ་བཅའ་བརྟན་པོར་བཅས་སོ། །འདྲེ་ནག་མགོ་དགུས་ལན་བརྒྱར་དཔྱད་པ་དང་། །གཡུ་འབྲུག་དཀར་པོས་ལན་གཅིག་དཔྱད་པ་གཉིས། །གཞུང་གི་དགོངས་པར་སུ་འབྱོར་སུ་མི་འབྱོར། །གཟུར་གནས་མཁས་པ་རྣམས་ཀྱིས་དཔྱད་པར་མཛོད། །ཅེས་ཀྱང་ཐལ་ལོ། །
དངུལ་ཆུས་བདག་སྒྲའི་ཕྲད་དངུལ་ཆུ་དང་མ་འདྲ་བར་
དངུལ་ཆུས་བདག་སྒྲའི་ཕྲད་སི་ཏུ་དང་མ་འདྲ་བར་ཞེས་བཅོས།
མིག་བརྒྱད་པ་ལགས། བདག་གིས་ནི་བདག་སྒྲ་རང་དབང་ཅན་དང་གཞན་དབང་གང་ཡིན་རང་ལུགས་ཤིག་བཞག་འདོད་པ་མིན་པར། སྔོན་གྱི་འགྲེལ་བྱེད་མཁན་པོའི་བཞེད་པ་གང་ཡིན་ལ་དཔྱད་པ་ཙམ་ཡིན་པས་དོན་དངོས་སུ་རང་དབང་ཅན་དང་གཞན་དབང་ཅན་གང་ཡིན་ཞེ་དྲི་ན་གང་ཡང་ཞུ་རྒྱུ་མེད། སྔོན་གྱི་སུམ་རྟགས་འགྲེལ་བྱེད་མཁན་པོ་སྟེ་རྣམ་གླིང་པན་ཆེན། བྲ་ཏི། ཞ་ལུ་ལོ་ཙཱ་བ། གྲྭ་པ་ནམ་སེང་རྣམས་ཀྱི་དགོངས་པ་ལྟར་ན་བདག་སྒྲ་ཕྲད་རང་དབང་ཅན་དུ་འདོད་ཡིན་པར་ངེས་ཏེ། རྒྱུ་མཚན་གོང་དུ་དྲངས་པ་ལྟར། བདག་སྒྲའི་ཕྲད་པ་པོ་བ་ཅན་བཞི་འདོད་འདུག་པའི་ཕྱིར་རོ། །འོན་ཀྱང་ཁོང་གི་སུམ་ཅུ་པའི་འགྲེལ་པ་རྣམས་སུ་ཕྲད་རང་དབང་ཅན་དང་གཞན་དབང་ཅན་གྱི་ཐ་སྙད་གཏན་ནས་མ་བྱུང་བར་གཞིགས་ན་ཕྲད་རང་དབང་ཅན་དང་གཞན་དབང་ཅན་གྱི་ཐ་སྙད་ཀྱང་སི་ཏུ་ནས་བྱུང་བ་མིན་ནམ་སྙམ། ངས་རྣམ་གླིང་པཎ་ཆེན་གྱི་འགྲེལ་པ་མཇལ་རྒྱུ་མ་བྱུང་རུང་ཞ་ལུ། བྲ་ཏི། གྲྭ་པ་ནམ་སེང་། དཀོན་མཆོག་ཆོས་གྲགས། དབྱངས་ཅན་དགའ་བློ་སོགས་ཀྱི་འགྲེལ་པ་རྣམས་མཇལ་ཡོད། དེ་དག་ཚང་མ་བཤད་སྒྲོས་དང་ས་བཅད་ཀྱི་ཁོག་དབུབ་ཚུལ། བདག་སྒྲའི་སྐབས་ཀྱི་པུ་ལིངྒའི་དོན་འགྲེལ་ཚུལ། བདག་སྒྲའི་ཕྲད་ངོས་འཛིན་མཛད་ཚུལ་རྣམས་ཁྱད་པར་སྤུ་ཙམ་ཡང་མིན་འདུག་ཅེས་བརྗོད་ཆོག་པ་འདུག། གཞུང་གི་ས་བཅད་འཇོག་པའི་སྐབས་སུ་ཡང་། རང་རང་སོ་སོའི་ཐ་སྙད་བེད་སྤྱོད་ཚུལ་གྱི་ཁྱད་པར་ཙམ་ལས། དོན་དངོས་ནི་ཐོག་མར་ཡི་གེའི་རྣམ་གཞག་རྒྱས་པར་བཤད་པ་དང་མིང་ཚིག་གི་འཇུག་པ་བཤད་པ་གཉིས་སུ་བཞག། མིང་ཚིག་གི་འཇུག་པ་བཤད་པ་ལ། རྣམ་དབྱེ་དང་བཅས་པའི་ཚིག་ཕྲད་དང་། ཚིག་ཕྲད་འབའ་ཞིག་པ་གཉིས་སུ་ཕྱེ་ནས་བཤད་གནང་འདུག་པ་ལས། རྗེས་འཇུག་ལ་ལྟོས་མི་ལྟོས་ཀྱི་རྣམ་གཞག་མཛད་པར་མ་མཐོང་།
