མིག་བརྒྱད་པ།
འཛམ་གླིང་འདིར་ཆོས་ལུགས་པ་དང་ཚན་རིག་པ་ཚོས་སྲོག་ཅེས་པའི་དོན་ལ་ངོས་འཛིན་སྟངས་མི་འདྲ་བ་ཁག་གཉིས་བྱུང་ཡོད། མདོར་བསྡུས་ན་སེམས་ཡོད་སྲོག་ལྡན་དང་སེམས་མེད་སྲོག་ལྡན་གཉིས་སུ་འདུས་པ་ཡིན། ནང་པའི་གཞུང་དུ་སྲོག་ཅེས་པ་གང་འདྲ་ཞིག་ལ་ངོས་འཛིན་པའི་སྐབས་སུ་གང་ཟག་དེའི་ཚེ་ནི་སྲོག་ཡིན་ལ་དྲོད་དང་རྣམ་ཤེས་ཀྱི་རྟེན་བྱེད་མཁན་ཞིག་ལ་སྲོག་ཏུ་འདོད། རྩི་ཤིང་སོགས་ལ་རྣམ་ཤེས་ཀྱི་རྟེན་བྱེད་པའི་སྲོག་དེ་འཇོག་དཀའ་མོད། འོན་ཀྱང་སྲོག་མེད་ལས་སྲོག་ལྡན་སྐྱེས་པ་ང་ཚོའི་གཞུང་དུའང་བཞག་གི་ཡོད་ལ་ཚན་རིག་པས་ཀྱང་འཇོག །སྲོག་ལྡན་གཅིག་ལ་སྲོག་གི་དབང་པོ་མི་འདྲ་བ་གཉིས་ང་ཚོས་ཀྱང་བཞག་མེད་ལ་ཚན་རིག་པས་ཀྱང་འཇོག་གི་མེད། ཆོས་མངོན་པ་མཛོད་ལས་མི་ལ་སྐྱེས་གནས་བཞི་ག་ཡོད་པར་གསུངས་པ་ལྟར། བསྐལ་བ་དང་པོའི་མི་རྫུས་སྐྱེས་དང་། བྱ་ཁྲུང་ཁྲུང་ལས་སྐྱེས་པ་གནས་བརྟན་གྲགས་པ་དང་རི་དྭགས་འཛིན་གྱི་བུ་སུམ་ཅུ་རྩ་གཉིས་ནི་སྒོང་སྐྱེས། ཆུ་ཤིང་སྡོང་པོ་ནས་བུ་མོ་ཞིག་སྐྱེས་པ་ཕྱིས་སུ་རབ་ཏུ་བྱུང་ནས་དགེ་སློང་མ་སྐྱོང་མར་གྱུར་བ་ལྟ་བུ་དྲོད་གཤེར་སྐྱེས་ཡིན། མངལ་དུ་མེར་མེར་ནུར་ནུར་གྱི་སྐྱེ་མཆེད་དོད་ནས་ཕྱིར་རོལ་དུ་བཙས་བ་མི་དང་རྟ་གླང་ལྟ་བུ་མངལ་སྐྱེས་སུ་འཇོག་གོ །སྤྱིར་ན་སྲོག་ཅེས་པའི་དོན་མི་འཆི་བར་འཚོ་ནུས་པའི་དོན་དུ་འཇོག་ན་ནང་ཚན་གཉིས་ཀ་ལ་འགལ་བ་མེད་ཀྱང་རྣམ་པ་ཐམས་ཅད་དུ་འདྲ་བ་མ་ཡིན་ཏེ། གདགས་པ་ལས་ཚེ་ཟད་དེ་འཆི་བ་དང་བསོད་ནམས་ཟད་ནས་འཆི་བ་གཉིས་ལ་མུ་བཞི་ཡོད་པར་བཤད་པ་ལྟར། སྲོག་ལ་རླུང་དུ་འཇོག་པ་ཡོད་མེད་ཀྱང་དཔྱད་དགོས་ཏེ། འདུལ་ཊཱིག་ཉི་མའི་འོད་ཟེར་ལས། སྲོག་ལ་སྲོག་གི་དབང་པོ་དང་སྲོག་གི་རླུང་གཉིས་སུ་དབྱེ་སྟེ། ཞེས་དང་། མཛོད་འགྲེལ་ལས་ཀྱང་། སྲོག་ཅེས་བྱ་བ་ནི་ལུས་དང་སེམས་ལ་བརྟེན་ནས་འཇུག་པའི་རླུང་ཡིན་ཏེ། ཞེས་དབུགས་གཏོང་ལེན་བྱེད་པ་ལ་སྲོག་ཏུ་བཤད་པའི་ཕྱིར་རོ།། སྔགས་ཀྱི་སྐབས་སུ་བསམ་གཏན་ཕྱི་མ་ལས། སྲོག་དང་རྩོལ་བ་རབ་ཏུ་བསྡམ།།ཞེས་སྲོག་རྩོལ་གྱི་དོན་བཤད་པའི་སྐབས་སུ་དབང་པོའི་སྒོ་སོགས་དང་སྐྲ་དང་བ་སྤུའི་བུ་ག་ནས་འབྱུང་འཇུག་བྱེད་པའི་རླུང་ནི་སྲོག་ཡིན་ལ། ཞེས་རླུང་འབྱུང་འཇུག་བྱེད་པ་ལ་སྲོག་ཏུ་བཤད་པ་དང་། སྔགས་བླ་མེད་ཀྱི་སྐབས་སུ་རོ་རྐྱང་གི་རླུང་རྒྱུ་བ་སྲོག་ཏུ་བཤད་ཅིང་། རྩ་བའི་རླུང་ལྔ་དང་ཡན་ལག་གི་རླུང་ལྔ་སྟེ་རླུང་བཅུ་བོ་དེ་མངལ་གྱི་གནས་སྐབས་སུ་ཆགས་ཀྱང་མ་བཙས་བར་དུ་སྣ་བུག་ནས་འབྱུང་འཇུག་མི་བྱེད་པར་བཤད། མེར་མེར་པོའི་གནས་སྐབས་ནས་གཟུགས་ལུས་རགས་པ་གྲུབ་ཟིན་པས་དེ་ནས་འཆི་བ་ལ་ཐུག་གི་བར་ལུས་ཕྲ་རགས་རྣམས་འབྱུང་བ་བཞིའི་ཁམས་ལས་གྲུབ་པ་ཡིན་པས། ས་རླུང་གིས་འཛིན་པར་བྱེད། ཆུ་རླུང་གིས་སྡུད་པར་བྱེད། མེ་རླུང་གིས་མ་རུལ་ཅིང་སྨིན་པར་བྱེད། རླུང་རླུང་གིས་རྒྱས་པར་བྱེད་དོ། །དཔེར་ན་མངལ་གྱི་གནས་སྐབས་ཀྱི་ཕྲུ་གུ་དེ་སྲོག་ལྡན་ཡིན་པས་སྣ་བུག་ནས་དབུགས་གཏོང་ལེན་མི་བྱེད་ཀྱང་། ཟས་བཅུད་ལེན་པ་དང་དབུགས་གཏོང་ལེན་ངེས་བར་བྱེད་དགོས་པས་ཇི་ལྟར་བྱེད་སྙམ་ན་ཨ་མའི་ཁྲག་རྩ་དང་ཤ་མ། བུའི་ལྟེ་ཐག་སོགས་བརྒྱུད་ནས་གཟུགས་པོའི་ནང་ཟས་བཅུད་དང་འཚོ་རླུང་ལེན་པ་དང་དེ་བཞིན་རླུང་བཙོག་དང་སྙིགས་རོ་སོགས་ལྟེ་ཐག་བརྒྱུད་ནས་ཕྱིར་འདོན་གྱི་ཡོད་པ་རེད། གནའ་བོའི་རྒྱ་གར་གྱི་གཅེས་བུ་བ་དག་གིས། རྩི་ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། ལོ་མ་ཁུམ་པའི་ཕྱིར་ཞེས་རྩི་ཤིང་སེམས་ལྡན་དུ་འདོད་པ་ལ། དབུ་མ་སྙིང་པོ་ལས། ལྗོན་ཤིང་སེམས་དང་བཅས་པ་མིན།།སྐྱེ་གནས་བཞིར་ནི་མ་བསྡུས་ཕྱིར། དཀྱིལ་དུ་བཅད་ཀྱང་བཟོད་པའི་ཕྱིར།།ཕག་དུམ་བཞིན་དུ་བེམ་པོ་ཡིན།།ཞེས་གསུངས་པ་ལྟར་རྩི་ཤིང་ནི་སྐྱེ་གནས་བཞིས་མ་བསྡུས་པ་དང་བཅད་ཀྱང་ཚོར་བ་སྡུག་བསྔལ་མྱོང་རྒྱུ་མེད་པའི་ཕྱིར་རྩི་ཤིང་སེམས་ལྡན་དུ་མི་འདོད་དོ། །གཏམ་རྒྱུད་གསེར་ཐང་ལས། སན་དེའུ་(Sundew) བྱ་བ་དང་། བིན་ས་(Pitcher)བྱ་བའི་མེ་ཏོག་སོགས་སྦྲང་བུ་སྟེང་དུ་བབས་མ་ཐག་བཟུང་ནས་ཁྲག་བཞིབས་ཏེ་རོ་སྟོང་ཤོབ་ཏུ་བྱས་ཏེ་ས་ལ་འདོར་ཞིང་། ༼འབུ་རོ་ཕྱིར་འདོན་པའི་དོན༽།སན་དེའུ་རེ་རེས་ཀྱང་ཉིན་རེ་ལ་འབུ་སྦྲང་ཉིས་བརྒྱ་ལྷག་རེ་གསོད་ཅིང་། རོ་མཐའ་ལ་སྤུངས་ནས་འོངས། ཞེས་གསུངས་པ་ལྟར་ཤ་གཟན་རྩི་ཤིང་དེ་གཉིས་ནི་དེང་སང་ཨ་རིའི་ཡུལ་ན་ཡོད་པའི་རྩི་ཤིང་ཞིག་ཡིན་པ་རེད། ཉི་ཚེ་བའི་དམྱལ་བ་དང་སྟོན་པས་སྐྱེས་པ་གཅོད་པའི་ལྟུང་བྱེད་གསུངས་པ་དེ་ལ་ཅུང་ཟད་བསམ་ན་རྩི་ཤིང་ལ་མཐའ་གཅིག་ཏུ་སྲོག་མེད་ཅེས་སྨྲ་མི་སྤོབས། ཚན་རིག་པས་རྩི་ཤིང་སྲོག་ལྡན་དུ་འདོད་པ་ཡིན་ཏེ། དབུགས་གཏོང་ལེན་བྱེད་པའི་ཕྱིར་ཟེར་ན་དེ་ལ་ལན་ཅི་ཞིག་འདེབས། རྟགས་མ་གྲུབ་ཟེར་ན་ཚན་རིག་པ་ཚོས་བརྟག་དཔྱད་བརྒྱ་ཕྲག་གི་ལམ་ནས་རྩི་ཤིང་གིས་དབུགས་གཏོང་ལེན་བྱེད་པ་གསར་བརྙེད་བྱུང་ཚར་བ་རེད། ཨ་རིའི་ཨེ་མོ་རའི་ཚེ་སྲོག་ཚན་རིག་སྡེ་ཚན་དག་གིས་བཏོན་པ་ལྟར་ན་སྐྱེ་ལྡན་ཀུན་ལ་རང་གི་རིགས་འདེད་དངོས་རྫས་ཀྱི་གྲུབ་ཆར་ཌི་ཨེན་ཨེན་(DNA)ལྡན་ཡོད་ལ། དེ་ནི་སྐྱེས་དངོས་འཕེལ་འགྱུར་གོ་རིམ་ཁྲོད་ཀྱི་འགྱུར་བའི་གཞི་རྟེན་ཡིན་ཞེས་བཤད་ཡོད། རིགས་རྫས་གང་ལས་གྲུབ་པའི་(DNA)་དེ་དག་སྐྱེ་རྡུལ་ཕྲ་གཟུགས་ཀྱི་ནང་དུ་ཡོད་པ་དང་། སྐྱེ་རྡུལ་ཕྲ་གཟུགས་སམ་ཕྲ་ཕུང་(cell)དུ་མ་འདུས་པ་ལས་ཕུང་གྲུབ་(tissue)གྲུབ་པ་དང་། ཕུང་གྲུབ་དུ་མ་འདུས་པ་ལས་(organ)དབང་པོ་གྲུབ། དེ་གཅིག་གམ་དུ་མ་འདུས་པ་ལས་(organism)སྲོག་ལྡན་གྲུབ་པ་ཡིན། འཕེལ་འགྱུར་གྱི་རྒྱུད་རིམ་དེ་སྐྱེ་ལྡན་ཀུན་ལ་གཅིག་གྱུར་དུ་གྲུབ་ཡོད་ཀྱང་རྩ་བའི་རིགས་རྫས་སྒྲུབ་གཞི་ཌི་ཨེན་ཨེན་(DNA)ནང་གསེས་ཀྱི་བཀོད་རིམ་ཁྱད་པར་ཕྲ་མོ་ཞིག་གི་རྐྱེན་གྱིས། སྐྱེ་ལྡན་ཉེ་རིགས་གཅིག་གི་ཚོགས་འདུས་ནང་ཁེར་གཟུགས་སོ་སོར་ཁྱད་པར་ཕྲན་བུ་འབྱུང་སྲིད་པར་བཤད་པ་ལྟར། བགྲང་གིས་མི་ལང་བ་དང་རྫོགས་མཐའ་མེད་པའི་སྲོག་ལྡན་རིགས་མི་འདྲ་བ་སྣ་ཚོགས་ཤིག་བྱུང་ཡོད་པ་འདི་དག་(DNA)ཡི་འཁོད་རིམ་མི་འདྲ་བ་ལ་བརྟེན་ནས་བྱུང་བར་ཚན་རིག་པ་ཚང་མས་ཁ་གཅིག་གྲགས་སུ་ཁས་ལེན། ཌར་ ཝིན་གྱི་འཕེལ་འགྱུར་རིག་པ་དང་མན་ཊེལ་གྱི་སྲན་མའི་ཞིབ་འཇུག་རྙེད་སོན་གྱི་ རིག་པ་ཟུང་འབྲེལ་ལ་བརྟེན་ནས་སྐྱེ་དངོས་རིག་པའི་བྱ་བཞག་ལ་ཕན་ནུས་ཆེན་པོ་ཞིག་ བྱུང་ཡོད་པ་རེད། ཌར་ཝིན་གྱིས་སྐྱེ་ལྡན་ཀུན་ལ་ཐུན་མོང་གི་མེས་པོ་ཞིག་ཡོད་པར་བཞག་ལ། ཁྱིམ་རྒྱུད་སྡོང་པོ་ཞེས་འབོད་པའི་དཔེ་མཚོན་དེས་སྐྱེ་ལྡན་ཀུན་ལ་ཕན་ཚུན་གཉེན་ཚན་གྱི་འབྲེལ་བ་ཡོད་པར་བལྟས་བ་རེད། ཅེས་བཤད། རིགས་པ་འདིས་སའི་གོ་ལའི་སྟེང་གི་སའི་གོ་ལའི་སྟེང་གི་ཚེ་སྲོག་ཁྱིམ་རྒྱུད་ཀྱི་ཐུན་མོང་གི་གདོད་མའི་མེས་པོ་(DNA)བཀོལ་ཏེ་ལོ་ངོ་ཐེར་འབུམ་དུ་མའི་གོང་ནས་འཕེལ་འཕེལ་འགྱུར་བྱུང་དང་འབྱུང་བཞིན་པའི་སྐྱེ་ལྡན་ཀུན་གྱི་ནང་དུ་ཌི་ཨེན་ཨེན་གསོག་ཉར་བྱས་ནས་ཡོང་ཡོད་པར་བཤད་ཡོད། ང་ཚོའི་གོ་ལ་འདི་ཐོག་མར་ཚ་ཤུགས་ཆེ་བ་ནས་འཁྱགས་པའི་དུས་རབས་བར་རིམ་པས་འགྱུར་ནས་བསམ་ཡུལ་ལས་འདས་པའི་ཚེ་སྲོག་མང་པོ་ཞིག་བྱུང་ཡོད་པ་དང་། ཚེ་སྲོག་དེ་ཚོ་ཐོག་མར་ཇི་ལྟར་བྱུང་བ་དང་སྲོག་མེད་ཅིག་ལས་སྐྱེ་འཕེལ་བྱུང་བ་ཡིན་ནམ། ཡང་ན་སྐར་རྡོ་ཟེགས་ཏེ་གོ་ལ་གཞན་གྱི་ཚེ་སྲོག་གླིང་འདིར་འཕོ་འགྱུར་བྱུང་བ་ཞིག་ཡིན། འདི་ནི་གནད་དོན་ཞིག་རེད། ཕྲ་ཕུང་གི་རིགས་པའི་གཞུང་ལུགས་ལྟར་ན་རྩ་བའི་ཁས་ལེན་གཉིས་ཡོད། གཅིག །སྲོག་ལྡན་ཀུན་ཕྲ་ཕུང་ལས་གྲུབ་པ་དང་། གཉིས། ཕྲ་ཕུང་ཀུན་ཕྲ་ཕུང་གཞན་ལས་གྲུབ་པ་བཅས་ཡིན། སྙན་གྲགས་ཅན་གྱི་ཚན་རིག་པ་(Pasteur)ཡིས་དངོས་སུ་བརྟག་དཔྱད་ཀྱི་ལམ་ནས་ཐོལ་བྱུང་སྐྱེ་སྤེལ་གྱི་འདོད་ཚུལ་དེ་མི་འཐད་པར་བསྟན་ནས་བརྟག་དཔྱད་རིམ་པ་གསུམ་གནང་ཡོད། དང་པོ། སྣོད་ཤེལ་དམ་ཞིག་གི་ནང་ཟས་ཀྱི་ལྡག་གུ་བླུགས་ཏེ་ཚ་བོ་བཏང་རྗེས་འཕྲལ་དུ་ཁ་གཅོད་བརྒྱབ་ནས། སྣོད་ཤེལ་དམ་ནང་སྔར་ཡོད་ཀྱི་ཚེ་སྲོག་ཀུན་ཤི་རུ་བཅུག་པ་དང་ཆབས་ཅིག་ཟས་ཀྱི་ལྡག་གུ་དེ་ཡང་དུག་སེལ་བཏང་། གཉིས་པ། ཁ་གཅོད་བརྒྱབ་ནས་ཡོད་པའི་ཤེལ་དམ་དུག་སེལ་བཏང་ནས་བཞག་རྒྱུན་རིང་ཟས་ཀྱི་ལྡག་གུ་དེར་སྐྱེ་ལྡན་ཕྲ་གཟུགས་ཀྱི་རིགས་གང་ཡང་སྐྱེ་འཕེལ་བྱུང་མེད། འདིས་ལྡག་གུ་ནང་གི་འདུས་རྡུལ་ཐེ་བའི་སྲོག་མེད་ཀྱི་དངོས་རྫས་ལས་སྐྱེ་ལྡན་གྱི་རྣམ་པ་གང་ཡང་མི་སྐྱེ་བའི་བདེན་དབང་བྱས། གསུམ་པ། སྣོད་ཤེལ་དམ་དེའི་ཁ་གཅོད་ཕྱེས་ཏེ་ཕྱིའི་རླུང་གཟུགས་སྣོད་ཤེལ་དམ་དེའི་ནང་དུ་ཞུགས་པའི་རྗེས། མི་རིང་བར་ཟས་ཀྱི་ལྡག་གུ་དེའི་ཁ་དོག་སྨུག་པོར་གྱུར་ཏེ། ཕྱིའི་རླུང་ཁམས་ནས་བྱུང་བའི་སྲིན་འབུ་ཕྱིར་མངོན་པར་བྱུང་། བརྟག་དཔྱད་རིམ་པ་དེ་གསུམ་གྱི་ལམ་ནས་ཕྲ་ཕུང་རྣམས་རང་ལས་གཞན་པའི་ཕྲ་ཕུང་གསོན་པོ་འབའ་ཞིག་སྐྱེ་བར་བདེན་དབང་བྱས་པ་རེད། སྲོག་ལྡན་དང་སྲོག་མེད་ཀྱི་སྡེ་ཚན་གང་དུའང་མི་གཏོགས་པ་ནི་རྩི་ཤིང་གི་ས་བོན་དང་སེམས་ཅན་གྱི་ནད་དུག་ལྟ་བུར་ངོས་འཛིན་པ་དང་། ནད་འབུ་ཕྲ་རབ་ལྟ་བུ་ནི་གཞན་འཚོས་སྐྱེ་ལྡན་གྱི་རིགས་ཤིག་ཡིན། དེ་ཕྲ་ཕུང་གི་ནང་དུ་ཞུགས་ནས་དུག་སྲིན་གསར་བ་གཞན་སྐྱེད་སྤེལ་ནུས་ལ། རང་གི་གནས་ཡུལ་ཕྲ་ཕུང་གི་ཕྱི་རོལ་དུ་གྱར་ཚེ་ནད་འབུ་འདི་དག་འཚོ་གནས་བྱེད་ཐུབ་ཀྱང་རྒྱུད་སྤེལ་བྱེད་མི་ཐུབ་པར་བཤད་ཡོད། ཚན་རིག་པ་ལ་ལས་ཡུལ་དུས་གནས་བབས་ཇི་འདྲ་ཞིག་གི་འོག་ཏུ་ཚ་དྲོད། ཆུ། ནག་རྫས་དང་ནེ་ཏྲོན་ཇེན་བཅས་ཀྱི་འདུས་ཚོགས་འོས་འཚམས་ཤིག་བྱུང་ཚེ་དེར་སྐྱེས་དངོས་སྐྱེ་རུང་ཡིན་པར་བརྗོད་ཅིང་། ལྷག་པར་ཉེ་བར་མཁོ་བའི་སྐུལ་རྫས་སོགས་རྒྱུ་ཚོགས་གྲངས་ཚང་བ་ལས་དུས་ཡུན་རིང་པོ་མི་ཐོགས་པར་ལོ་གཅིག་གི་ནང་ཚུད་དུ་སྐྱེ་དངོས་སྲོག་ལྡན་གསར་བ་འགྲུབ་ངེས་ཡིན་པར་བཤད་དོ།།ཐོལ་བྱུང་སྐྱེ་འཕེལ་འདོད་པའི་རིག་པའི་གཞུང་ལུགས་ལྟར་ན་ཚེ་སྲོག་ནི་སྲོག་མེད་ཀྱི་དངོས་རྫས་དག་ལས་བྱུང་བ་ཡིན་སྟབས་དུས་ཡུན་ཐུང་ངུའི་ནང་གློ་བུར་འཐོན་གྱི་ཡོད་པར་བཤད་དོ། །མཁས་དབང་སྐྱེ་དངོས་རིག་པ་བ་[Dr.Herbert-Wendt]ཡིས་རྒྱ་མཚོ་ནི་མ་དང་འདྲ་བའི་སྐྱེ་དངོས་ཀྱི་འབྱུང་གནས་གལ་ཆེན་ཞིག་ཡིན་པར་བརྗོད། འཇིག་རྟེན་གྱི་མིའི་འགྲོ་བ་ཐོག་མ་དེ་བསྐལ་བ་ཡ་ཐོག་གི་རྒྱ་མཚོའི་འདམ་རྫབ་ནང་ནས་གྲུབ་ཅིང་། ད་ལྟའི་རྩི་ཤིང་གི་བརྒྱ་ཆ་༩༠་ཐམ་པ་ད་དུང་ཡང་རྒྱ་མཚོའི་ནང་ན་འཚོ་བཞིན་ཡོད་པ་དང་དེང་སྐབས་ཡ་མཚན་ཆེ་བའི་སྐྱེ་དངོས་དེ་དག་ཐམས་ཅད་ཐོག་མར་རྒྱ་མཚོ་ནང་ནས་འཕེལ་སྐྱེད་བྱུང་བ་ཞིག་རེད་གཏམ་བཤད་སྤེལ་ཡོད་པ་རེད། སྤྱི་ལོ་༡༦༦༥་ལོར་དབྱིན་ཇིའི་ཚན་རིག་པ་(Robert hooke)ཁོང་གིས་ཕྲ་མཐོང་ཆེ་ཤེལ་བརྒྱུད་བེ་དོའི་སྐྱི་དཀར་གྱི་དུམ་བུ་ཕྲ་མོ་ལ་ལྡབ་སུམ་ཅུའི་ཆེ་རིམ་ནས་ལྟ་ཞིབ་བྱས་སྐབས་ཕྱི་ཤུན་གྱི་སྟེང་དུ་ཁོང་གིས་ཨི་ཁུང་ཆུང་ཆུང་མང་པོ་མཐོང་བ་དང་ཁོང་གིས་མཐོང་བ་དེ་ནི་དོན་དངོས་ལ་ཕྲ་ཕུང་གི་ཕྱི་ཤུན་ཡིན་ཡང་དེ་ལ་cell་ཞེས་མིང་གསར་དུ་བཏགས། དེ་ནས་བཟུང་སྟེ་ཚེ་སྲོག་གི་རིག་པའི་གཞུང་ལུགས་མཐར་ཐུག་གི་གྲུབ་དོན་ཏེ་སྐྱེས་དངོས་ཡོད་ཚད་སྐྱེ་རྡུལ་ཕྲ་གཟུགས་སམ་ཕྲ་ཕུང་ལ་བརྟེན་ནས་བྱུང་བར་ངོས་འཛིན་བྱེད་པ་དེ་རེད། སྐྱེ་དངོས་དེ་དག་ཡུན་རིང་གནས་པ་ལ་རླུང་ནི་མེད་དུ་མི་རུང་བ་དང་། སེམས་ཅན་དང་རྩི་ཤིང་ཚང་མས་དབུགས་གཏོང་ལེན་བྱེད་དགོས་ཀྱི་ཡོད་པ་དང་རླུང་མེད་པར་སྲོག་ལྡན་གཅིག་ཀྱང་འཇིག་རྟེན་འདིར་འཚོ་གནས་མི་ཐུབ་ལ། དེར་བརྟེན་ཚེ་སྲོག་གི་རྒྱུན་སྤེལ་བ་ལ་ཟས་བཅུད་དང་འཚོ་རླུང་གཉིས་ལྷན་དུ་རྫས་སྦྱོར་གྱི་ནུས་ཤུགས་དགོས་ཀྱི་ཡོད་པ་རེད། སེམས་ཅན་དང་རྩི་ཤིང་འཚོ་གནས་ཐུབ་པ་ལ་ངེས་བར་ཟས་བཅུད་དགོས་པ་དང་ཟས་བཅུད་དེ་ནུས་ཤུགས་ཀྱི་ངོ་བོར་གྱུར་ནས་མུ་མཐུད་དུ་ཚེ་སྲོག་སྤེལ་གྱི་ཡོད་པ་རེད།།
སློབ་དཔོན་མིག་བརྒྱད་པས་བོད་གཞུང་ཙམ་དུ་མ་ཟད་ཚན་རིག་ཀྱང་གང་འཚམས་མཁྱེན་པ་འདྲའོ།།
ཚན་རིག་པས་སྲོག་ལྡན་ལ་སེམས་ལྡན་སྲོག་ལྡན་དང་སེམས་མེད་སྲོག་ལྡན་གཉིས་སུ་དབྱེ་ཞིང་། རྩི་ཤིང་སོགས་སེམས་མེད་སྲོག་ལྡན་དང་། དུད་འགྲོ་དང་མི་རྣམས་ནི་སེམས་ལྡན་སྲོག་ལྡན་དུ་བརྩི་བར་སེམས།
མིག་བརྒྱད་པ་ལགས། ་ཐུགས་རྗེ་ཆེ་བློ་སྐྱེད་མང་བོ་རག་བྱུང་། འོན་ཀྱང་མངལ་སྐྱེས་མ་ཡིན་པའི་སྐྱེས་གནས་
གཞན་གསུམ་ལས་བྱུང་བ་དེ་དག་ནི་ལུང་ཙམ་ལས་དངོས་སྟོབས་ཀྱི་རིགས་པ་་ལྟ་ཅི། མིའི་རིགས་ཀྱི་རྒྱུན་ཤེས་
མངོན་སུམ་དང་འགལ་བས་ཇི་ལྟར་ཁས་ལེན་བྱེད་དགོས་སམ། གཅེར་བུ་བ་ལ་རིགསཔའི་རྩལ་རྫོགས་པའི་
མཁས་དབང་ཤིན་ཏུ་མང་བོ་བྱོན་ངེས་པས། ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པ་ལ་མཁས་པ་སོ་སོའི་རྣམ་དཔྱོད་
ཀྱི་རྩལ་མི་འདྲ་བས་། མཚན་མོར་ལོ་མ་ཁུམ་ནས་ཉལ་བ་འདི་རྟགས་སུའགོད་མཁན་ཡོད་ཆོག་མོད། འོན་ཀྱང་གཅེར་བུ་བ་མཐའ་དག་གིས་དེ་ལྟར་་འདོད་མིན་ལ་ཡང་ཐེ་ཚོམ་ཟ་ཞིང་། ཁོང་ཚོས་ལྗོན་ཤིང་སོགས་དབང་བོ་གཅིག་ལྡན་དུ་འདོད་ཅིང་། གཙོ་བོ་ནི་སྐྱེ་འཕེལ་གྱི་རང་བཞིན་ཅན་ཡིན་པའི་ ཆ་ནས་བཞག་པ་ཡིན་ནམ་སྙམ་ལ། དེས་ན་ས་ངོས་ན་སྐྱེ་ཞིང་འཕེལ་བའི་རང་བཞིན་ཅན་འདི་དག་ལ་སྲོག་དངལྡན་ན་ང་ཚོའི་ལུས་ནས་སྐྱེ་ཞིང་འཕེལ་བའི་རང་བཞིན་ཅན་སྐྲ་དང་ཁ་སྤུ་སོགས་ལ་སྲོག་ཡོད་མེད་དྲི་བར་བྱའོ། ་
སྲོག་ཡོད་མཁན་སྤུན་ཟླ་ཚོས་རང་ལུས་གཞོམ་བསྲེགས་གཏོང་དུས་དེའི་སྐོར་ལ་ཁ་གྲག་མི་ཐུབ་པར་ཤིང་སྡོང་ལ་སྲོག་ཡོད་མེད་རྩོད་པ་ནི་མིག་བརྒྱད་པ་ཅན་ཞིག་གི་སྐབས་བབ་ཀྱི་འོས་འགན་ཨེ་ཡིན་ན།
སེམས་མེད་སྲོག་ལྡན་ཅིག་མེད་ཅིག་དགོས་ཏེ། ལྗོན་ཤིང་བཅད་ན་སྲོག་བཅད་པའི་ཉེས་པ་ཡོས་དགོས་པ་ལ་དེ་མེད་པའི་ཕྱིར།
འོནད་ཀྱང་། ཚན་རིག་པའི་མྱུ་གུ་སྲོག་ལྡན་གྱི་སྲོག་ནི་ནང་ཆོས་ནང་བཤད་པའི་སྲོག་དང་ཆེས་མི་འདྲ་སྟེ། ལྗོན་ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ་། མཚན་མོ་ལོམ་་ཁུམ་ནས་ཉལ་བའི་ཕྱིར། ཞེས་རྟགས་ཡང་དག་མིན་པ་བཞིན། ལྗོན་ཤིང་ཆོས་ཅན། སྲོག་ལྡན་ཡིན་ཏེ། མཚན་མོ་ལོ་ཁུམ་ནས་ཉལ་བའི་ཕྱིར། ཟེར་བ་རྣམ་པ་ཀུ་ཏུ་མཚུངས་པའི་ཕྱིར་རོ། །
