མཚུངས་མེད་རྡ་རམ་ས་ལའི་ཉེ་འཁོར་གྱི་མཐོ་སློབ་ཁག་དང་ཚོགས་པ་ཁག མི་མང་ཡོངས་ཀྱི་སྙན་ལམ་དུ།
འདི་ག་ཤེས་རབ་དགའ་ཚལ་སློབ་གླིང་གི་བོད་ཡིག་ཤེས་ཡོན་སྡེ་ཚན་གྱི་ངོས་ནས་ངེད་སློབ་གྲྭའི་སློབ་ཟུར་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་མཆོག་ལ་རྗེས་དྲན་གྱི་སླད་དུ་རྡ་སའི་ཉེ་འཁོར་གྱི་མཐོ་སློབ་༼སློབ་མ་བཅུ་རེ་དགོས།༽ཁག་ཅིག་དང་ཚོགས་པ་ཁག ༼ཚོགས་མི་བཅུ་ངེས་བར་དུ་དགོས།༽ མི་མང་༼མི་བཅུ་ཚང་དགོས།༽བཅས་ཀྱི་ནང་ཁུལ་དུ་ཕ་སྐད་གཙང་མའི་འགྲན་བསྡུར་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་ལ།
དེ་ཡང་ངེད་སློབ་གྲྭས་རྒྱལ་གཅེས་དཔའ་བོ་འདི་ཉིད་ཀྱི་རྗེས་དྲན་དུ་ཕ་སྐད་གཙང་མའི་འགྲན་བསྡུར་གོ་སྒྲིག་ཞུ་བའི་དམིགས་ཡུལ་ནི། དེང་སྐབས་ང་ཚོས་ཕ་སྐད་གཙང་མའི་ལམ་ནས་ཁ་བརྡ་གཙང་མ་ཞིག་བྱེད་ཐུབ་ཀྱིན་མེད་པའི་གནས་སྟངས་སྐྱོ་བོ་འདི་ལ་དམིགས་པ་ཡིན་ཞིང་། དེ་ཡང་བོད་ནང་དུ་དེང་སྐབས་རང་གི་ཕ་སྐད་ཀྱི་སླད་དུ་སློབ་མ་ཚོས་རང་སྲོག་ལ་མ་འཛེམ་པར་ངོ་རྒོལ་ཁྲོམ་སྐོར་བྱེད་བཞིན་པ་དང་། མང་ཚོགས་ཀྱི་ཁྲོད་དུའང་སྡེ་བ་དང་ཚོ་བ་རེ་རེར་ཕ་སྐད་ཚོགས་པ་ཡོད་པ་མ་ཟད། ཐ་ན་ཁྱིམ་ཚང་རེ་རེའི་ནང་དུའང་ཕ་སྐད་ཚོགས་པ་ཡོད་པའི་ཕ་སྐད་བདག་གཉེར་གྱི་མཐོ་རླབས་ཤིག་ཏུ་སླེབས་ཡོད་མོད། བཙན་བྱོལ་དུ་ང་ཚོས་རང་གི་ད་ལྟའི་གནས་སྟངས་སྐྱོ་བོ་འདི་ཤེས་བཞིན་དུ་ཡང་དེར་དོ་སྣང་དང་ལག་ལེན་གྱི་རྣམ་འགྱུར་སྟོན་ཐུབ་ཀྱི་མེད་པ་དེར་གོ་བརྡ་ཞིག་སྤྲོད་བསམ་པ་ཡིན་ལ། ལྷག་པར་དུ་སློབ་གྲྭ་ཁག་དང་ཚོགས་པ་ཁག མི་མང་བཅས་མཉམ་རུབ་ཀྱིས་ཕ་སྐད་གཙང་མའི་གནས་བབ་མཐོར་འདེགས་ཡོང་ཐབས་སུ་རེ་བ་དེ་ཉག་གཅིག་ལགས་ན། མཐོ་སློབ་ཁག་དང་ཚོགས་པ་ཁག མི་མང་བཅས་ཐེངས་འདིའི་ཕ་སྐད་གཙང་མའི་འགྲན་བསྡུར་གྱི་བྱེད་སྒོའི་ནང་མཉམ་ཞུགས་བྱ་བའི་རེ་བ་སྙིང་ནས་ཞུ་ཞུ།
ཐེངས་འདིའི་འགྲན་བསྡུར་གྱི་བྱ་དགའི་རིམ་པ་དང་སྦྱིན་བདག་ཁག་གཤམ་གསལ་ལྟར་ཡིན།
གྲངས། ཨང་རིམ། སྒོར་གྲངས། སྦྱིན་བདག་གི་མཚན། སྡོད་གནས། ལས་གནས།
༡ ཨང་དང་པོ། ཧིན་སྒོར་ཁྲི་གཅིག བསང་ཆུ་འབྲུག་བྷེ། རྡ་ས། ཚོང་པ།
༢ ཨང་གཉིས་པ། ཧིན་སྒོར་བདུན་སྟོང་། བཀྲ་ཤིས་དོན་གྲུབ། རྡ་ས། སློབ་གཉེར་བ།
༣ ཨང་གསུམ་པ། ཧིན་སྒོར་ལྔ་སྟོང་། ཟླ་བ། རྡ་ས། གངས་ལྗོངས་འགྲིམ་འགྲུལ་འགན་འཛིན།
འོད་སྡེར་སོགས་ཀྱི་འགྲོ་སོང་ཧིན་སྒོར་༥༠༠༠ སྦྱིན་བདག་སྨར་ཁམས་འཇམ་དབྱངས་སྒྲོལ་མ།
ཞེས་ཤེས་རབ་དགའ་ཚལ་སློབ་གླིང་ཤེས་ཡོན་སྡེ་ཚན་ནས་སྤྱི་ལོ་༢༠༡༢ཟླ་༨ཚེས་༡༣ཉིན།
ཟུར་བརྗོད།
གཅིག འགྲན་བསྡུར་གྱི་སྦྱང་གཞི་ངེད་སྡེ་ཚན་གྱིས་དབུལ་རྒྱུ་ཡིན།
གཉིས། སྡེ་ཚན་རེ་ནས་མི་བཅུ་མཉམ་ཞུགས་དགོས།
གསུམ། འགྲན་བསྡུར་བྱ་ཡུལ་ཤེས་རབ་དགའ་ཚལ་སློབ་གླིང་ཡིན།
བཞི། འགྲན་བསྡུར་བྱ་དུས་སྤྱི་ཟླ་བཅུ་བའི་ཚེས་བཅུ་། ལྷག་དཀར་ཉིན།
ལྔ། འབྲེལ་གཏུག་བྱ་ཡུལ། ༨༦༧༩༥༥༧༦༤༤
རྗེས་སུ་ཡི་རངས་ཡོད། ཡིན་ནའང་། བོད་རང་གིས་སྤྱོད་ཁྱབ་ཆེ་བའི་ཕ་གཙང་མ་སྟེ། དཔེར་ན། མགོ་སྦྲར་སྤྱོད་པའི་ཡོ་བྱད། དེ་མཚུངས་ཀྱི་ཁྱིམ་སྤྱོད་ཡོ་བྱད་མང་པོ་ཞིག་གི་མིང་དང་། ཡང་ན་སྒོ་ཕྱུགས་ལ་རིགས་ཀྱི་དབྱེ་བ་ལྟར་ལོ་བརྩི་སྟངས་དང་མིང་འདོགས་སྟངས་སོགས་ཀྱིས་མཚོན་ཕ་སྐད་གཙང་མའི་ཐ་སྙད་མང་པོ་ཞིག་རིག་གནས་གསར་པ་དར་ཁྱབ་ཆེ་བའི་སྐབས་འདིར་སྣང་མེད་དུ་གཡུག་བཞག་སྟེ་ཉམས་ཉེས་དང་མེད་བརླག་ཏུ་འགྲོ་བཞིན་ཡོད་པས། དེ་དག་མི་ཉམས་རྒྱུན་འཛིན་གྱི་ཕྱོགས་ནས་ཕ་སྐད་གཙང་མའི་འགྲན་བསྡུར་རེ་བྱེད་ཐུབ་པ་ཡིན་ན་ཧ་ཅང་བཟང་གི དེ་མིན་དེང་སྐབས་རང་འདོད་དུ་སེམས་ལ་གང་དྲན་གྱིས་གཅིག་མཚུངས་མིན་པར་བཅོས་ཤིང་། དོན་ལ་མི་འབྱོར་བའི་ཐ་སྙད་གསར་པ་མང་པོ་ཞིག་པར་རིས་དང་ལྷན་སྦྱར་གྱིས་སྤེལ་དང་སྤེལ་བཞིན་ཡོད་པ་དེ་དག་གཞོན་སྐྱེས་བོད་རང་གི་ཕ་སྐད་གཙང་མའི་ཐ་སྙད་ཀྱིས་སྟོང་ཞིང་ཕྱི་སྐད་ཙར་ཙར་རེ་ཁ་ལ་འཇག་ནས་ཡོད