སྐྱོ་བྲག་དགའ་དབང་།
དུས་ཡུན་རིང་འགྲོགས་པའི་ཆོས་ཀྱི་མཆེད། །
ཁ་བྲལ་བའི་ལོ་ཟླ་མང་པོའི་མཐར། །
གློག་དྲ་བའི་བརྒྱུད་ནས་གླེང་མོལ་བྱུང་། །
སེམས་དགའ་སྐྱོའི་ཆང་གིས་མྱོས་ནས་ཐལ། །
དུས་ཁར་རྩང་མཚན་མོའི་ནམ་ཕྱེད་ལ། །
བྱ་རྒྱ་ཁྲ་ཧོར་བ་བསླེབས་འདུག་ཟེར། །
ཚིག་བདེན་སྨྲའི་ལྷ་རྩེའི་ཁུ་བྱུག་གི། །
སྤུ་མཁའ་ལ་འཐོར་བའི་དངངས་སྐྲག་བྱུང་། །
དུས་དེ་རིང་ཞོགས་པའི་མིག་ལམ་དུ། །
སྒྲོག་ཅེས་པའི་ཡིག་འབྲུ་ལམ་མེ་ཤར། །
གཏན་ཤུལ་རིང་མགྲོན་དུ་མ་ཆས་ཀྱང་། །
མེའི་འོབས་ལ་ཚུད་པའི་སེམས་དགྲས་མནར། །
དུས་དེང་སང་བསྐལ་པའི་ཐ་མ་ལ། །
ངན་གཡོ་སྒྱུའི་འཁོར་ལོ་བསྐོར་བ་ན། །
ཅི་འདོད་འདོད་ཆོག་པའི་རང་དབང་ཞིག །
ས་སྒོང་སྒོང་འདི་ཡི་ཐོག་ལ་མེད། །
དུས་སོ་སོའི་གནས་བབ་དང་མཐུན་པ། །
རང་སྤྱོད་ལམ་དགོས་པ་གལ་ཆེན་ཏེ། །
འགྲུབ་ཐུབ་པའི་འབྲས་བུ་གཅིག་མེད་པར། །
སྡུག་ཅི་ཡང་མྱོང་བ་ལྐུགས་པའི་ལས། །
དུས་ད་ལྟ་སྲོག་ཐག་མ་ཆད་པ། །
མིག་ཅེར་རེ་བལྟ་བའི་སྙིང་གི་གྲོགས། །
སྨོན་བསྡད་པའི་དོན་ཆེན་འགྲུབ་པའི་ཐབས། །
རང་གསོན་གནས་དགོས་པ་འགག་རྩ་ཡིན། །
དུས་གང་དང་གི་སྐབས་ན་ཡང་། །
ལས་ཅི་དང་ཅི་ཞིག་བྱེད་ན་ཡང་། །
ཚེ་རིང་པོ་སྡོད་པའི་འཕྲོད་བསྟེན་དག །
སེམས་དཀྱིལ་ནས་མ་འབོར་སྙིང་གི་གྲོགས། །
ད་དེང་སང་མཁན་ལགས་དུས་ཚོད་དང་མཐུན་པའི་སྤྱོད་ལམ་གནང་རྒྱུར་ངེས་ཤེས་ཡག་པོ་དྲོངས་འདུག །དེ་ཡག་པོ་རེད། བྱས་ན་ཟབ་ཟབ་གནང་ཤོག་ཨ།