སི་ཏུ་དང་དེའི་རྗེས་འབྲངས་རྣམས་ཀྱིས་ནི་སྦྱར་བྱའི་ཡི་གེའི་རྣམ་གཞག་དང་། སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་གཉིས་སུ་ཕྱེ། དེ་ལས་གཉིས་པ་ལ་རྗེས་འཇུག་ལ་ལྟོས་པའི་ཕྲད་རྣམ་དབྱེ་དང་བཅས་པ་དང་། ཕྲད་རང་དབང་ཅན་ཁོ་ན་བཤད་པ་ཞེས་ཕྱེ་ཡོད། ཁོ་བོས་ཕྲད་རང་དབང་ཅན་དང་གཞན་དབང་ཅན་གྱི་ཐ་སྙད་སི་ཏུ་ནས་བྱུང་བ་ཡིན་ནམ་སྙམ་པའི་དོགས་པ་སྐྱེ་དགོས་དོན་ཡང་གནད་འདི་ལ་ཐུག། འོན་ཀྱང་གོང་གི་འགྲེལ་བྱེད་རྣམས་ཀྱིས་རྗེས་ཚིག་ཕྲད་ལ་རྗེས་འཇུག་ལ་ལྟོས་པ་དང་མི་ལྟོས་པ་གཉིས་སུ་དབྱེ་བ་མི་མཛད་ཅེས་པ་ནི་ག་ལ་ཡིན་ཏེ་མ་ཡིན་ནོ། སུམ་ཅུ་པ་རྩ་བའི་སྐབས་སུ་ཡང་རྗེས་འཇུག་ལ་ལྟོས་པའི་ཕྲད་རྣམས་སྡེབས་གཅིག་ཏུ་དང་། རྗེས་འཇུག་ལ་མི་ལྟོས་པའི་ཕྲད་རྣམས་སྡེབས་གཅིག་བཤད་འདུག་ཅིང་། བདག་སྒྲ་རྗེས་འཇུག་ལ་མི་ལྟོས་པའི་ཕྲད་ཀྱི་གྲལ་དུ་འབྱུང་བས་སུམ་ཅུ་པའི་དགོངས་པ་ལྟར་ན་ཡང་བདག་སྒྲ་ནི་རང་དབང་ཅན་ཡིན་པར་སྣང་ངོ་། །
ཡང་མིག་བརྒྱད་པ་ལགས་ཀྱིས་བདག་སྒྲ་རྗེས་འཇུག་ལ་ལྟོས་མི་དགོས་པས་ཕྲད་རང་དབང་ཅན་ཡིན་ཀྱང་། རྟགས་མཚུངས་དང་བརྗོད་བདེ་ལ་ལྟོས་དགོས་པས་གཞན་དབང་ཅན་དུ་འདོད་ན་ཨེ་འགྲིག་ཅེས་པར། བརྡ་སྤྲོད་ཀྱི་གཞུང་རྣམས་སུ་ཕྲད་རང་དབང་ཅན་དང་གཞན་དབང་ཅན་གྱི་དོན་རྗེས་འཇུག་ལ་ལྟོས་མི་ལྟོས་ལ་བཞག་པ་ལས་རྟགས་མཚུངས་དང་བརྗོད་བདེར་ལྟོས་མི་བལྟོས་ལ་བཞག་པ་མ་བྱུང་བས། མི་འགྲིགས་སྙམ། གལ་ཏེ་དེ་ལྟར་འཐད་ན་མིང་གི་མཐའ་མར་སྦྱར་དགོས་པའི་ཚིག་ཕྲད་ཀུན་གཞན་དབང་ཅན་དུ་འདོད་དགོས་པར་འགྱུར་ཏེ་རྟགས་མཚུངས་དང་བརྗོད་བདེ་ལ་ལྟོས་དགོས་པའི་ཕྱིར་སྙམ། ཉིད་ཀྱིས་གོང་དུ་ལ་དོན་གྱི་སྐབས་སུ་ཡང་མཁས་པའི་དགོངས་པ་སོ་སོར་ཡོད་ཚུལ་ཞིག་གསུངས་འདུག་པས་ཉིད་ཁོམས་པ་ཡོད་ན་ཅུང་ཟད་རྒྱས་པར་སྤྲོས་ཏེ་རྩོམ་ཡིག་ཅིག་འདིར་འཇོག་གནང་ན་ཨེ་ཡོང་། ཁོ་བོ་ནི་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་ལ་སྦྱངས་པ་དང་ཐོས་རྒྱ་ཆུང་བས་དེ་ལྟ་བུའི་རྩོམ་རིགས་ལ་ཤིན་ཏུ་དོ་སྣང་ཆེ། ཁ་ཙམ་མིན་པར་སྙིང་ནས་ཞུས་པ་ཡིན་ནོ། །
མ་གཞི་མཁས་བ་དེ་ཚོས་པུལིངྒ་དང་སྟྲིལིངྒ་ཞེ་ཡི་གེ་འདི་འདྲ་ཞིག་ག་རེ་བྱས་ནས་བེད་སྤྱད་པ་ཡིན་ན་ཨ། གོ་བ་མེད་ཀི་ཡ། ཕོ་མོའི་རྟགས་བཤད་ཀྱིན་ཡོད་ན་སྐབས་དེ་དུས་བོད་སྐད་རང་མི་འབྲི་བ་ག་རེ་ཡིན་ན་ཨ། མཁས་བ་མིན་པའི་རྟགས་རང་རེད། ཧཧཧཧ།
པ་བའི་སྐོར་ལ་སྐད་ཆ་མང་པོ་བྱུང་ཟིན་ཡང་ཐག་ཆོད་པ་ཞིག་མ་བྱུང་བ་ནི། བོད་སྤྱི་ལ་ཁྱབ་པའི་གཅིག་གྱུར་གྱི་ལམ་བུ་ཞིག་ད་ལྟའི་ཆར་མེད་པ་ཁོ་ནའི་རྒྱུ་མཚན་གྱིས་རེད། ཅི་ཙམ་བཤད་ཀྱང་ཇེ་ཉོག་ཏུ་སོང་སྟེ་ཁ་རྩོད་འཆོར་བ་ལས་ཅང་མི་ཡོང་བས། གསར་གནས་ཀྱི་རིགས་བཀོད་དེ་ཅི་དགར་བསྡད་ན་ལེགས།
