མཆོད་འབུལ་སྐབས་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་དང་ལྷན་དུ།
མཆོད་འབུལ་མགོ་ལས་རྣམས་དང་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་ལྷན་དུ།
01
བློས་བཅད་ཞལ་འདེབས་གནང་བའི་མིང་གཞུང།
02
བློས་བཅད་ཞལ་འདེབས་གནང་བའི་མིང་གཞུང།
03
བློས་བཅད་ཞལ་འདེབས་གནང་བའི་མིང་གཞུང།
04
སོང་ཁྲ་ཁམས་དྭངས་འགོད་འབུལ་ཞུས་པ།
བྱུང་འཛིན་ཆེ་ཁག་འགོད་འབུལ་ཞུས་པ།
ala
བྱུང་འཛིན་ཆེ་ཁག་འགོད་འབུལ་ཞུས་པ།
05
བྱུང་འཛིན་ཆེ་ཁག་འགོད་འབུལ་ཞུས་པ།
3ala
བྱུང་འཛིན་ཆེ་ཁག་འགོད་འབུལ་ཞུས་པ།
2ala
བྱུང་འཛིན་ཆེ་ཁག་འགོད་འབུལ་ཞུས་པ།
བྱུང་འཛིན་ཆེ་ཁག་ལས་ཙག་ཙིག་ཡོངས་རྫོགས་འདིར་སི་ཀིན་གྱིས་འགོད་ཐུབ་མེད་པ་དང། སྤྱིར་བཏང་རྩིས་ཁྲར་ཞིབ་འཇུག་ཟིན་ཡང་གང་ཟག་སུ་འདྲ་ཞིག་ནས་རྩིས་ཁྲར་ཞིབ་འཇུག་གནང་འདོད་ཡོད་ན་དངོས་སམ་བརྒྱུད་ནས་ཡོང་རྒྱུར་གོ་སྒྲིག་ཚན་ཆུང་ནས་དགའ་བསུ་ཞུ་བ་ཡིན།
༄༅། ། བཀའ་ཟུར་ཨ་ལགས་འཇིགས་མེད་འཕྲིན་ལས་ལྷུན་གྲུབ་ལགས་སྐུ་ཚེ་མ་ཟིན་པར་རེབ་གོང་སེར་སྐྱ་ཐུན་མོང་ནས་ཨ་ལགས་ཁོང་གིས་བོད་གཞུང་གི་གལ་ཆེའི་ལས་གནས་སྟེང་དུས་ཡུན་རིང་པོར་ཕྱག་ལས་གནང་བའི་དྲིན་གཟོའི་ཕྱིར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་བསྔོ་སྨོན་མཆོད་འབུལ་ཞིག་བྱས་པའི་བྱུང་རིམ་སྙིང་བསྡུས།
༢༠༡༢། ༧། ༢༦། ཉིན་གྱི་ཕྱེད་ཡོལ་ཆུ་ཚོད ༢ །༡༥ སྟེང་བཀའ་ཟུར་ཨ་ལགས་འཇིགས་མེད་ལྷུན་གྲུབ་ལགས་སྙུང་གཞིའི་རྐྱེན་པས་ཀང་ར་རྫོང་གི་ཤྲི་བྷ་ལ་རྗི་སྨན་ཁང་ནང་དགུང་གྲངས ༧༤ པར་སྐུ་ཚེ་མ་ཟིན་པའི་གནས་ཚུལ་བྱུང་འཕྲལ། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་བཞུགས་གདན་འཇགས་པར་ཞལ་པར་ཐོག་དྲུང་ཆེ་མཆོག་བརྒྱུད་བསྔོ་སྨོན་སྐྱབས་འཇུག་ཞུས། བཀའ་ཟུར་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་དང་བཀའ་ཟུར་ཐུབ་བསྟན་ལུང་རིགས་རྣམ་གཉིས་སྨན་ཁང་དུ་ཆེད་ཕེབས་ཀྱིས། ཀིརྟི་རིན་པོ་ཆེ་གསལ་འདེབས་ཀྱི་བླ་མ་གནང་སྟེ་རྗེས་འཇུག་དགེ་སྒྲུབ་སྐོར་ཐུགས་བཀོད་མ་ཚང་བ་མེད་པར་སྩལ། སྤྱི་ཚེས ༢༧ཉིན་གྱི་སྔ་དྲོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་དང། རང་དབང་ལྡན་པའི་ལྷན་ཁང་ཁག་གི་དབུ་ཁྲིད་རྣམས་ཆེད་ཕེབས་ཀྱིས་ཁོང་གི་བླ་བྲང་དང་ཉེ་འབྲེལ་རྣམས་ལ་མྱ་ངན་འཚམས་འདྲི་གནང་བ་དང། ཕྱེད་ཡོལ་གཞུང་ཞབས་སྲི་ཞུ་བ་ཡོངས་ཀྱིས་འདས་པོས”ཚེ་རབས་ཕྲེང་བར་བསགས་པའི་སྡིག་སྒྲིབ་བྱང་ཞིང་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་ནས་མྱུར་དུ་ཐོབ་ཆེད”བསྔོ་སྨོན་དང། བཀའ་ཁྲི་མཆོག་ནས་འདས་པོའི་ལོ་རྒྱུས་སྙིང་བསྡུས་ཤིག་སྒྲོག་སྦྱང་གནང་”རྗེས་དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་མཚོན་སླད་དབུས་ལས་ཁུངས་ཁག་སྒོ་བརྒྱབ་ཡོད་པ”རེད། དེ་ལྟའི་ཡིད་སྐྱོའི་གནས་ཚུལ་བྱུང་མཚམས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་གཙོས་བརྒྱུད་ལམ་ཁག་ཏུ་འདས་པོའི་ལོ་རྒྱུས་གཅིག་འཕྲོར་གཅིག་ཐོན་ཞིང། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ཇོཽ་མོ་གླང་མའི་ཉིན་སྲིབ་ཀྱི་གཙོ་སྐྱོང་པ་སྟག་ལྷ་རྒྱལ་ལགས་ནས་འདས་པོ་འཚོ་བཞུགས་སྐབས་ཞིབ་ཏུ་བཅར་འདྲི་བྱས་པའི་ལོ་རྒྱུས་ཞིག་མུ་འགོད་བྱས་པ་བཅས་གསར་འགྱུར་བརྒྱུད་ལམ་ཁག་ནས་ཀྱང་དོ་སྣང་དམིགས་བསལ་བྱས་པ་དང། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བར་ཁོང་གི་ལོ་རྒྱུས་འཁོད་པའི་མཇུག་ཏུ་”འཇིགས་མེད་ལྷུན་གྲུབ་རིན་པོ་ཆེ་མཆོག་ནི་མི་ཚེ་ཧྲིལ་པོ་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་ལས་ཁུངས་ཆེ་ཁག་ནང་དབུ་ཁྲིད་ཀྱི་ཕྱག་ལས་གནང་མྱོང་མཁན་ཞིག་ཡིན་”ཞེས་བྲིས་འདུག
སྐུ་ཚེ་མ་ཟིན་མཚམས་ནས་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་དང་ཀིརྟིའི་བྱེས་པ་གྲྭ་ཚང་གིས་རྗེས་འཇུག་དགེ་སྒྲུབ་ཐད་རོགས་མགོན་བླ་མེད་གནང་བ་དང། དེ་བཞིན་བོད་འབྱོར་རེབ་གོང་པ་རྡ་སར་གནས་སྡོད་ཡོངས་ནས་དང་པས་ཀུན་ནས་བསླངས་ཏེ་ཉིན་མཚན་སྦྲེལ་ཏེ་རྗེས་འཇུག་ལས་དོན་ཚང་མར་མཉམ་རུབ་ཧུར་བརྩོན་བྱས་པ་དང་འབྲེལ། འདས་པོ་འཚོ་བཞུགས་སྐབས་རང་གཞུང་ལ་ཕྱག་ལས་གནང་ཡུན་ཤིན་ཏུ་རིང་བའི་ཆ་ནས་རེབ་གོང་པ་སེར་སྐྱ་ཐུན་མོང་ནས་ཟུར་དུ་ཆོས་མཐུན་མཆོད་འབུལ་ཅིག་བྱ་རྒྱུ་གཏན་འབེབས་བྱས། དེ་ཡང། མཆོད་འབུལ་མགོ་ལས་རྣམས་སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་སར་ཆེད་བཅར་གྱིས་བཀའ་སློབ་ལམ་སྟོན་ཞུས་པའི་ཕྱིར་ཕེབས་སུ། གང་ཉིད་དང་ཤར་ཐམས་ཅད་མཁྱེན་པ། མ་ཧཱ་པཎྜི་ཏ་རྗེ་བཙུན་ཨ་བྷྱའི་ཞབས། རེབ་གོང་སྐུ་གཤོགས་ཨ་རོལ་རིན་པོ་ཆེ། ཁྲི་རྒན་རིན་པོ་སྐུ་ཕྲེང་ན་རིམ་བཅས་ཀྱི་བླ་སློབ་བར་གྱི་ཆོས་འབྲེལ་དམ་ཚིག་དང། དེ་བཞིན་ཡུལ་གཉིས་དཔོན་རིགས་བར་གྱི་སྔར་ཡོད་འབྲེལ་ལམ་བཅས་ཆོས་སྲིད་གང་ཅིའི་བྱུང་བ་ངོ་སྤྲོད་དང་སྦྲགས། དམིགས་བསལ་ཞལ་འཛུམ་མདངས་དང་བཅས་”ཤར་སྐྱབས་མགོན་བོད་ནང་དུ་བཞུགས་ཡོད་པས་ངོས་ནས་འདི་གར་སྐུ་ཚབ་ཐུབ་དགོས་ཀྱི་རེད་”སོགས་ཟབ་གསལ་བཀའ་སློབ་ཞིབ་རྒྱས་སྩལ། གཞན་ཡང་གདུང་སྐར་ཉིན་བོད་ནས་ཀྱང་རོང་བོ་གྲྭ་ཚང་གི་ཆོས་རྭར་འདས་པོ་བོད་གཞུང་ལ་ཡུན་རིང་སྲི་ཞུ་སྒྲུབ་མཁན་ཞིག་ཡིན་སྟབས་མཆོད་འབུལ་བསྔོ་སྨོན་ཞིག་ཀྱང་འཚོགས་ཐུབ་འདུག
སྤྱི་ཚེས ༢༩ ནས་བྱེས་འཁོད་རེབ་གོང་པ་རྣམས་ལ་འབྲེལ་གཏུག་གིས་བློས་བཅད་ཞལ་འདེབས་གང་འཚམས་དུས་ཐུང་ངང་བསྡུས་ཞིང། དེ་ཡང་ཁ་ན་སྒྲ་ནས་ཨ་ལགས་མཚན་སྒྲོག་རིན་པོ་ཆེ་ལགས། ཐའེ་ཝན་ནས་ཚེ་རིང་དོན་གྲུབ་ལགས། རྦལ་རྗམ་ནས་ཟོན་ཐར་རྒྱལ་ལགས། སིད་སི་ནས་དམ་ཆོས་ལགས། ལོན་ཌོན་ནས་རབ་འབྱོར་ལགས། ཨོ་སི་ཁྲི་ལེ་ཡ་ནས་ལུང་རྟོགས་ལགས། ཕ་རིན་སི་ནས་སྙན་བཟང་ལགས་བཅས་ཀྱིས་ཐུགས་འགན་བཞེས་ཏེ་ཁྱོན་བསྡོམས་ཕྱི་རྒྱལ་དང་རྒྱ་གར་གཉིས་ནས་ཧིན་སྒོར ༡༧༨༠༧༠ཆིག་འབུམ་བདུན་ཁྲི་བརྒྱད་སྟོང་བརྒྱ་མེད་བདུན་ཅུ་བྱུང་བ་ཟུར་འཛར་ལྟར་དང། མཆོད་འབུལ་གནང་རིམ་ནང་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག ཨ་ཁུ་རྟ་མགྲིན་ཚེ་རིང་མཆོག ཨ་ཁུ་གདུགས་དཀར་ཚེ་རིང་སོགས་ལ་ལམ་སྟོན་ཞུས་ཤིང། ཚ་བོ་ཐུབ་བསྟན་ལགས་སུ་སྐབས་འཕྲལ་གནས་ཚུལ་གོ་བསྡུར་དང་འབྲེལ། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོར་ཧིན་སྒོར་སུམ་ཁྲི། གདན་ས་གསུམ་གྱི་བླ་སྤྱི་སོ་སོར་ཧིན་སྒོར་གསུམ་སྟོང་རེ། བོད་ནང་གི་བླ་མ་ཁག་ལ་ཧིན་སྒོར་ཆིག་ཁྲི་བཅས་ཀྱི་བསྔོ་རྟེན་ཕུལ། ཟླ ༨ ཚེས ༡༢ ཉིན་ཀིརྟིའི་བྱེས་པ་གྲྭ་ཚང་དུ་ཉིན་འཁྱོངས་མཆོད་འབུལ་ཕྱིར་དུ། དུས་ཡུན་བདུན་ཕྲག་གཅིག་ཧྲིལ་བོར་གུས་བ་དང། མི་སྤུས་མཆོག་ཏུ་མཛེས་པ་གྲོགས་མཆེད་སྨད་པ་ཚེ་རིང་རྡོ་རྗེ་( བོད་གནས་ཉམས་ཞིབ་པ)དང། སུ་རུག་ལྷ་ལུང་རྒྱལ་(ནོར་གླིང་རྒྱལ་རབས་དགེ་རྒན)དང་ལྕང་སྐྱ་ལེགས་བཤད(ནོར་གླིང་སྐུ་ངོའི་སྒེར་དྲུང)། མདོ་བ་འཇམ་དབྱངས་(རིས་མེད་སློབ་དཔོན་སློབ་ཐོན་པ)བཅས་དང་མཉམ་གོ་སྒྲིག་ཆ་ཚང་ཞུ་སྐབས་ཇ་ཕོར་བ་གང་ཡང་གཞུང་དངུལ་ནས་མ་བཏང་བར་མགོ་མཇུག་བར་གསུམ་དུ་འབད་བརྩོན་བྱས་ཤིང། ཚེས ༡༡ ཉིན་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་དངོས་སུ་ཕེབས་ཏེ་གཙུག་ལག་ཁང་གི་མཆོད་བཤམས་དང་གདན་ཁྲི་རྒྱག་ཕྱོགས་ལ་ཐུགས་བཀོད་ཞིབ་ཚགས་གནང་བ་སོགས་ལས་དོན་གྱི་མགོ་མཇུག་བར་གསུམ་དུ་རིན་པོ་ཆེས་ཕས་བུ་ལྟར་ལམ་སྟོན་ཞིབ་ཚགས་གནང་བ་སོགས། དམིགས་བསལ་རེབ་གོང་དང་ཆོས་སྲིད་ཀྱི་འབྲེལ་བ་རིང་བའི་བྱུང་རབས་རྣམས་བསྐལ་བའི་མཐར་ཡང་ཉམས་མེད་ཚགས་ཚུད་དགོས་པའི་བསླབ་བྱ་དག་རྡོ་ལ་རི་མོའི་ཚུལ་དུ་གྱུར། །
མཆོད་འབུལ་དངོས་གཞིའི་ཉིན་སྟེ་ཚེས ༡༢ ཉིན། སྐུ་མགྲོན་དུ་འདས་པོའི་ཕྱག་ལས་དང་འབྲེལ་ཡོད་བཀའ་ཤག་གི་སྐུ་ཚབ་ཏུ་ཆོས་རིག་བཀའ་བློན་པད་མ་ཆོས་འབྱོར་མཆོག སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ཏུ་སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་མཆོག བདེ་སྲུང་ལས་ཁུངས་ཀྱི་སྐུ་ཚབ། གཞན་ཡང་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་དང་བཀའ་ཟུར་འདས་པོ་ཙོང་ཁ་ལྷ་མོ་ཚེ་རིང་ནང་མི་བཅས་གདན་ཞུ་ལྟར་ཕེབས་ཞིང། ཚོགས་མགོན་དུ་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་ཆེད་ཕེབས་ཀྱིས་འདུས་མང་ནས་བླ་མ་མཆོད་པའི་ཚོགས་མཆོད་ཕུལ། རིན་པོ་ཆེ་མཆོག་ལ་རྟེན་གསུམ་གསར་བསླུ་བྱས་པ་ཞའོ་འོང་ཨ་ཁུ་རྟ་མགྲིན་ཚེ་རིང་ལགས་ནས་འདེགས་འབུལ་ཞུས། ཉིན་དེར་དགེ་འདུན་པ་རེར་སྐུ་འགྱེད་ཧིན་སྒོར་སུམ་བརྒྱ་རེ་དང་ཉིན་འཁྱོངས་གསོལ་ཚིགས། མི་མང་ལ་གུང་ཚིགས་དྲངས། ཕྱེད་ཡོལ་ཆུ་ཚོད ༡།༣༠ སྟེང་རེབ་གོང་པ་རྣམས་གཟིམ་ཆུང་དུ་མཇལ་བཅར་གྱིས་ཨ་ཁུ་རྟ་མགྲིན་ཚེ་རིང་ནས་རིན་པོ་ཆེར་ཐུགས་རྗེ་ཆེ་ཞུ་སྐབས། ཀིརྟི་བླ་བྲང་དང་ཡུལ་རེབ་གོང་གི་ཆོས་སྲིད་འབྲེལ་བའི་སྐོར་གྱིས་ཐོག་དྲངས། ཕྱི་སྡོད་གཞོན་སྐྱེས་ཚོས་སློབ་སྦྱོང་ཐོག་མུ་མཐུད་ཤུགས་རྒྱག་དགོས་པ། ཡ་རབས་དང་མཐུན་སྒྲིལ་དགོས་སྐོར་གྱི་གལ་ཆེའི་བཀའ་སློབ་ཕེབས། མཇལ་ཁ་གྲུབ་མཚམས་ཨ་ཁུ་རྟ་མགྲིན་ཚེ་རིང་དང་ཚ་བོ་ཐུབ་བསྟན། དགའ་བྱང་གྲྭ་འཕྲིན་ལས་བཅས་ནས་རྩིས་ཁྲར་ཞིབ་འཇུག་བྱས་པས་བསྔགས་བརྗོད་དང་ཡི་རངས་ཐོབ། དེ་ཉིན་རྡ་སར་གནས་འཁོད་རེབ་གོང་པ་སློབ་ཕྲུག་བཅས་ཕོ་མོ ༥༠ ལྷག་མཉམ་འཛོམས་ཀྱིས་མཆོད་མེ་ཕུལ་བ་སོགས་རྣམ་དཀར་གྱི་མཆོད་འབུལ་སྦྱོར་དངོས་རྗེས་གསུམ་ཚང་བ་ཞིག་འཚོགས་ཐུབ་པ་བྱུང། མཆོད་འབུལ་ལྷག་སྒོར་རྣམས་དགའ་བྱང་ཀླུ་འབུམ་ཁང་ཚན་དུ་སྨོན་ལམ་ཚོགས་འདོན་གྱི་དོད་ལ་བཏང་བ་བཅས།།
མཐའ་དོན་འདས་པོའི་སྡིག་ལྟུང་ཉེས་ཚོགས་ཐམས་ཅད་བྱང་ཞིང་དག་ནས་རྣམ་མཁྱེན་རྒྱལ་བའི་ས་སྣེ་ཟིན་པ་དང། ༧སྐྱབས་མགོན་ཀིརྟི་རིན་པོ་ཆེ་དང་ཀིརྟིའི་བྱེས་པ་གྲྭ་ཚང་གི་སྐྱབས་གནས་འཕགས་ཚོགས་འདུས་པའི་སྡེ་དང་མ་བྱན་བཅས་ཀྱི་བླ་ན་མེད་པའི་རོགས་མགོན་སྙིང་ལ་བརྐོས་འབྲེལ་རེབ་གོང་སེར་སྐྱ་ཐུན་མོང་གིས་མཆོད་འབུལ་བྱས་པའི་བྱུང་རིམ་སྙིང་བསྡུས་ཤིག་ཡུལ་གྱིས་བསྐལ་བའི་རེབ་གོང་པ་དག་གི་མཁྱེན་རྟོགས་ཆེད་མི་ཁོམ་དགུའི་བར་ཚུད་པའི་བར་གསེང་ནས་ཞིབ་འབྲི་ཙམ་ཡང་མ་ཐུབ་པར་བྲེལ་སྟབས་སུ།། །།
༢༠༡༢། ༨། ༡༣། ཉིན་རྫོང་དཀར་བློ་བཟང་ཆོས་འབྱོར་རམ་ཡོངས་གྲགས་སུ་ཤར་ཕྱོགས་ཁུག་རྟར་འབོད་པས།།
དཔེ་ཡག་པོ་བྱུང་བཞག འདས་པོ་ལ་མ་ནིའི་སྟོང་དང་རྗེས་འཇུག་པར་ཡི་རངས་ཞུ་འོ། དམ་པ་འདིའི་ཐུགས་བཞེད་རྣམས་གྲུབ་པའི་སྨོན་འདུན་བཅས།
ལྷན་རྒྱས་ལ་བཀའ་དྲིན་ཆེ་ཞུ། སེམས་ལ་འཐིམས་པས་དགའ་སྤྲོ་འཕེལ་སོང། རྒྱང་རིང་ནས།
ཐུགས་རྗེ་ཆེ། དམ་པ་ཁོང་གི་རྗེས་དྲན་མཆོད་འབུལ་གང་ལེགས་གནང་འདུག