ང་ཚོའི་ལུས་ཐོག་ན་འགྲོ་བ་མིའི་ཐོབ་ཐང་ག་འདྲ་ཡོད།
—-གཉན། 《བོད》
༡
ཁྱོད་ཀྱིས་ང་ཚོའི་ས་ཆ་ནས་འགྲོ་བ་མིའི་ཐོབ་ཐང་གིས་ཕན་མི་ཐོགས་པ་གོ་ཨེ་མྱོང་ཐལ།རྒྱུ་མཚན་ནི་ང་ཚོའི་ལུས་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ཟེར་བ་དེ་ཤི་བོ་ཞིག་རེད། དོ་ཚིགས་ཡང་ང་ཡི་སེར་སྐྱ་ཕོ་མོ་དག་གི་གཅེས་པའི་རང་སྲོག་རེ་རེ་བཞིན་ཤོར་སོང་བ་སུ་ལ་གསང༌།སྡུག་གི་མཆི་མ་ཁོག་ཏུ་མིད་པར་གོམས་པའི་བྱང་ཕྱོགས་ཁ་བ་ཅན།ལྕགས་ནག་གི་སྦུ་གུའི་ནང་ན་བཟོད་བསྒོམ་གྱིས་འཚོ་བའི་མདོ་དབུས་ཁམས་གསུམ་གྱི་ཡུལ་མི་སྤུན་ཟླ་རེ་རེ།སྐྲག་དངངས་འཇིགས་གསུམ་གྱིས་ཁེངས་པའི་སྤུན་ཟླ་རེ་རེའི་ཉམ་ཆུང་བའི་ཆུ་བུར་གྱི་མིག་ཟུང་རེ་རེ་སུ་ལ་ཧད།རང་དབང༌། མང་གཙོ།འདྲ་མཉམ་སོགས་ཀྱི་བདེ་བ་ལ་བཀྲེས་སྐོམ་ལངས་པའི་གངས་རི་ཆེན་པོ་ཞིག་སླར་ཡང་དམར་བོ་ཁྲག་ལ་བསྒྲེས་སོང༌།འཚོ་བ། ཚེ་སྲོག བདེ་སྐྱིད་སོགས་ལ་གཏན་གྱི་འདུན་མ་བཅོལ་ བའི་ལག་རྡང་རིང་མོ་ཞིག་སླར་ཡང་རེ་རེ་བཞིན་མ་ཡུམ་ས་གཞིའི་པང་དུ་བསྒྱེལ་སོང༌། འདི་ནི་འུ་ཅག་གིས་ད་དུང་བརྗེད་མ་ཐུབ་པའི”རླུང་དམར”དེ་སླར་ཡང་འུར་འུར་གྱིས་ལྡང་འོང་བ་ཡིན་ནམ།འདི་ནི་འུ་ཅག་གི་སེམས་ཁོང་ནས་ད་དུང་ཡལ་མ་ཐུབ་པའི “མུན་ནག”དེ་སླར་ཡང་འཐིབས་འོང་བ་ཡིན་ནམ། གལ་ཏེ་ཁྱོད་ནི་མིག་དང་ལྡན་པ་ཞིག་ཡིན་ན།ང་ཚོའི་ཡུལ་མི་སྤུན་ཟླ་མང་པོ་ མང་པོའི་སེམས་ལ་རྨི་ལམ་གྱི་རྒྱལ་ཁབ་རེ་རེ་ཁྱེར་ནས་བཞུད་སོང་བ་མཐོང་ངམ།ཕངས་པ་ལ་ཨང༌།འུ་ཅག་གི་ས་ཆ་འདི་ནས་ཡུལ་མི་སྤུན་ཟླ་དེ་ཚོའི་གཅེས་པའི་སྲོག་ཙམ་སྐྱོབས་ཐབས་ལ་ཞུ་བ་ཕུལ་ ས་ཞིག་ཡེ་ནས་མི་རྙེད་དོན་ག་རེ་ཡིན་ནམ། མུན་ནག་དང་གདུག་རྩུབ།བཙན་འཛུལ་དང་གཉའ་གནོན་འདི་དག་གིས་འུ་ཅག་གི་ཕ་ཡུལ་གྱི་རྩྭ་ཉག་ཆུ་ཐིགས་ཡན་ཆད་ཀྱི་ཀླད་ཁྲག་གཏོར་ངེས་རེད། དེ་ལྟ་ནའང༌། བོའུ་མཆུ་དང་རྟ་ལྕག་གི་མདུན་དུ་འུ་ཅག་གི་སེར་སྐྱ་ཕོ་མོ་རེ་རེའི་སེམས་ན”ཁ་བའི་རྣམ་ཤེས”རེ་བཞེངས་ནས་བསྡད་ཡོད་དུས། འཛམ་གླིང་གི་བདེན་པའི་སྤྱན་རིས་དག་ཡུད་ཙམ་ལ་འདི་ཕྱོགས་སུ་གཟིགས་རོགས་མི་ཞུ་འམ།
༢
སྤྱི་ཟླ༣པའི་ཚེས༡༤ཉིན་ལྷ་སའི་ནམ་མཁར་ཁྱབ་པའི་དུད་སྨུག་དེ་ནི་མི་ལོ་ལྔ་བཅུའི་རིང་དུ་བཟོད་བསྲན་བྱས་པའི་དུད་སྨུག་ཅིག་ཡིན།མི་ལོ་ལྔ་བཅུའི་རིང་དུ་ཡུལ་མི་སྤུན་ཟླ་རྣམས་ཀྱི་ཁོག་ ཏུ་ཨུ་ཚུགས་ཀྱིས་མནན་པའི་དུད་སྨུག་ཅིག་ཡིན། དུད་སྨུག་དེ་ནི་ཏག་ཏག་མི་ལོ་ལྔ་བཅུ་ཙམ་ལ་ ཁོག་ཏུ་ལུས་ནས་ཕྱིར་བུད་པ་མ་ཡིན་ནམ།ཕ་ཡུལ་གྱིས་སྡུག་གི་ཁུར་བོ་ཁུར་ནས་བསྡད་ཡོད།ཕན་ཚུན་ངོ་མི་ཤེས་པའི་སྤུན་ཟླ་ཕོ་མོ་དེ་ཚོ་ནི་ང་དང་འབྲེལ་བ་ཡོད་པ་ཤ་སྟག་ཡིན། མདོ་དབུས་ཁམས་གསུམ་གྱི་སྤུན་ཟླ་དེ་ཚོ་ནི་ང་དང་འབྲེལ་བ་དམ་པོ་ཡོད་པ་ཤ་སྟག་ཡིན།ལོ་ངོ་མང་པོ་མང་པོའི་རིང་ལ་རྫོང་མཁར་དང་ཞིང་གྲོང་སོ་སོ་ན་ཐུབ་ཚོད་དང་བརྙས་བཅོས་ཐེབས་པའི་དཔེར་བརྗོད་བཞག་མི་ཚར་བ་དག་གིས། “ཁ་སྐྱེལ་ཞོར་དུ་སྣབས་དྲུད་པའི”གཟུགས་མེད་དང་གཟུགས་ ཅན་གྱི་རྩེད་མོ་ཟ་ཁ་ཟུར་ཁ་ཅན་དག་གིས།ལོ་ངོ་མང་པོ་མང་པོའི་རིང་ལ་ཡོད་ཚད་ཁྲིམས་ལུགས་ཀྱིས་ཐག་བཅད་ཆོག་པའི་ལམ་ལུགས་ནང་དུ་ཁྲིམས་ལུགས་ལ་ཁ་གཡར་ཁག་འགེལ་བྱས་ནས་གཅར་རྡུང་རབ་དང་རིམ་པར་རེག་མྱོང་བའི་ཞེ་འཁོན་གྱིས།ལོ་མང་པོ་མང་པོའི་རིང་དུ་ས་རྐོ་རྡོ་སློག་དང་གཏུབ་གཅོད་གཞོག་གསུམ། མངོན་ལྐོག་ཆ་འགལ། སྙད་འདོགས་སྙོན་འཛུགས། ཁ་ཡག་མགོ་སྐོར། ཕྱོགས་རིས་ངོ་ལྟ།རྫུན་རྒྱབ་རྫུན་གནོན། མ་ཉེས་ཁ་གཡོགས། འཇམ་རྩུབ་རེས་མོས་ཀྱི་མདུང་ཁ་ནམ་ཡང་བསྐོར་བསྐོར་ལ་ཡོད་པ་འདི་དག་གིས་བོད་མི་རྣམས་ལ་ངར་ཁ་བླུད་ ཡོང་བ་ཨེ་ཡིན་ནམ།སྐྱབས་དང་བྲལ་བ། མགོན་དང་བྲལ་བ། དཔུང་དང་བྲལ་བ། གཉེན་དང་ བྲལ་བའི་བོད་མི་རྣམས་ལ་ནི་དམར་པོའི་སྲིད་དབང་རྫོགས་རྒྱུའི་བསམ་པ་སྤུ་རྩེ་ཙམ་མེད་པར་ འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་རང་རང་ས་ནས་འུ་ཐུག་ཐབས་ཟད་ཀྱིས་རྒོལ་བ་བྱས་པ་རང་རེད།རྒྱུ་འབྲས་བློ་མིག་མེད་པའི་སྲིད་གཞུང་ཞིག་གི་ཁ་ཞབས་ལག་འོག་ནས་ནམ་ཡང་སྲོག་ཐར་ལ་ གཏོང་མི་འོས་པ་དང་གཏོང་ཐབས་མེད་པ་ནི་སྲིད་གཞུང་དེའི་ལམ་ལུགས་ལ་རྗེས་སུ་ཡི་རང་མི་བྱ་བའི”གྱེན་ལངས་པ”དག་ཡིན་པ་བསྙོན་དུ་མེད་པས་ན།ངའི་སྤུན་ཟླ་དག་གི་གཅེས་པའི་སྲོག་ཐོག་ཏུ་ལྟོས་ལྟོས་ཉོན་ཉོན་གྱིས་བརྒྱུགས་ཡོང་མཁན་ནི་སླར་ཡང་དྲག་ཆས་ཕུན་སུམ་ཚོགས་པ་ སྤྲས་པའི་དམར་སྲུང་དམག་མི་ཡིན་པ་དང༌།དམར་སྲུང་དམག་མི་ནི་གཞུང་ཕྱོགས་ ཀྱིས “མངགས་པའི་མྱི་དང་འཕངས་པའི་མདའ”འཇིགས་སུ་རུང་བ་ཞིག་ཏེའགྲོ་བ་མིའི་ཐོབ་ཐང་རྩེད་སྤྱད་བྱས་ནས་བུད་སོང་ནའང་ཉེས་པ་དང་འགན་ཁུར་རྩད་ནས་མེད་ས་ཞིག་ཡིན་གི་ ཡོད་པ་རེད།ཞིབ་ཏུ་འདང་བརྒྱབ་ན། མིག་སྔར་གྱི་ཟིང་འཁྲུགས་ཙམ་པོ་དྲག་ཆས་ཀྱིས་ཐག་གཅོད་བྱ་ཐུབ་ནའང་ཟིང་འཁྲུགས་དེའི་ཁྲོད་དྲག་ཆས་ཀྱིས་བཞག་པའི་རྨ་ཁ་དང་ཁྲག་དྲི་ནི་མ་འོངས་པའི་བུ་རབས་ཚ་རྒྱུད་ཀྱི་རྒྱུད་ལ་ཁྱབ་སོང་བ་རེད།དྲག་ཆས་ཁོ་ན་ངོམ་ངོམ་ལ་ཡོད་པའི་སྲིད་གཞུང་ཞིག་ལ་མང་ཚོགས་ཀྱི་སེམས་སུ་དཔལ་ཡོན་གྱི་དྲི་མ་ཏིལ་འབྲུ་ཙམ་ཡང་བྲོ་ཡི་ཡོད་པ་མ་རེད།ཡང་གཅིག་བཤད་ན་དྲག་ཆས་ཁོ་ན་བཤམས་སྟོན་དང་འཇིགས་སྐུལ་བྱེད་པའི་སྲིད་གཞུང་ཞིག་གི་སྣང་བརྙན་དེ་འགྲོ་བ་མིའི་རིགས་ཀྱི་སྐྱོ་གར་ཆེན་པོ་ཞིག་ཀྱང་ལགས་སོ།
༣
དོན་རྐྱེན་གསང་ཐབས་ལ་མྱུར་བ། དོན་རྐྱེན་བཅོས་ཐབས་ལ་མཁས་པ། རྫུན་གྱི་འཕོངས་མགོ་འགེབ་ཤེས་ཀླུབ་ཤེས་ལ་ཁ་འཆམས་པོ་ཡོད་པ།རང་ཉེས་གཞན་འགེལ་ལ་གོམས་པ། བལྟས་བལྟས་རིག་རིག་ཏུ་འཁྱོག་བཤད་འཁྱོག་ལས་ལ་བྱང་བ། གོང་འོག་ཆག་མཐུད་ལ་དགའ་བ།རྫུན་དང་རྫུས་མ། གཡོ་དང་མགོ་སྐོར་ལ་མི་རྨོངས་པ། དོན་རྐྱེན་གྱི་ནང་ཁོག་ཤ་ཉོག་རུས་ཉོག་ཏུ་ བཏང་ཡོད་ནའང་ཕྱི་ན་ཁྲག་ཐིགས་ཙམ་ཡང་འཐོར་གི་མེད་མདོག་སྟོན་པ།དོན་རྐྱེན་འདིའི་ནང་ན་བཀག་ཀྱང་མི་ཁོགས་པའི་སྙིང་ཆུང་ཞིག་འཕར་ལྡིང་བྱེད་ཀྱི་ཡོད་ནའང་ཕྱི་སོའི་ངོ་མདོག་བསྲན་བསྲན་ལ་ཡོད་པ།དོན་རྐྱེན་ཐ་དག་གཉོམ་ཆུང་ལ་འགེལ་ཐབས་བྱེད་པའི་རྒྱུན་འབྱམས་སུ་སོང་བའི་ནད་ཡམས་དེ་ནི་དབང་སྒྱུར་བ་རྣམས་ཀྱི་རྩེད་མོ་རྩེད་ཚུལ་དམིགས་བསལ་བ་ཞིག་ཡིན་ངེས་ནའང་སྤྱང་ཀིའི་མདུན་དུ་ལུག་གིས་རྩྭ་མི་ཟོས་པ་མིག་དང་ལྡན་པ་རྣམས་ཀྱིས་ཅིས་ཀྱང་མཐོང་ངེས་ཨང༌།རང་དབང༌། མང་གཙོ། འདྲ་མཉམ་སོགས་ཀྱི་སྐད་ཆ་དག་མ་ནམ་ཡང་ཐོས་ས་མེད་པའི་སྤྱི་ཚོགས་ཤིག་གི་ནང་དུ་ཐད་ཀར་དུ་མིག་མདུན་གྱི་དྲག་ཆས་ལ་གདོང་ཐུག་བྱས་པ་ནི་གདམས་ང་མེད་པའི་གདམས་ང་ཞིག་རེད། བོད་མི་རྣམས་ཀྱི་སེམས་ཀྱི་སྡུག་བསྔལ་ཆེ་ཤོས་ནི་སྡུག་བསྔལ་ཤོད་ས་མེད་པ་མ་ཡིན་པར་བཤད་མི་ཆོག་པ་དེ་ཡིན་ངེས་ལ།སེམས་ཀྱི་སྡུག་བསྔལ་དེ་ཅི་ཙམ་ཁོག་ཏུ་མནན་ན་དེ་ཙམ་གྱིས་དམར་ཤོག་གི་ལྟ་བ་དང་མཐུན་པོ་ཡོང་གི་ཡོད་པ་རེད།
གཉན་ལགས། གསུངས་པ་དེ་ག་རང་རེད། ང་ཚོོའི་ཕ་ཡུལ་ན་འགྲོ་་བ་མིའི་ཐོབ་ཐང་ཟེར་བ་ཤོད་ས་མེད་ལ་རྩོད་ས་ཡང་མེད། ཤོད་ཕོད་མཁན་དང་རྩོད་ཕོད་མཁན་ནི་འགྲོ་ལམ་ནི་ཤི་ལམ་དང་བཙོན་དོང་ནད་་གཅོང་་ཁོ་ན་ལས་ཐོབ་རྒྱུ་མེད། འོན་ཏེ་ང་ཚོས་ལོ་ངོ་ལྔ་བཅུའི་རིང་དེ་ལྟའི་བཟོད་དཀའ་་བའི་དཀའ་སྡུག་མྱངས་པ་འདིས་ད་གཟོད་ང་ཚོའི་མི་རིགས་འདི་གཉན་འཕྲང་གི་དུས་ཤིག་ནས་སླར་ཡང་ལག་གདང་ཟུང་དུ་སྦྲེལ་བའི་ངོ་མཚར་གྱི་ལོ་རྒྱུས་གསར་གཏོད་བྱ་ཐུབ་པ་འདི་ནི་ཅིའདྲའི་ངོ་་མཚར་ཆེ་བ་ཞིག་མ་རེད་དམ། ང་ཚོས་གཞིས་བཞུགས་བོད་མིའི་སྙིང་སྟོབས་དང་སྡོང་པོར་གསོན་ཤུགས་བྱིན་དགོས་ལ། དེ་དག་ལ་གདེངས་འཇོག་བྱ་དགོས་ཀྱང་། སྐབས་འགར་ང་ཚོའི་བཙན་བྱོལ་དུ་འབྱོར་བའི་རྗེས་ལ་ལས་གཡག་ཞར་བ་རྩ་ཟ་བའི་དཔེ་བཞིན་ཆོལ་ཁ་གཅིག་་ཁོ་ན་འདྲུད་ཐབས་བྱ་གི་འདུག ན་ནིང་ལོར་བོད་ཆོལ་་ཁ་གསུམ་ཡོངས་སུ་རྫོགས་པར་གཞི་རྒྱ་ཆེ་བའི་ངོ་རྒོལ་དེ་ལྟར་་བྱུང་སྟེ་ཁོང་ཚོའི་འབོད་ཚིག་གཙོ་བོ་སྟེ་བོད་མི་མང་ལ་རང་དབང་དགོས། ༸གོང་ས་མཆོག་བོད་དུ་གདན་འདྲེན་དགོས། བོད་་མི་གང་བྱུང་དམར་གསོད་དང་བཙོན་བཅུག་བྱེད་པ་མཚམས་འཇོག་དགོས་ཟེར་བ་སོགས་རེད། ཡིན་ནའང་ཐབས་སྐྱོ་བ་ཞིག་ལ་ཨ་མདོ་་ཕྱོགས་ཀྱི་མི་འགའ་རེས་ཨ་མདོ་གཅིག་པུའི་ལས་འགུལ་སྤེལ་བ་དང་ཨ་མདོ་གཅིག་པུའི་གནས་སྟངས་ཀྱི་དེབ་གཅིག་བཏོན་ཏེ་ཆིག་བསྒྲིལ་དང་བོད་ཡོངས་རྫོགས་ཞེས་པའི་རྩ་དོན་བློས་བཏང་སྟེ་ཐ་ན་ཆོལ་ཁ་གཞན་གཉིས་སུ་བྱུང་བའི་ལས་་འགུལ་གྱི་ཟུར་སྣེ་ཞིག་དང་འདྲ་དཔར་སྣེ་གཅིག་ཀྱང་མ་བཏོན་པར་བཙན་བྱོལ་ནང་རང་དབང་ལུང་པར་སྐྲག་དགོས་དོན་མེད་་སྟབས་ངར་སྐད་དང་ང་བཏང་ཁོ་བཏང་གི་འཇོན་མདོག་འདི་བཤད་འདོད་བྱ་གི་འདུག དེ་ནི་བཙན་བྱོལ་ནང་འབྱོར་བའི་རྗེས་མི་འགའ་རེས་ཆེད་དུ་བསླུ་བྲིད་ཀྱིས་ཕྱོགས་བསྒྲིགས་བྱེད་བཞིན་པའི་ལས་འཆར་ཕུགས་སུ་གནོད་གཞི་ཅན་ཞིག་ཏུ་གྱུར་བའི་ལས་ངན་ཞིག་རེད། མི་་དེ་ཚོ་ནི་བཙན་བྱོལ་ནང་ག་ཚོད་ཙམ་གནས་ཀྱང་དོན་དུ་༸གོང་ས་་མཆོག་གི་བཀའ་ཇི་བཞིན་བོད་ཡོངས་རྫོགས་གཅིག་བསྒྲིལ་ཡོང་རྒྱུ་་ལས་ལྡོག་སྟེ་གཏོར་བཤིགས་གཏོང་མཁན་གྱི་གཙོ་བོ་ཞིག་རེད། དེའི་ནང་ནས་ཨ་ལག་འཇིགས་མེད་ཟེར་བ་དེ་ནི་རྦད་དེ་ཞེན་ཁོག་གིས་བཟི་བའི་མི་ཞིག་རེད། རབ་བྱུང་གི་སྡོམ་པ་ཡོད་མེད་ཆ་རྟོགས་རྒྱུ་མེད་ལ། སྤྱི་ཚོགས་ཀྱི་མི་དཀྱུས་མའི་བཟང་ཆ་ནི་རྦད་དེ་དོར་ཟིན་པ་ ཞིག་རེད། དེ་སློབ་སྟོན་བྱས་པ་ཞིག་ལ་གང་ཡང་ཡོང་རྒྱུ་ཡོད་པ་མ་རེད་དོ། དེས་ན་ཤེས་ཡོན་ཅན་པ་སུ་ཞིག་གིས་དོ་སྣང་བྱས་ཀྱང་བོད་ཁྱོན་ཡོངས་ཀྱི་གནད་དོན་གླེང་ཚེ་དེ་ནི་དངོས་གནས་ང་ ཚོའི་བོད་མི་རིགས་ཀྱི་ཤེས་ཡོན་ཅན་པ་ཞིག་རེད།
ངས་རྩོམ་སྒྲིག་པ་ཁྱེད་ལ་་ཞུ་འདོད་པ་ནི། ཁྱེད་ལྟ་བུའི་རང་ཡུལ་བོད་དུ་བཞུགས་པའི་ཤེས་ཡོན་ཅན་པ་དང་ཨ་མདོ་་ཕྱོགས་ཀྱི་མི་སྣ་གནད་ཡོད་ཚོར་དེ་ལྟའི་བསམ་འདུན་ཡག་པོ་ཞིག་འདུག་ཀྱང་། ཕྱི་ཕྱོགས་སུ་སླེབས་ཟིན་པའི་མགོ་བདེ་དྲན་འཕྲུལ་བྱེད་མཁན་གྱི་ཨ་མདོ་ཁག་ཅིག་གི་བྱེད་སྟངས་ནི་རྦད་དེ་ཐལ་དྲག་པའི་འཐེན་འཁྱེར་རིང་ལུགས་དང་བོད་ཡོངས་རྫོགས་གཅིག་བསྒྲིལ་ཡོང་རྒྱུར་བསམ་བཞིན་རྡོག་རོལ་གཏོང་རྒྱུའི་ལས་ངན་ཁོ་ན་བརྩམས་ཏེ་སྔ་ལོའི་ས་བྱི་ཞི་རྒོལ་ཆེན་མོ་ཞེས་པའི་དེབ་བཏོན་ཏེ་གཞིས་སུ་ཞུགས་པའི་ཁམས་དང་དབུས་གཙང་ཁུལ་གྱི་རྒྱལ་གཅེས་དཔའ་བོ་དཔའ་བོ་ཚོའི་སྙིང་ཁར་གྲི་བ་བཙུགས་པ་ལྟ་བུའི་ན་ཟུག་རྒྱག་གི་ཡོད་འདུག་པས་ཁྱེད་ནས་བོད་ནང་བརྡ་ལན་དེ་ཚོར་ངེས་པར་འཕྲོད་་པ་་བྱེད་རོགས།།།།
དྲ་གྲོགས་འཇའ་ཚོན། ཁྱོད་ཀྱི་བཤད་པར་རྒྱུ་མཚན་ཆེན་པོ་དེ་ཙམ་ཡོད་པ་མི་མཐོང་་། བསམ་འཆར་ཡིན་ཚེ་དེབ་འབྲི་མཁན་ཚོར་སྔ་ཙམ་བཏོན་ན་མ་འགྲིག་གམ། དེར་བཤད་ན་ཕན་ཐོགས་ཅི་ཡོད།
ད་ཕན་བོད་ནང་གི་གཞོན་སྐྱེས་རྩོམ་པ་པོའི་ཁྲོད་ནས་ཐོབ་ཐང་གི་སྐོར་ལ་རྩོམ་ཡིག་སྤེལ་མཁན་གཉིས་ཀྱི་དེ་བྐླགས་རྒྱུ་བྱུང་། གཅིག་ནི་གཉན་ལགས་དང་གཅིག་ཤོས་དེ་སྤྲིན་བྲལ་ལགས་རེད།
ཨ་ཨ་ ཨ་ད་ཡིན་ན་། རྩོམ་སྒྲིག་པར་ཁ་ཡག་ངོ་སྟོད་ཡག་པོ་ཞེ་དྲ་བཤད་འདུག་ག་།