བརྡ་སྤྲོད་ཀྱི་སྐོར་ལ་ཤེས་འདོད་དེ་ཙམ་ཆེ་ན། འཇིགས་མེད་གསང་བདག་གིས། བོད་ཁམས་ཡོངས་ཀྱི་ཕལ་སྐད་དང་མཁས་པའི་གསུང་ལ་ཞིབ་ཏུ་དཔྱད་པར་མ་ཟད། གནའ་བོའི་བོད་ཀྱི་གཞུང་དག་བཀླགས། ཆོལ་གསུམ་ཞིང་འབྲོག་གི་སྐད་ལ་དཔྱད་བསྡུར་ལེགས་པར་གནང་སྟེ། བདག་སྒྲ་དང་མིང་མཐའི་པ་བའི་སྐོར་ལ་ཤོག་གྲངས་༦༠ ལོངས་པའི་དཔེ་དེབ་ཅིག་དཔར་སྐྲུན་གནང་འདུག་པར་ཆོལ་གསུམ་གྱི་མཁས་པ་ཚད་ལྡན་རེ་ཟུང་མ་གཏོགས་ཚང་མས་ཁས་ལེན་པར་འདུག། འདི་ལྟ་བུ་ཀློག་རྒྱུ་གལ་ཆེའོ།།
བདག་སྒྲ་སྔར་མེད་གསར་གཏོད་ལ་ང་དགའ་ཡང་། བདག་སྒྲ་ལ་ཕྲད་མེད་བཞིན་དུ་ཕྲད་གཞན་དབང་ཅན་དུ་བཙན་གྱིས་བཟོས་པ་ལ་ང་མི་མཁན་མི་དེ་ཡིན་ལགས།
བཀྲ་ཤིས་བདེ་ལེགས་ངའི་བོད་ཡིག་ཐོག་ཏུ་བྲིས་པའི་མིང་ལ་ངོས་ལེན་གནང་རོགས།།
དགོངས་དག་ཕྲན་ལས་ཀ་མང་བས་ལྟ་ལོང་བྱུང་མ་སོང་། དེ་རིང་ལྟ་དུས་མཆན་ཞེ་དྲག་མང་བོ་བརྒྱབ་མི་འདུག གཡུ་འབྲུག་ལགས་ནས། ཕྲན་གྱིས་ཁས་ཉིན་མཆན་བཏབ་པའི་རྒྱུ་མཚན་དེ་དག་ལ་ཡག་པོ་གཟིགས་མི་འདུག བ་བོ་གཉིས་ཕྲད་རང་དབང་ཅན་ཡིན་ན་པ་པོ་དང་མ་མོ་གཉིས་བཞིན་དུ་རྗེས་འཇུག་ག་ད་ན་བ་
མ་སོགས་ཅིའི་ཕྱིར་མ་ཐོབ་པ་ཡིན་ནམ་སྟེ། དེ་དག་ལ་ཡང་ངེས་པར་ཐོབ་པ་ཡོད་དགོས་སོ་ཞེས་པའི་ཐལ་
བ་ལ་ལན་གང་ཡང་གནང་མི་འདུག་སྙམ། བརྗོད་བདེ་འདྲེན་པ་འདི་ཐོན་པའི་རྩ་གཞུང་དུ་ཤིན་ཏུ་མི་གསལ་
ཞིང་། ཤིན་ཏུ་དམིགས་བསལ་ཡིན་པས་ཉུང་ཤས་ལས་མེད་དགོས་པ་ཞིག་རེད་མོད། ང་ཚོ་ལ་སྤྱིར་བཏང་གི་རྣམ་གཞག་རྟགས་མཚུངས་འདྲེན་པ་དང་སྒྲ་མཚུངས་འདྲེན་པ་ལས་བརྗོད་བདེ་འདྲེན་པ་ཤིན་ཏུ་མང་བར་གྱུར་པས། རྙོག་དྲ་འདི་ལྷགས་པ་རེད། དེ་ནས་ཁ་ཅིག་གིས་ཕ་ཡང་བདག་སྒྲར་བཞག་པ་སོགས་རང་རང་གི་
ཁ་སྐད་ཡོད་ཚད་བརྡ་སྤྲོད་ཀྱི་གཞུང་ནང་ལ་ཁྱེར་ནས། བོད་ཀྱི་བརྡ་སྤྲོད་ནི་དངོས་གནས་འཕྱོན་མ་ཇི་བཞིན་
བལྟ་ས་གཏད་སོ་མེད་པ་ཞིག་ཏུ་གྱུར་འདུག་གོ། །
སོགས་ལ་ཅིའི་ཕྱིར་མ་ཐོབ་ལ་བཅོས།
ངས་སྒྲུང་ཞིག་ཞུས་། དེ་སྔོན་དབུས་གཙང་གི་མཁས་པ་ཞིག་གིས་ནུབ་བྱང་མི་རིགས་སློབ་གྲྭར་སུམ་རྟགས་
ཁྲིད་པ་རེད། ཁོང་གིས་བདག་སྒྲའི་སྐོར་འཁྲིད་སྐབས་བདག་སྒྲ་ཕྲད་རང་དབང་ཅན་ཡིན་པ་དང་བ་བོ་གཉིས་བདག་སྒྲ་མ་ཡིན་པའི་ཚུལ་སོགས་མང་ཞིག་བཤད་པ་རེད། སྐབས་དེར་སློབ་ཕྲུག་རྣམས་གད་མོ་ཤོར་