ཚན་རིག་པས་དེ་སྐད་སྨྲས་འདུག། རྩི་ཤིང་ཆོས་ཅན། སྲོག་ལྡན་ཡིན་ཏེ། དབུགས་གཏོང་ལེན་བྱེད་པའི་ཕྱིར། དཔེར་ན་མི་བཞིན་ཏེ། མི་རྣམས་ཀྱང་ཇི་སྲིད་དབུགས་གཏོང་ལེན་བྱེད་པ་དེ་སྲིད་དུ་སྲོག་ལྡན་དུ་འདོད་ཅིང་། དབུགས་གཏོང་ལེན་དང་བྲལ་བ་དེའི་ཚེ་སྲོག་དང་བྲལ་བར་གྱུར་པ་ལྟར་རྩི་ཤིང་ཡང་དེ་བཞིན་ནོ།
རྒྱ་གར་ཨིན་ཇིས་དབང་བསྒྱུར་པའི་སྐབས་སུ། ཡུལ་བེང་ག་ལ་པ་་ཞིག་གིས། ཤིང་སྡོང་ཞིག་གི་དྲུང་དུ་མི་སོགས་སེམས་ཅན་གཞན་འགྲོ་བ་ན། ལོ་མ་དང་ཡལ་ག་དག་གིས་རྣམ་འགྱུར་མི་འདྲ་བ་སྟོན་པས། ཤིང་སེམས་ལྡན་དུ་བསྒྲུབས་པར་གཞུང་ནས་ལེགས་གསོལ་བྱ་དགའ་བྱིན་པ་ཐོས།
གཞན་ཡང་ནུབ་གླིང་གི་་ལུང་པ་ཞིག་གི་མདོ་ན། ཤིང་སྡོང་རྣམས་ལ་ནད་ཅིག་བྱུང་བ་ན། ཕུ་ཡི་ཤིང་སྡོང་རྣམས་ལ་འཕྲིན་བསྐུར་པ་འབྱོར་ཏེ། ཤིང་སྡོང་དེ་དག་གིས་ནད་དེ་འགོག་བྱེད་ཀྱི་ཐབས་བྱས་པས། ཤིང་སྡོང་དེ་རྣམས་ནད་ལས་ཐར་པའི་གནས་ཚུལ་ཨིན་ཡིག་གསར་ཤོག་གམ་དུས་དེབ་ཅིག་ན་བཀླགས་པ་དྲན་ནོ།།
སྐྲ་དང་ཁ་སྤུ་སྐྱེ་འཕེལ་བྱེད་པ་ཡིན་ཡང་སྲོག་ལྡན་མིན་པར་འདོད་དེ། སྲོག་ལྡན་གྱི་ཁྱད་ཆོས་ཟས་བཅུད་དགོས་པ། དབུགས་གཏོང་ལེན་བྱེད་པ། སྐྱེ་འཕེལ་བྱེད་པ། འཚར་ལོངས་འབྱུང་བ། སྙིགས་རོ་ཕྱིར་འབྱིན་སོགས་ཀྱི་ཁྱད་ཆོས་དང་ལྡན་དགོས་པས་སོ།།དབང་པོ་གཅིག་གམ་དུ་མ་ལས་གྲུབ་པ་ལ་སྲོག་ལྡན་ཡིན་པས་རྩི་ཤིང་ལའང་དབང་པོ་ཡོད་པར་འདོད་དོ།།
ཧ་ཅང་ཡག་པོ་བྲིས་འདུག །བློ་སྐྱེད་ཀྱང་གང་མཚམས་འདུག །འོན་ཀྱང་། དེང་སང་དུད་འགྲོ་ལས་མི་སྐྱེས་བཤད་པ་ན། རྟོག་བཟོ་ཞིག་ཏུ་སྣང་ངེས་རེད། ཁག་ཅི་ཡོད། ཁྲུང་ཁྲུང་ལས་གནས་བརྟན་གྲགས་སོགས་སྐྱེས་པར་བཤད་པ་ནི། རྟོག་བཟོ་འདྲ་མིན་ནམ་སྙམ། ལར་ནས་སྔ་མོའི་དཔེ་མཚོན་མང་ཆེ་བ་ནི། བློ་ཡུལ་དུ་ཆུད་དཀའ་བ་ནི་ཧ་ཅང་མང་།
ད་དུ་ཡང་རྩོམ་ཆ་ཚང་ཀློག་ཁོམ་མ་བྱུང་། མཚན་རིག་པའི་ཤོ་སྟངས་སམ་ཨིན་སྐད་ཀྱི་སྐད་དོད་དུ་སྲོག་ལྡན་དང་སྲོག་མེད་དུ་མ་བསྒྱུར་བར། དབུགས་ཡོད་ཀྱི་དངོས་པོ་དང་། དབུགས་མེད་དངོས་པོ་ཞེས་བསྒྱུར་ན་གནོད་པ་ཆུང་བར་་མཐོང་ལགས།
སྲོག་ལྡན་སྲོག་མེད་དུ་བསྒྱུར་ན། ངས་མཆན་བུ་ལྔ་པའི་ལྗོན་ཤིང་སྲོག་ལྡན་མིན་པར་རིགས་པས་བསྒྲུབས་ཡོད་དོ།
དགེ་བསྙེན་རྡོ་རྗེ་ལགས རྩི་ཤིང་སྲོག་ལྡན་ཡིན་ན་བཅད་ན་སྲོག་བཅད་པའི་སྡིག་པ་འབྱུང་ངམ་མི་འབྱུང་ཞེས་སྐུ་ཉིད་ཀྱིས་བཀའ་འདྲི་ཞུས་པ་ལ། འབྱུང་གི་མ་རེད། ཚོར་བ་སྡུག་བསྔལ་མེད་པས་སོ། །ཚན་རིག་པས་དགེ་སྡིག་བླང་དོར་འཇོག་གི་མེད།
ལྗོན་ཤིང་སྲོག་ལྡན་དུ་ཁས་ལེན་ཉེས་པ་གང་ཡང་མེད་དྲན་གིས་འདུག་ ལྗོན་ཤིང་ལ་སྲོག་ཡོད་པ་ཁས་ལེན་མཁན་མང་པོ་ཞིག་ཡོད་པས་སྲོག་ཡོད་པའི་སྒྲུབ་བྱེད་མང་པོདངོས་སུ་མཐོང་ཐུབ་པའི་ཆ་ནས་བཤད་པ་རེད་དྲན་གིས་འདུག་ ཁོང་ཚོའི་ལྗོན་ཤིང་མཚན་མོ་ལོ་མ་ཁུམ་ནས་ཉལ་འགྲོ་གིས་འདུག་ཟེར་ནས་སྒྲུབ་བྱེད་བསྟན་པ་རེད་ ང་ཚོའི་ལྗོན་ཤིང་སྲོག་ལྡན་དུ་ཁས་ལེན་པ་ན་འགལ་བ་གང་མི་འགྲི་དྲན་བཞིན་འདུག་ སྟོན་པས་རྗེས་སུ་འགྲོ་ནས་སྲོག་ལྡན་མིན་ཞེས་པ་ཡིན་ན་ཀླུག་པས་ཨུ་ཚུག་ལྟ་བུ་མིན་འགྲོ་དྲན་གིས་འདུག་ གལ་སྲིད་དེ་སྲོག་ལྡན་ཁས་མ་ལེན་ན་སྒྲུབ་བྱེད་མངོན་སུམ་དུམཐོང་ཐུབ་པའི་སྒྲུབ་བྱེད་ཞིག་དགོས་ལ་ཡང་དག་པ་ཞིག་དབེན་