་མཁན་ཚོར་བྱ་དགའ་ཆུང་ཆུང་ཞིག་གི་ཆེད་དུ་སྐབས་ཐོག་ལ་བཙན་གྱིས་བློ་ལ་ངེས་པར་འཇུག་པ་ནི་ཕ་སྐད་གཙང་མ་རྒྱུན་འཛིན་བྱེད་པ་ལས་གཏོར་བཤིག་གཏོང་གི་ཡོད་པར་སྙམ། འདི་ནི་ཁོ་བོའི་ནམ་རྒྱུན་གྱི་བསམ་ཚུལ་དྲང་མོར་བཤད་པ་ལས་ཁྱེད་ཅག་གི་ལས་འགུལ་དེར་མ་དགའ་བར་ཆེད་དུ་དམིགས་ཏེ་བཤད་པ་ཞིག་མིན། གལ་སྲིད་བཤད་ཉེས་ཤོར་ཡོད་ན་དགོངས་འགལ་མེད་པར་ཞུ། རྩེ་སྐར་གྱིས།
ངེད་དེ་ང་ཚོ་དང་། སློབ་གླིང་ཡིན་དེ་རེད་ཅེས་འབྲི་དགོས།
རྩ་དོན་བསྒྲུབ་ཕྱོགས་ཀྱི་ལས་ཀ་འདི་ལ་རྗེས་སུ་ཡི་རངས་ཞུ། ལྷག་པར་ཤེས་རབ་དགལ་ཚལ་གླིང་གི་བོད་དགེ་རུས་པ་ཅན་ཚོ་དང་།སྦྱིན་བདག་གཏོང་མཁན་ལ་ཡང་ཐུགས་རྗེ་ཆེ་དང་བསྔགས་བརྗོད་ཡོད་དོ།
གོང་གི་སྦྱིན་བདག་མང་ཆེ་བའི་འཚོ་བ་ཆ་རྐྱེན་དེ་འདྲ་མཏོ་རྒྱུ་མི་འདུག་ལ་ལྷག་པར་ བསང་ཆུ་འབྲུག་བྷེ་ལྟ་བུར་མཚོན་ན་ རང་ཉིད་ཀྱི་ཚོང་རྫས་རེ་ཡར་ལེན་མར་ལེན རེ་ལ་འཇིགས་སྣང་དང་རྔམ་སྐྲག་འོག་གི་སྒོར་ཆིག་ཁྲི་འདི་ འབུམ་བརྒྱ་ལས་རིན་ཐང་ཡོད་པར་སེམས་ལ་དེ་མིན་ཁ་ཤས་ལས་གནས་ཅི་ཡང་མེད་པས་ཕ་ཡུལ་ནས་བསྐུར་ཡོང་བའི་སྒོར་མོ་དེ་དག་ འདི་འདྲར་བཀོད་ན་ངོ་མ་གཟི་བརྗིད་ཆེན་པོར་འདོད་
ལས་འགུལ་འདི་འདྲ་སྤེལ་བར་སྙིང་ནས་ཡི་རངས་ཞུ་གི་ཡོད་ལ་ལམ་སློང་ཡང་གང་ཡག་ཡོང་བའི་སྨོན་འདུན་གྲངས་མེད་ཡོད།
ད་ལྟའི་ལས་འགུལ་གྱི་ངོ་བོ་གང་འདྲ་ཞིག་ཡིན་རུང་བོད་མི་རིགས་དང་རྒྱལ་ཁབ་ཀྱི་རྩ་དོན་ཆེད་ཡིན་འདིར་རྒྱབ་བསྐྱོར་མེད་ཀྱང་འགག་བྱ་གང་ཉུང་བྱུང་ན་ལེགས། གལ་སྲིད་རང་ཉིད་ལ་ནུས་པ་དང་རྒྱལ་ཁབ་ལ་ཞེན་ཆགས་གང་ཡོད་ཀྱང་རང་གི་བློ་དང་མཐུན་པའི་ལས་འགུལ་གང་ཞིག་སྤེལ་ཀྱང་དུས་ལ་སླེབས་ཡོད་ལ་རང་ཉིད་ལ་རང་དབང་ཡང་གཙང་མ་ཡོད་ཞེས་གུས་པས་འབོད་བསྐུལ་ཞུ་བཞིན་ཡོད། ལས་འགུལ་འདྲ་མིན་སྤེལ་ན་མཐའ་མ་གཅིག་ལ་རྒྱལ་ཁ་མི་ཐོབ་གཞན་ཞིག་ལ་རྒྱལ་ཁ་ཐོབ་ངེས་ཡིན།
ལས་འགུལ་དེ་འདྲ་ཞིག་སྤེལ་རྗེས་སུ་ཡི་རངས་གྲངས་མེད་ཞུ།