བས། དགེ་རྒན་དེས་སི་ཏུ་སོགས་ཀྱི་ལུང་དྲངས་པ་དང་། སློབ་ཕྲུག་ཅིག་གིས་ཆེ་ཏན་ཞབས་དྲུང་དང་དམུ་དགེ་
སོགས་ཀྱི་ལུང་དྲངས་པས། དགེ་རྒན་དེས་ངས་དབུས་གཙང་གི་སྐད་ལྟར་འགྲེལ་བརྒྱབ་པ་རེད། ཁོང་ཚོས་
ཨ་མདོའི་སྐདལྟར་གསུངས་པ་རེད། ཟེར་ལས་རྒྱུ་མཚན་མ་རག་པས། སློབ་མ་རྣམས་ཡང་བསྐྱར་གད་མོ་ཤོར་
དགོས་བྱུང་བ་རེད།
འདྲེ་ནག་ལགས། ཁྱེད་ཀྱིས་འཕེན་པའི་ཐལ་བ་དེ་ངས་མཐོང་བ་མ་ཟད། ཡང་ནས་ཡང་དུ་ལེགས་པར་བལྟས་ཤིང་བཀླགས་ཡོད། ཐལ་བ་དེའི་ལན་དུ་ངས་རིགས་མཚུངས་ཤིང་བཏང་ཡོད་པ་ཁྱེད་ཀྱིས་མ་གཟིགས་པ་འདྲ། བསྐྱར་དུ་ཞུ་ན་བདག་སྒྲའི་ཕྲད་བ་རྗེས་འཇུག་ལ་ལྟོས་དགོས་པའི་རྒྱུ་མཚན་གྱིས་བདག་སྒྲ་བྱིངས་གཞན་དབང་དུ་འགྱུར་ན་བ་ལས་གཞན་དུ་གྱུར་པའི་བདག་སྒྲའི་ཕྲད་ཀུན་རྗེས་འཇུག་ལ་ལྟོས་མི་དགོས་པས་རང་དབང་ཅན་དུ་ཅིའི་ཕྱིར་མི་འགྱུར་ཟེར་བ་ཡིན། དེ་ཡང་ཁྱེད་ཀྱིས་ཞ་ལུ་སོགས་ཀྱིས་ཀྱང་བདག་སྒྲའི་ཕྲད་དུ་བ་བཞེད་པའི་རྒྱུ་མཚན་ལ་བརྟེན་ནས་བདག་སྒྲ་གཞན་དབང་ཅན་དུ་བཞེད་པར་གྲུབ་པ་ལ་རིགས་མཚུངས་བཏང་བ་ཙམ་ལགས། དོན་དངོས་ནི་ཞ་ལུ་སོགས་ཀྱིས་བདག་སྒྲ་བའི་སྦྱོར་ཚུལ་ཇི་ལྟར་བཞེད་མིན་མི་ཤེས་ཀྱང་། གོང་འཁོད་སུམ་ཅུ་པའི་འགྲེལ་པ་གང་ཞིག་གི་ནང་དུ་ཡང་བདག་སྒྲའི་ཕྲད་བ་རྗེས་འཇུག་ལ་ལྟོས་དགོས་ཚུལ་གསུངས་པ་མི་སྣང་ངོ་། །ཚེ་བརྟན་ཞབས་དྲུང་གི་ལུགས་ལ་ཡང་བདག་སྒྲའི་ཕྲད་པ་པོ་བ་བོ་མ་མོ་དྲུག་བཞེད་པ་དེ་དག་ལས་བ་བོ་གཉིས་མ་གཏོགས་གཞན་རྗེས་འཇུག་ལ་ལྟོས་མི་དགོས་པར་འདུག་པས། བདག་སྒྲ་བྱིངས་གཞན་དབང་ཅན་གྱི་གྲལ་དུ་བརྫངས་དགོས་པ་རྒྱུ་མཚན་ཅི་ལ་ཐུག་མིན་ཤེས་མ་སོང་། ད་གང་ལྟར་བསྐྱར་བཤད་ཡང་བཤད་མ་བྱས་པར་རྒན་འདྲེ་ནག་ལགས་ངེད་གཉིས་མོས་མཐུན་ཐོག་དུས་དེ་རིང་ནས་བདག་སྒྲ་ནི་ཕྲད་རང་དབང་ཅན་དང་གཞན་དབང་ཅན་ཐུན་མོང་ཡིན་ཞེས་དྲིལ་བསྒྲག་བྱེད་ན་ཨེ་ཡོང་། ཁྱེད་ལ་མ་འགྲིགས་པ་མེད་ན་ཁོ་བོ་ནི་གྲ་འགྲིགས་ཡིན་ད།
གཡུ་འབྲུག་ལགས། ད་བྱས་དུས་ཁྱེད་རིགས་ལམ་གྱི་འགྲོས་ཆགས་ཡོད་མཁན་ཞིག་རེད་མི་འདུག ངས་ཐོག་མ་
ཉིད་ནས་གཡུ་འབྲུག་དཀར་བོ་ཟེར་སྟངས་ལ་བལྟས་ན་རིགས་པ་ཤེས་མཁན་ཞིག་ཡིན་ས་མ་རེད་བསམས་བྱུང་། གང་ཡིན་ཟེར་ན། ་གཡུ་འབྲུག་ནི་མདོག་སྔོན་ལྗང་གང་རུང་གི་སྒོ་ནས་བཏགས་པ་ཞིག་ཡིན་ཞིང་།
གཡུ་འབྲུག་གི་རི་མོ་ཡང་སྔོན་ལྗང་གང་རུང་དུ་བྲིས་པ་ཤ་སྟག་ལས། ཁྱོད་སྔོན་པོ་ཡིན་ན་དཀར་བོ་མ་ཡིན་
པའི་ཁྱབ་པ་ཁ་དོག་དཀར་དམར་གྱི་འཛིན་གྲྭ་བ་ཚོས་ཀྱང་ལོས་ཤེས། ངས་ཁྱོད་ལ་ཐལ་བ་འཕེན་ཚུལ་ནི་
བ་བོ་གཉིས་ཆོས་ཅན། རྗེས་འཇུག་ག་ད་ན་བ་སོགས་ལ་འཇུག་པ་ཡོད་པར་ཐལ། ཁྱོད་བདག་སྒྲར་གྱུར་པའི་
ཕྲད་རང་དབང་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། པ་པོ་གཉིས་དང་མ་མོ་བཞིན། ཟེར་བ་ཡིན་ལ། འདི་ནི་རྗེ་སི་ཏུས་བདག་སྒྲ་ལ་པ་པོ་གཉིས་གང་རུང་ཁྱབ་ཅིང་། ཕྲད་རང་ཅན་དུ་བཞེད་པ་ཡིན་ལ། རྗེ་དྷརྨ་བྷ་དྲས་པ་པོ་
བ་བོ་མ་མོ་དྲུག་པོ་བདག་སྒྲར་བཞེད་པས་སི་ཏུ་དང་གཏན་མི་འདྲ་བ་ཡིན་མོད། ཁྱེད་ཀྱིས་དེ་གཉིས་དགོངས་
པ་གཅིག་ཏུ་བྱས་ནས་དྲུག་པོ་དེ་ཕྲད་རང་དབང་ཅན་ཡིན་པར་ཁས་བླང་འདུག་པས་ན། ཐལ་བ་དེ་ལྟར་འཕངས་པ་ཡིན་ལ། ཡང་བདག་གིས་གོང་དུ་དངུལ་ཆུ་བ་སོགས་ཀྱི་ལུགས་ལ་རྗེས་འཇུག་ག་ད་ན་བ་མ་ས་
ད་དྲག་བཅས་ཀྱི་རྗེས་སུ་པ་པོ་གཉིས་འཇུག་པ་ལས་བ་ཡིག་་མི་འཇུག་པའི་གནས་ཀྱིས་པ་པོ་གཉིས་དང་
བ་བོ་གཉིས་བཅས་བཞི་བོ་ནི་རྗེས་འཇུག་ལ་ལྟོས་པའི་ཕྲད་གཞན་དབང་ཅན་ཡིན་པ་འོས་མེད་ཀྱིི་རིསས་པས་
སྒྲུབ་ཅིང་། གལ་སྲིད་དེ་དག་ཕྲད་རང་དབང་ཅན་ཡིན་ན་མ་མོ་བཞིན་དུ་འཇུག་དགོས་ཚུལ་བཤད་པ་ཡིན་
ནོ། །ཁྱོད་ཀྱིས་ང་ལ་མགོ་མཚུངས་ཀྱི་རིགས་པ་ཡིན་ཁུལ་བྱས་ནས་འཕངས་པ་དེ་ནི་ལྟར་སྣང་འབའ་ཞིག་སྟེ།
བདག་གིས་མ་མོ་གཉིས་ཕྲདརང་་དབང་ཅན་དུ་ཁས་བླངས་པ་ལས་པ་པོ་གཉིས་རྨི་ལམ་དུ་ཕྲད་རང་དབང་ཅན་
དུ་ཁས་མ་བླངས་པའི་ཕྱིར། མཇུག་ཏུ་ཞུ་བར་བྱ་བ་ནི། རང་རེའི་བོད་ལ་རོང་འབྲོག་གཉིས་སུ་ཡོད་པ་ལས་
ཁམས་དང་ཨ་མདོའི་འབྲོག་པ་རྣམས་ལ་བ་ཡིག་མང་བ་ཡིན་ཞིང་། དེང་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་ཡོད་
པ་ནག་ཆུ་སོགས་སུ་ཡང་བ་ཡིག་མང་བའི་ཕྱོགས་གཏོགས་ཡིན་པས། མི་མང་ཉུང་གི་འོས་ཤོག་འཕངས་ཀྱང་
རྒྱལ་ཕམ་གྱི་དབྱེ་བ་ཆོད་དཀའོ། །མདོར་ན་ཕྲན་ནི་དེང་སང་བརྗོད་བདེ་འདྲེན་པ་མང་དྲགས་པ་འདིས་ང་
ཚོ་འི་རྟགས་འཇུག་ནི་སྨད་ཚོང་མ་ཞིག་དང་འདྲ་བར་ག་བར་ཁྲིད་ཁྲིད་ལྟ་བུར་གྱུར་འདུག་པ་འདི་ལ་མ་བཟོདཔ་ཡིན་ནོ། །་