ལི་ཝིང་སྲོག་ལྡན་བསྒྱུར་བའི་སྐྱོན། །
ལྗོན་ཤིང་སྲོག་ལྡན་ཁས་བླངས་ན། །
སྲོག་ཆགས་ཡིན་པར་མི་ཐལ་ལམ། །
སྲོག་ལྡན་སྲོག་དེ་བཅད་པ་ན། །
སྲོག་བཅད་སྡིག་པར་མི་འཇོག་གམ། །
སྤྱན་བརྒྱད་པ་ཡིས་ལན་ཞིག་ཐོབ། །
མིང་མེད་རྡོ་རྗེ་ལགས། མདོ་མྱང་འདས་ལས། རྒྱུད་ལ་དགེ་རྩ་མེད་པ་ལོག་སྲེད་ཅན་བསད་པ་ཡང་དེ་དང་འདྲ་སྟེ་ཁ་ན་མ་ཐོ་བའི་རྣམ་པར་སྨིན་པ་མེད་དོ། །ཞེས་ཤིང་སྡོང་བཅད་པ་ལ་དཔེར་མཛད་ལུགས་བལྟས་ནས་སྡིག་པ་མེད་པར་གསུངས་དེ། དགེ་སློང་གིས་སྲོག་བཅད་ན་སྡིག་ལྟུང་གཉིས་ཀ་འབྱུང་། ཁྱིམ་པ་མི་ནག་གིས་སྲོག་བཅད་ན་སྡིག་པ་འབྱུང་ཡང་ལྟུང་བ་མི་འབྱུང་། ཡང་ཕ་རོལ་བ་དགེ་རྩ་སྟོབས་ཆེ་ཆུང་གིས་སྡིག་ཆེ་ཆུང་འབྱུང་སྟེ། བྱང་ཆུབ་སེམས་དཔའ་བསད་ན་སྡིག་པ་སྟོབས་ཆེན་ཡིན་པ་དང་མི་སྡིག་ཅན་བསད་ན་སྡིག་པ་སྟོབས་ཆུང་པ་འབྱུང་། དྲིན་གྱི་ཆ་ནས་དཔེར་ན་རང་གི་ཕ་མ་བསད་ན་མཚམས་མེད་ཀྱི་ལས་ཡིན་པས་སྡིག་པ་ཤིན་ཏུ་ཆེ། འདི་དག་གཙོ་བོར་བསམ་པ་དང་སྦྱོར་བའི་ཀུན་སློང་ལ་བརྟེན་ནས་བཞག་དགོས་པ་འདྲ། ཚུལ་ལྡན་དགེ་སློང་གིས་ལུག་གཅིག་བཤས་པ་ལས་སྐྱ་བོས་ལུག་བརྒྱ་བཤས་པ་སྡིག་པ་ཆུང་། ཞིང་ནང་ལྡུམ་བུ་མང་བ་ལ་སྟོན་ཐོག་ཡག་པོ་མི་ཡོང་བ་དང་ཞིང་ནང་ལྡུམ་བུ་ཉུང་ན་སྟོན་ཐོག་ཡག་པོར་ཡོང་པའི་དཔེ་ལྟར་སྐྱ་བོས་མ་ནི་སྟོང་ཕྲག་གཅིག་བགྲང་པ་ལས་ཚུལ་ལྡན་དགེ་སློང་གིས་མ་ནི་ཚར་གཅིག་བགྲང་པ་ཕན་ཡོན་ཆེ་བ་ནི། བསོད་ནམས་གསོག་པའི་ཞིང་གི་ཆ་ནས་རེད། གཟུངས་འདུས་ལས། ཞིང་གི་སྐྱོན་ནི་རྩ་ཡིན་སྟབས།།སྐྱེས་བུ་འདི་ལ་འདོད་ཆགས་སྐྱོན།།ཞེས་པའི་དགོངས་པའོ། །རྩི་ཤིང་ལས་སྲོག་ཆགས་སྐྱེས་པ་ཡོད་པས་རྩི་ཤིང་སྲོག་ལྡན་ཡིན་ཞེས་ནང་གཞུང་དུ་བཤད་མེད་ཀྱང་། རྩི་ཤིང་གི་རྣམ་པ་ཅན་གྱི་སྲོག་ཆགས་དཔེར་ན་Jellyfish་ལྟ་བུ་གང་མང་མང་ཡོད་པས་དེ་དག་རྩི་ཤིང་ཡིན་ཟེར་མི་རུང་ཡང་སྲོག་བཅད་ན་སྡིག་པ་འབྱུང་མིན་ང་མགོ་བོ་འཐོམས་ནས་ཡོད། དགེ་རྩ་མེད་པའི་མི་བསད་ན་ཚོར་བ་སྡུག་བསྔལ་འབྱུང་ཡང་སྡིག་པ་ཡོད་མེད་གསོད་མཁན་ལ་རག་ལས་པ་མིན་ནམ་སྙམ།
སྲོག་གཅོད་མཁན་དང་། གཅད་བྱའི་ཤིང་གི་ཁྱད་པར་གྱིས་སྡིག་པ་ཆེ་ཆུང་གསུངས་པ་ཤིན་ཏུ་བདེན་ལ་བློ་བསྐྱེད་ཆེ། འོནད་ཀྱང་།
མདོ་མྱང་འདས་ལས། རྒྱུད་ལ་དགེ་རྩ་མེད་པ་ལོག་སྲེད་ཅན་བསད་པ་ཡང་དེ་དང་འདྲ་སྟེ་ཁ་ན་མ་ཐོ་བའི་རྣམ་པར་སྨིན་པ་མེད་དོ། ཞེས་དོན་ཤེས་དཀའ་སྟེ། སྲོག་བཅད་ཕྱིན་སྡིག་པ་ཆེ་ཆུང་མེད་པའི་སྡིག་པ་ཅིག་ཡོང་དགོས་ངེས་འདུག་སྙམ།
