ཆོས་བྷེས།
རྒྱང་འཕྲིན་མུ་ཏིག་གི་སྒྲོམ་ཆུང་།།
མཁའ་མཐའི་སྤྲིན་པ་ལ་བསྐུར་ཡོད།།
ལྷགས་པ་ཤུར་ཤུར་གྱི་ནམ་ཟླས།།
བར་ཆད་གཏོང་བ་རང་མ་གནང་།།
དབུ་ལྕོག་ལྡེམ་ལྡེམ་གྱིས་འཛུམ་པའི།།
སེར་ཆེན་མེ་ཏོག་གི་འཇམ་ཤ།
བསུང་ཞིམ་ཐུལ་ཐུལ་གྱིས་བཞད྄་པ།།
ང་ཡི་དམར་ཆུང་གི་སེམས་ཡིན།།
རྒྱབ་རི་པན་ལྗོངས་ཀྱི་རྩེ་ན།།
སྤྲིན་ཕུང་ལང་ལོང་དུ་རྒྱུ་བ།།
བས་མཐའི་གྲུ་ག་ནས་སྤྲིངས་པའི།།
བརྩེ་བ་ཟབ་མོ་དེ་ཡིན་སྲིད།།
ཡིད་མཐུན་སྙིང་སྡུག་གི་མཆེད་གྲོགས།།
ཐལ་སྐད་ལྷོད་ལྷོད་ཀྱི་ཀློང་ནས།།
མི་ཚེའི་རྙེད་དོན་བསམ་ཏེ།།
གཉིད་བཅགས་ཟས་བརྗེད་རེ་བྱུང་ངམ།།
གསུང་རབ་པོད་ཆེན་གྱི་གསེབ་ནས།།
ལུས་སེམས་བདེ་དགའ་དེ་འཚོལ་གྱིན།།
འདི་སྣང་སྒྱུ་མ་ཡི་ལྟད་མོ།།
ཞེན་པའི་མིག་ཟུང་གིས་བཏང་ངམ།།
དབེན་པའི་འབྲོག་དགོན་གྱི་གནས་སུ།།
འདུལ་ཁྲིམས་རྣམ་དག་གིས་བཞུགས་དུས།།
བདེ་གཤེགས་ཐུབ་པ་ཡི་གསུང་ལ།།
ངེས་ཤེས་ཀྲོང་ཀྲོང་རེ་འདུག་གམ།།
སྒྱིད་ལུག་བག་གཡེང་གི་བུ་རུལ།།
ཐག་རིང་ས་མཐའ་ལ་ཕྱིན་ཀྱང་།།
མི་ཚེ་ཕྱེད་ཀ་ཡི་རིན་པ།།
ཟིན་མེད་ཕྱི་བཤོལ་གྱིས་འདས་སོང་།།
ཅི་ཡང་ཐོབ་པ་རང་མེད་ལ།།
ཤོར་བ་མང་ཙམ་དུ་བདོག་པ།།
མི་ཡུལ་རྨི་ལམ་གྱི་གཏམ་རྒྱུད།།
དེ་ག་ཙམ་ཅིག་གི་རྫོགས་འགྲོ།།
གོ་སླ་བའི་ཚིག་སྦྱོར་བདེ་མོ་ཞིག་བྲིས་འདུག་ན་སྐུ་ཉིད་ལ་བཀའ་དྲིན་ཆེ་ཞུ་བ་ཡིན།
ང་ཡང་བུ་རུལ་ཞིག་ཡིན་ས་རེད། ཧཧཧཧཧཧ།
ཡག་པོ་བྲིས་འདུག་
ང་ལ་བྲིས་པ་འདྲ་བོ་འདུག