ད་སྔོན་མའི་མི་མཐུན་པའི་ལུགས་རེ་བཟུང་ནས་རྩོད་པ་བརྒྱབ་བསྡད་ན་ང་ཚོ་ལ་གཅིག་གྱུར་གྱི་ལམ་ཁ་ཞིག་རྙེད་ཁག་པོ་རེད། འདི་ལ་རྩོད་གཞི་ཡོང་དོན་ནི་ད་བར་དུ་ཚད་འཛིན་དང་གཅིག་གྱུར་ཏུ་འཛིན་འོས་པའི་ལུགས་ཤིག་བྱུང་མེད་པས་རེད། དེ་མེད་པའང་བདག་སྒྲའི་འཇུག་ཡུལ་དག་ལ་ཁ་ཚང་བ་དང་མཐར་ཆོད་པའི་ཞིབ་འཇུག་ཅིག་ཅིག་སྔོན་བྱོན་གྱི་མཁས་པ་སུ་གང་གིས་ཀྱང་གནང་ཐུབ་མེད་པ་དེས་རེད།
གཅིག་སུམ་ཅུ་བའི་རྩ་བར་ཕྲད་གཞན་དབང་ཡིན་པ་བཤད་ཡོད་པ་མ་རེད། གཞན་འབྲེལ་སྒྲ་སོགས་ལ་རྗེས་འཇུག་གང་གི་རྗེས་སུ་ཕྲད་གང་འཇུག་པ་གསལ་བོར་བསྟན་ཡོད་པ་རེད།
ད་བར་གཅིག་གྱུར་གྱི་གཞི་འཛིན་ས་གཅིག་ཡོད་པ་ནི། ག་ད་བ་ས་ན་མ་པ། ང་འ་ར་ལ་མཐའ་མེད་ལ། བདག་སྒྲ་ཡར་གྱུར་བ་དང་ནི། ཆ་ལ་པ་ཉིད་སྦྱོར་བ་ལེགས་ཟེར་བའི་དབྱངས་ཅན་གྲུབ་པའི་རྡོ་རྗེའི་རྩ་ཚིག་ཅིག་བཟོས་གནང་བ་འདི་རེད། འདི་རུའང་ལེགས་ཟེར་ནས་བཀོད་ཡོད་པ་ལས་མཐའ་གཅིག་ཏུ་འདི་ལྟར་གཞི་འཛིན་དགོས་པ་བཤད་ཡོད་པ་མ་རེད། རྩ་ཚིག་འདི་ང་ཚོས་གཞི་འཛིན་ས་བྱེད་ཆོག་གི་འདུག་གམ་མི་འདུག སྔོན་མའི་དཔེ་ཆ་མང་པོ་ཞིག་ལ་ཞིབ་ཡོང་ན་རྩ་ཚིག་འདི་དང་མི་མཐུན་པ་མང་པོ་ཞིག་མཐོང་ཡོང་གི་འདུག བ་བོ་ལས་པ་པོ་འཇུག་ཡུལ་ཁྱབ་ཆེ་བ་ཡོད་པ་རེད། དེ་ནི་སྔོན་གྱི་ལོ་ཙྰ་བ་ཕལ་ཆེ་བ་དབུས་གཙང་དང་སྟོད་ཕྱོགས་ནས་ཡིན་པས་ཡིན་རྒྱུ་རེད། ཡིན་ནའང་། དཔའ་བོ། རྒྱལ་བ་ལྟ་བུ་བ་བོ་ཐོབ་སའང་ཡོད་པ་རེད།
ད་མདོར་དེད་ན་སྔོན་དཔེ་ལ་ཁུངས་གཏུགས་དགོས་ན་དབྱངས་ཅན་གྲུབ་པའི་རྡོ་རྗེའི་རྩ་ཚིག་འདི་གཞི་འཛིན་ས་བྱེད་ཁག་པོ་འདྲ་ཞིག་མཐོང་གི་འདུག འབྱུང་འགྱུར་གྱི་གཅིག་གྱུར་ཁོ་ནའི་ཆེད་དུ་དམིགས་དེ་འདི་གཞི་རྩར་བཟུང་ན་མ་འགྲིགས་པ་དེ་འདྲའང་མ་རེད་དེ། དཔའ་བོ། རྒྱལ་བ་ལྟ་བུ་ཡིན་ན་བདག་སྒྲ་རེད་དམ་མ་རེད། ཡིན་ན་བདག་སྒྲ་ཆ་རེད་དམ་ཡ་རེད། ཆ་ཡིན་ན་གོང་གསལ་གྱི་རྩ་ཚིག་དང་མཐུན་གྱི་འདུག་གམ་མི་འདུག
གལ་སྲིད་འདི་གཞི་འཛིན་ས་བྱེད་ཆོག་གི་ཡོད་ན། གོང་གསལ་རྩ་ཚིག་གཞིར་བཞག་ནས་མདོ་སྨད་ཕྱོགས་སུ་དར་བའི་རྩ་ཚིག་གསར་པ། ག་ད་བ་ས་ན་མ་པ། ང་འ་ར་ལ་མཐའ་མེད་བ། ཟེར་བ་འདི་རྩིས་མེད་བཏང་ནའང་མ་འགྲིགས་པ་ཡོད་པ་མ་རེད། དེ་གཞི་འཛིན་ས་གོང་གསལ་དབྱངས་གྲུབ་ཀྱི་རྩ་ཚིག་ཡིན་པ་དང་གཅིག གཉིས་སུ་ན། ཡུལ་ལུང་བྱེ་བྲག་པ་ཞིག་གི་སྐད་ལ་གཞིར་བཅོལ་ཏེ་བཟོས་པ་དང་གཉིས་ཀྱིས་སོ།
ང་རང་ལ་མཚོན་ན། ངས་པ་བ་ཡི་ཕྲད་སྦྱོར་སྟངས་དེ་ཇི་ལྟར་སྦྱོར་དགོས་པ་ཁྱོན་ནས་ཤེས་ཀྱི་མི་འདུག བདག་སྒྲ་ཁོ་ནའང་མ་རེད། བདག་སྒྲ་མིན་པའི་མིང་མཐའི་པ་བ་སྦྱོར་ཚུལ་ལའང་ང་ཚོས་བསམ་བློ་གཏོང་དགོས་པ་རེད། ལྔ་པ། བཅུ་པ། བརྒྱ་པ། སོ་བཞི་པ་འདི་དག་ནོར་བར་བརྩི་གི་ཡིན་ནམ་འགྲིགས་པར་བརྩི་གི་ཡིན།
