མིག་བརྒྱད་པ།
མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་གྱིས། རང་རེས་གང་མཐོང་བ་ནི་དབང་པོའི་སྟོབས་ཀྱིས་ཅི་ཙམ་ཞིག་ལྕོགས་པའི་རྣམ་པའམ་གཟུགས་བརྙན་ཞིག་མཐོང་བ་ཡིན་གྱི། དངོས་པོ་དེ་རྗེན་པར་མཐོང་བ་མི་སྲིད་དོ་སོགས་སྨྲ་སྟེ། འདི་དག་ཀྱང་ཡེ་ཤུའི་ཆོས་ལུགས་ལྟ་བུ་གཞན་ན་སྒྲོས་ཙམ་ཡང་མེད་པས་ས་ཡན་སིའི་རིགས་པ་སྔོན་མེད་ཅིག་ཡིན་པར་བརྩིས་ཀྱང་རང་རེ་ལ་སྔོན་ནས་རྣ་བ་བྱང་བྱང་བ་དེ་དག་ཡིན། ཞེས་པ་ལྟར་དུས་རབས་ཉི་ཤུ་བའི་ནང་གསར་དུ་དར་བའི་ཁོན་ཊོན་དངོས་ཁམས་རིག་པའམ་ཚད་རྡུལ་ཕྲ་མོའི་རྣམ་གཞག་དེས་འགུལ་ཤུགས་དང་ནུས་ཤུགས་རྣམས་རང་བཞིན་དུ་གནས་པ་མིན་པར་བཤད་ཅིང་། རྡུལ་ཕྲན་གྱི་ཆ་ཕྲ་མོའི་གྲུབ་རྫས་རྣམས་རླབས་དང་རྡུལ་གྱི་རང་བཞིན་གཉིས་ཀ་ལྡན་པ་དང་། དེའི་གནས་ཡུལ་དང་དེའི་འགུལ་སྐྱོད་གཉིས་ཀྱང་དུས་གཅིག་གི་ནང་དུ་རྟོགས་མི་ཐུབ་པ་དང་ངེས་མེད་ཀྱི་ཆོས་ཉིད་ཡིན་པར་བཤད་པ་དེ་ནི་སྲོལ་རྒྱུན་གྱི་དངོས་ཁམས་རིག་པའི་རྣམ་གཞག་ལས་བརྒལ་ཏེ། གཟུགས་བརྙན་ཙམ་གྱི་ཕྱོགས་སུ་གཏོགས་པ་དང་ཐལ་འགྱུར་པས་བཞེད་པ་ལྟར་གྱི་བཏགས་དོན་བཙལ་ན་ཆོས་གང་ཡང་བརྙེད་རྒྱུ་མེད་པ་དང་། རང་ངོས་ནས་མ་གྲུབ་པའི་མིང་རྐྱང་བཏགས་ཡོད་ཡིན་པའི་གནད་ལ་ཐུག་གོ །འདིའི་ཐད་གོང་ས་མཆོག་གི་ཞལ་སྔ་ནས། མགོན་པོ་ཀླུ་སྒྲུབ་ཀྱི་ལྟ་གྲུབ་ལ་གོམས་པའི་ཐེག་ཆེན་པ་ཞིག་གིས་དངོས་ཁམས་རིག་པ་གསར་བ་འདི་དང་སྟོང་ཉིད་ཀྱི་རྣམ་གཞག་བར་ལ་མཐུན་ས་འཁྲུལ་མེད་ཅིག་ཡོད་པར་མཐོང་ཐུབ། ཆེས་ཕྲ་མོའི་ཁོན་ཏྲོམ་གྱི་གནས་རིམ་དུ་དངོས་པོ་ལ་སྲ་མཁྲེགས་ཀྱི་རང་བཞིན་སྟོང་ཞིང་གཞི་འཛིན་ས་མེད་པར་མངོན་ཚེ། ཚན་རིག་ནི་ནང་པའི