རྩི་ཤིང་གི་རྣམ་པ་ཅན་གྱི་སྲོག་ཆགས་དཔེར་ན་Jellyfish་ལྟ་བུ་ཅིག་བསད་ན་སྡིག་པ་ཡོད་དང་ཡོད། སྙིང་རྗེས། དེས་མ་ཚད། དགེ་སློང་གིས་ཙོང་བཏུབ་འམ། ས་བོན་བཅོམ་ན་ཡང་ཉེས་པ་གཅིག་ཀྱང་གསུངས་པ་དྲན། མི་ཚེ། ཚེ། སྲོག དབུགས་འབྱུང་རྔུབ་དང་། སེམས་ལྡན། ཚེ་ལྡན། སྲོག་ལྡན། དབུགས་ལྡན་གྱི་ཨིན་ཇིའོ་སྐད་དོད་སོ་སོར་ཡོད་དགོས་ཀྱང་ངས་ནི་ཨིན་ཇི་ཡག་པོ་མི་ཤེས་པས་་་་
སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ལ་དོ་གལ་ཆེན་པོས་ཀྱང་།།སྡིག་པ་མི་འབྱུང་དགེ་བ་ངང་གིས་འཕེལ།།ཞེས་བསམ་པ་རླབས་ཆེ་ཆུང་གིས་སྡིག་པ་སྟོབས་ཆེ་ཆུང་འོངས་པ་དེ་དག་ཀྱང་མགོ་འཐམས་གཞི་ཞིག་རེད། སྙིང་རྗེ་དེད་དཔོན་ཅན་གྱིས་མི་ནག་མདུང་ཐུང་བསད་པ་ལྟ་བུ་སྦྱོར་བ་ནག་ཡང་བསམ་པ་དཀར་བའི་དབང་གིས་དགེ་བའི་ལས་ལ་འགྲོ་སྟངས་ཤིག་ཡོད་འགྲོ །གལ་ཏེ་སྙིང་རྗེ་དེད་དཔོན་ཅན་གྱིས་ཁོ་མ་བསད་ན་ཁོས་ཚོང་རོགས་ལྔ་བརྒྱ་གསད་ནས་ཁོ་རང་གིས་སྡིག་པ་གསོག་རྒྱུ་གདོན་མི་ཟ་བས། དེའི་རྣམ་སྨིན་གྱི་འབྲས་བུ་ཁོ་རང་རང་གིས་མྱོང་མི་དགོས་པ་དང་ཚོང་རོགས་ལྔ་བརྒྱ་པོ་ཡང་སྡུག་བསྔལ་གྱི་གནས་ལ་འགྲོ་མ་དགོས་པར་དགོངས་ནས་སྙིང་རྗེ་དེད་དཔོན་ཅན་གྱིས་སྲོག་བཅད་པའི་སྡིག་པ་རང་སྟེང་དུ་བླངས་ནས་གཞན་ལ་ཕན་པ་འབའ་ཞིག་གིས་སྲོག་གཅོད་པ་ལྟ་བུ་ཐབས་ལ་མཁས་པའི་དབང་གིས་རེད། སྤྱོད་འཇུག་ལས། གང་ལ་སེམས་ཀྱི་རིན་ཆེན་དམ་པ་དེ།།སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང་།།གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ།།བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི།།ཞེས་པའི་དགོངས་པའོ།།
མིང་མེད་རྡོ་རྗེ་ལགས། ལྗོན་ཤིང་གཅོད་པ་ན་སྲོག་གཅོད་པ་མི་འཇོག་ལ་སྲོག་གཅོད་པ་ལ་ཚེ་སྲོག་གཅོད་དགོས་ལ་ཚེ་སྲོག་ཞེས་པ་དེ་གང་ཟག་གཅིག་གིས་རྒྱུད་ལ་ལྡན་དགོས་ལ་ལྗོན་ཤིང་གང་ཟག་དུ་ངོས་མི་བཟུང་ལ་ལྗོན་ཤིང་གཅོད་པ་དེ་ཤིང་གཅོད་ཞེས་ཐ་སྙེད་དུ་འཇུག་ལ་གཅོད་པ་ཙམ་གྱིས་སྲོག་གཅོད་པ་སྒྲུབ་མི་ནུས་ སྲོག་ཡོད་པ་གང་ཞིག་དེ་གཅོད་པ་ན་སྲོག་གཅོད་པའི་འཁོར་སོང་ཁྱོད་ལ་འཁོར་བ་འདྲ་ གལ་སྲིད་ལྗོན་ཤིང་སྲོག་ལྡན་མ་ཡིན་པའི་སྒྲུབ་བྱེད་གང་ཡོད་ ཡིན་ན་སྐྱོན་གང་ཡོད་ སྲོག་ལྡན་དང་སེམས་ལྡན་ལ་ཁྱོད་པ་འཇོག་ན་རིག་པ་ག་འདྲ་ཞིག་གིས་སྒྲུབ་བྱེད་ཡོད་དོ་
སྲོག་ལྡན་སྲོག་ཆགས་སྒྲུབ་པ་ན་ དངོས་ཡོད་གནས་ཚུལ་མ་ཤེས་འདྲ་ ཤིང་གཅོད་སྡིག་པ་འབྱུང་པ་ན་ བསྟན་པ་མིིན་པའི་བསྟན་པ་ཡིན་ ཆགས་པ་འདོད་ལ་ཆགས་པ་ཡིན་ མ་རིག་རྒྱུ་ཞིག་སྔོན་འགྲོ་དགོས་ ལྗོན་ཤིས་སྐྱེ་བའི་རྒྱུ་དེ་ལ་ ཆུ་ལུད་འཕྲད་པ་ཙམ་གྱིས་ཆོག་ མི་དགོས་ལྗོན་ཤིང་སྲོག་ཆགས་སྒྲུབ་ ཆགས་པས་གོ་དོན་མ་ཤེས་པ་ ལྗོན་ཤིང་སྲོག་ཆགས་གཞི་བཟུང་ནས་ དགེ་སྡིག་བཤད་པ་ཧ་ཅང་ཐལ་