མགོན་པོ་ཕྱག་གཉིས་པས་གསུངས་པ་དེ་བདེན། ་ཕྲན་གྱིས་བལྟས་ན་རྟགས་འཇུག་རྩ་བར། ཕོ་ཡིས་ཕོ་ཡི་
མཐའ་དྲངས། །མོ་ཡིས་མོ་ཡི་མཐའ་དྲངས། །མ་ནིང་གིས་ནི་མ་ནིང་དྲངས། །མིང་མཐའ་དེ་དག་ཉིད་ཀྱིས་ནི། །
དེ་ཉིད་རང་གི་སྒྲ་མཐུན་པའི། །ཆོས་དངོས་ལས་དང་བྱེད་པ་དང་། །སོགས་རྣམ་དབྱེ་བརྒྱད་སོགས་ཀྱི་འདྲེན་
ཚུལ་གསུངས་ལ། སི་ཏུ་རྗེས་འབྲང་དང་བཅས་པས་དེ་ཉིད་རང་གི་སྒྲ་མཐུན་པའི། །ཞེས་པས་བརྗོད་བདེ་འདྲེན་པ་བསྟན་ཚུལ་གསུང་གིན་ཡོད་ཀྱང་། དེ་ཉིད་རང་གི་སྒྲ་མཐུན་པའི། །ཞེས་པ་རྣམ་དབྱེ་སོགས་ཕྲད་
འདྲེན་ཚུལ་ཐམས་ཅད་ལ་སྦྱར་དགོས་པ་སྣང་བས། འདིར་བསྟན་དྲང་བྱ་ལ་ཕྲད་གཞན་དབང་དང་སྒྲ་མཚུངས་ཀྱང་ཡོད་ན། བརྗོད་བདེ་འདྲེན་པ་བསྟན་པར་བྱས་ན་ཡང་དམིགས་བསལ་རེ་ཟུང་ཞིག་ཡིན་ལ།
དེ་ཡང་ཞར་བྱུང་ལྟ་བུར་བྱས་ན་ཆོག་སྙམ་མོ། །
ད་ལྟ་བཀླགས་མ་ཐག་པའི། ༤༥༽ མགོན་པོ་ཕྱག་གཉིས་པ་ནས། མཆན་བུ་ལ་དཔྱད་ནས་བཤད་ན།
ལྔ་པ། བཅུ་པ། བརྒྱ་པ། སོ་བཞི་པ་འདི་དག་འགྲིགས་པར་བརི་བགྱིད་ཡོད་ལགས། ད་དུང་དཔའ་བོ་དང་། རྒྱལ་བ། འགྲོ་བ། ཁ་བ་སོགས་ནི། བ་དང་བོ་འཇུག་ཡུལ་ཡིན་ཡང་བདག་སྒྲ་མིན་པས། བདག་སྒྲ་ནི། སྔར་གྱི་ཡིག་སྐད་དུ་ཡོད་པའི་བདག་སྒྲ་དག་པ་ལ་ནི། པ་དང་པོ་ཁོ་ནར་ངེས་སོ། །
བདག་སྒྲ་འབྱར་འདོད་ན། སོ་བཞི་པ་དང་། འགྲོ་བ་པོ། རྒྱལ་བ་པོའམ་རྒྱལ་མཁན་འབྲི་དགསོ་སོ། །ཧ་ཧ་སྔར་མེད་ལེགས་བཤད་མིན་ནམ། ཡིན་ན་མི་རབ་གསར་པས་ལོངས་སྤྱོད་ཅིག །
ཧ་ཧ་འདྲེ་ནག་ལགས་སྐད་ངན་ཤོར་བཞག། བདག་སྒྲའི་སྐོར་བཤད་ཟེར་དུས་ངའི་མིང་ལ་འགྲེལ་བཤད་རྒྱག་ཡོང་གི་འདུག་ལྟོས་དང་། དེ་མ་ཟད་གོང་དུ་ང་གཉིས་བདག་སྒྲ་བྱིངས་ཕྲད་རང་དབང་ཅན་དང་གཞན་དབང་གང་ཡིན་དང་། དེ་ཡང་དངུལ་ཆུ་དང་རྗེ་ཞ་ལུ་བྲ་སྟི་སོགས་ཀྱི་བཞེད་པ་ཡིན་མིན་ལ་རྩོད་བཞིན་དུ། ད་བྱས་དུས་བདག་སྒྲའི་པ་པོ་དང་བ་བོ་བཞི་གཞན་དབང་ཅན་ཡིན་ཟེར་བ་ལས་བདག་སྒྲ་མ་མོ་གཉིས་ཕྲད་གཞན་དབང་ཅན་དུ་འདོད་མེད་ཟེར། མི་མང་པོའི་མིག་ལམ་དུ་ལྟས་ལྟས་རིག་རིག་ལ་དེ་འདྲའི་རྫུན་ཕུང་ཆེན་པོ་བཤད་ནུས་པའི་འདྲེ་ནག་དེ་ནི་ཅི་འདྲའི་རིག་པ་སྨྲ་བ་ཞིག་ཨང་།
མ་ཟད་ཁྱེད་ཀྱིས་ཞ་ལུ་ཡང་བདག་སྒྲ་གཞན་དབང་དུ་ཅན་དུ་འདོད་མཁན་གྱི་ཕྱོགས་སུ་བརྩི་བ་མིན་ནམ། ཁོང་གི་གཞུང་དུ་བདག་སྒྲའི་ཕྲད་པ་པོ་དང་བ་ཅན་བཞི་མ་གཏོགས་མེད་ཅིང་། དེ་རྣམས་ལས་པ་བ་གཉིས་བརྗོད་བདེ་དང་བསྟུན་ནས་ཅི་རིགས་སྦྱར་བར་བརྡ་ཡིག་ཟ་མ་ཏོག་ཏུ་དཔེར་བརྗོད་དང་བཅས་གསུངས་འདུག་ན་ཞ་ལུས་པ་བ་གཉིས་གཞན་དབང་ཅན་དུ་འདོད་པའི་དམ་བཅའ་ཡང་རང་ཞིག་ཏུ་མ་འགྲོ་འམ། ཁ་དོག་གི་རིག་པ་ཙམ་ལ་མགོ་བོ་འཁོར་ནས་མ་སྡོད་པར་ཅུང་ཟད་བློ་རྒྱ་ཡངས་པོར་བསྐྱེད་ནས་བསམ་བློ་ཐོངས་དང་། ངའི་སྙིང་གཏམ་ཡིན། ཧ་ཧ་
འོ་མགོན་ཕྱག་གིས་བཤད་པ་ཏག་ཏག་རེད། སུམ་ཅུ་པའི་སྐབས་སུ་བདག་སྒྲ་གཞན་དབང་ཅན་ཡིན་པ་བཤད་མེད། སུམ་ཅུ་པར་རྗེས་འཇུག་ལ་ལྟོས་དགོས་པ་རྣམས་ཚང་མ་སྡེབས་གཅིག་ཏུ་བཤད་ཡོད་ལ་དེ་དག་ཀྱང་རྗེས་འཇུག་གང་དང་གང་གི་འཇུག་པ་གསལ་པོར་གསུངས་ཡོད། བདག་སྒྲ་ནི་རྗེས་འཇུག་ལ་ལྟོས་མི་དགོས་པའི་ཕྲད་དང་སྡེབས་གཅིག་ཏུ་བཤད་ཡོད། དེ་ཡང་ཡིན་ཏེ་བདག་སྒྲའི་སྔོན་དུ་ནི་སྒྲ། དང་སྒྲ། དེ་སྒྲ། གང་སྒྲ་བཞི་བཤད་ཡོད་པ་དེ་དག་ཐམས་ཅད་རང་དབང་ཅན་ཡིན་པ་རྩོད་མེད་རེད། དེ་ནས་བདག་སྒྲ་བཤད་ཡོད། དེའི་རྗེས་སུ་དགག་སྒྲ་བཤད་ཡོད་ལ་དེ་ཡང་རང་དབང་ཅན་ཡིན་པ་རྩོད་མེད་རེད། ད་འོ་ན་རང་དབང་ཅན་ལྔའི་དཀྱིལ་དུ་གཞན་དབང་གཅིག་འཇུག་དགོས་དོན་གང་ཡིན། དེ་ལ་བལྟས་ན་ཡང་བདག་སྒྲ་རང་དབང་ཅན་ཡིན་པར་རྟོགས་ཐུབ་ཀྱི་ཡོད།
མ་འགྲིགས་ས། བདག་པོའི་སྒྲ་སྟེ་ག་དན། །བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་མཐར། །ཞེས་པ་དེ་དང་། བརྡ་ཡིག་ཟ་མ་ཏོག་ཏུ། ག་ད་བ་ས་ན་མ་པ། །ང་འ་ར་ལ་འདོགས་ཅན་དང་། །རྐྱང་པའི་རྗེས་སུ་བ་ཕྱེད་ཝར། །འབོད་པ་རྣམས་ལ་བ་སྦྱར་ཞིང་། །གཞན་ལ་པ་ཉིད་སྦྱར་ཏེ་དཔེར། །ཞེས་གསུངས་པ་དེ་རྣམས་ནི། ཚེ་བརྟན་ཞབས་དྲུང་གིས་གསུངས་པ་ལྟར་ན་གྲོང་སྐད་ལ་གཞིར་བཞག་ནས་གསར་དུ་བསྣན་པ་ཡིན་ས་རེད། འོན་ཀྱང་དེ་དག་སྦྱོར་ཚུལ་གྱི་དཔེར་བརྗོད་ཙམ་བསྟན་པ་ལས་སྦྱོར་ཚུལ་གྱི་ཁྲིམས་ལྟ་བུ་ཞིག་བཟོས་མི་འདུག་དྲན། དེ་ཡིན་དུས་མགོན་ཕྱག་གིས་གསུངས་པ་ལྟར་ཕལ་ཆེར་རྩིས་མེད་དུ་གཏང་ན་ཡང་མ་འགྲིགས་པ་ཨེ་ཡོད་སྙམ།
ལྔ་པ། བཞི་པ། དགུ་པ། བཅུ་པ། ཁོ་བོ་ལ་ནི་དེ་ག་རང་འཐད་པ་འདུག །འོན་ཀྱང་ཁ་ལ་བདེ་པོ་མེད་པ་རྣམས་ཀྱིས་བརྗོད་གང་བདེ་བྱས་ནས་ལྔ་བ་སོགས་བྲི་བཞིན་ཡོད། དྲང་པོར་དཔྱད་ན། སྔར་གྱི་བཀའ་བསྟན་ཁག་ལ་གཟིགས་རྒྱུ་རེད།