་སྟོང་ཉིད་ཀྱི་ལྟ་བ་དང་རྟེན་འབྱུང་གི་རྣམ་གཞག་ལ་ཐག་ཉེ་རུ་ཆགས་ཡོད་པར་སྣང་། ཞེས་གསུངས་པ་ལྟར་བེམ་ཆོས་གང་ཡིན་ཐ་མལ་བའི་མིག་ཤེས་ཀྱིས་རྗེན་གཅེར་རམ་མངོན་གསལ་དུ་མཐོང་མི་ནུས་པར་གསུངས་སྟེ། དཔེར་ན་ང་ཚོའི་མིག་ཤེས་ཀྱིས་ཀུ་ཤུའི་སྟེང་གི་སྨུག་ཐིག་མཐོང་བ་ནི་དངོས་པོའི་སྣང་ཚུལ་ལ་བརྟེན་པ་ཙམ་དང་། དེའི་ནང་དུ་འབུ་ཡོད་པ་ཀུ་ཤུའི་སྟེང་གི་སྨུག་ཐིག་དང་ཀུ་ཤུ་དང་འབུའི་སྐོར་གྱི་སྤྱིེར་བཏང་གི་ཤེས་ཡོན་ལས་རྗེས་དཔག་གིས་རྟོགས་དགོས་པ་བཞིན་ནོ། །གཞན་ཡང་དཔེར་ན་ཆུའི་ཁོལ་ཚད་རྐྱེན་ངེས་ཅན་ཞིག་གི་སྟེང་དུ་ངེས་ཀྱང་ཚ་གྲང་འཇལ་ཆས་ཀྱི་ཆ་ནས་མི་འདྲ་བ་ཡོང་བ་བཞིན་སྣང་ཚུལ་དང་གནས་ཚུལ་གཉིས་དུས་ནམ་ཡང་མཐུན་པ་ཞིག་ཡོང་དཀའ། རྡུལ་དུ་གྲུབ་པ་བེམ་པོའི་དོན་དུ་འདོད་པ་ནི་ནང་པའི་གྲུབ་མཐའ་སྨྲ་བ་ཕལ་ཆེ་མཐུན་ཡང་སེམས་ཙམ་པས་དེ་ལྟར་འདོད་མི་འདོད་གྲུབ་མཐའི་རྩོད་པ་ཞར་ལ་འབྱུང་། ཆོས་མངོན་པ་མཛོད་ལས་བཤད་པ་ལྟར་ན། གཟུགས་ཅན་གྱི་ཆོས་ཐམས་ཅད་བསྟན་ཡོད་ཐོགས་བཅས་དང་བསྟན་མེད་ཐོགས་བཅས། བསྟན་མེད་ཐོགས་མེད་ཀྱི་གཟུགས་གསུམ་དུ་འདུས་ཤིང་། དང་པོ་ནི། ཁ་དོག་གི་གཟུགས་བཅུ་གཉིས་དང་། དབྱིབས་ཀྱི་གཟུགས་བརྒྱད། གཉིས་པ་ནི། མིག་སོགས་དབང་པོ་གཟུགས་ཅན་ལྔ་དང་ཕྱིའི་སྒྲ་དྲི་རོ་རེག་བཞི་སྟེ་དགུ །གསུམ་པ་ནི། དེར་གྱུར་བའི་སྡོམ་པ་དང་སྡོམ་མིན། བར་མའི་གཟུགས་གསུམ་མོ། །རྡུལ་ཕྲ་རབ་ནི་ཐོགས་བཅས་ཀྱི་གཟུགས་ཡིན་ཏེ། རེག་པས་ཐོགས་སུ་རུང་བར་བཤད། དེའི་ཁྱད་ཆོས་ནི་ཆ་མེད་ཟླུམ་པོ་བར་བཅས་ཀྱི་ཁྱད་པར་གསུམ་དང་ལྡན་པ་གང་ཞིག །རགས་པའི་རྩོམ་གཞིར་གྱུར་བ་ཞིག་ལ་འདོད་ལ། རྡུལ་ཕྲ་རབ་ནི་བསྟན་ཡོད་ཡིན་ཀྱང་བསྟན་ཡོད་ཀྱི་སྒྲ་བཤད་དུ་མེད་ཅེས་བཤད། གཞིའི་གནས་ཚུལ་འཇོག་སྟངས་ཐད་ལའང་ཡུལ་དང་ཤེས་པ་ཕྲད་པའི་རྟེན་འབྲེལ་ཙམ་ཞིག་ལ་སྣང་བ་གཟུགས་ཀྱི་གཞི་ཞེས་བློའི་འཆར་ཚུལ་དང་འབྲེལ་ནས་རྣམ་གཞག་འཇོག་གི་ཡོད་པ་གསལ་བོ་རེད། འདིའི་ཐད་སྤྱིར་བཏང་གཟུགས་ཅན་གྱི་རྣམ་གཞག་མངོན་པ་འོག་མའི་ལུགས་རྒྱས་བར་ཡོད་པ་དང་ཕྱི་དོན་གྱི་རྣམ་གཞག་འདོད་པ། འཇིག་རྟེན་གྱི་རི་རབ་ཁང་ཁྱིམ་སོགས་རྩོམ་གཞི་རྡུལ་ཕྲན་ཡིན་པ་ནི་མཛོད་ལས། གཟུགས་མིང་དུས་མཐའ་རྡུལ་ཡིག་དང་།།སྐད་ཅིག་ཕྲ་རབ་རྡུལ་དང་ནི།།རྡུལ་ཕྲན་དང་ནི་དེ་བཞིན་དུ།།ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་།།དེ་ལས་བྱུང་དང་དེ་བཞིན་དུ།།སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར།།ཞེས་རྡུལ་དེ་དག་ཆེ་ཆུང་གི་ཚད། རྡུལ་ཕྲ་རབ་བདུན་འདུས་པ་རྡུལ་ཕྲན་གཅིག་གི་ཚད་དང་དེ་བཞིན་རྡུལ་ཕྲན་བདུན་འདུས་པའི་བོངས་ཚད་ནི་ལྕགས་རྡུལ་གཅིག་གི་ཚད་ལ་འཇོག་པ་བཞིན་འོག་མ་རྣམས་ཀྱང་བདུན་བདུན་དུ་བསྒྱུར་བས་གོང་མ་གོང་མ་ལས་ཆེ་བར་ཡོད། ལྕགས་རྡུལ་ནི་ལྕགས་ཐུར་གྱི་སྣེ་མོས་ཤོག་བུའི་ངོས་ལ་ཐིག་བཏབ་པའི་ཚེ་བབས་པའི་རྡུལ་ལྟ་བུ་དང་། ཆུ་རྡུལ་ནི་མེ་ལོང་ལ་ཧ་བཏབ་པའི་རྡུལ་དང་རི་བོང་སོགས་གསུམ་གྱི་རྡུལ་ནི་དེ་དག་གི་སྤུ་རྩེ་སོགས་ཀྱི་རྡུལ་ལ་བཤད་དོ། །
ཉི་ཤུ་བ་ལས་གསུངས་པ་ལྟར་ན་རྡུལ་ཕྲ་རབ་ནི་དབྱིབས་ཟླུམ་པོ་དང་རྫས་ཡོད་ཡིན་པར་འདོད་ཀྱང་ཕྱི་དོན་རྩོམ་བྱེད་ཀྱི་རྡུལ་ཆ་མེད་ཅུང་ཟད་ཙམ་ཡང་མི་འདོད། རྡུལ་གྱི་ཆུང་ཤོས་རྡུལ་ཕྲ་རབ་དེ་ཡང་བརྟགས་ན་ཆ་བཅས་ཡིན་པར་བསྒྲུབས་ཏེ། ཉི་ཤུ་བ་ལས། འདི་ལྟར་རྡུལ་ཕྲན་མི་འགྲུབ་ཕྱིར།།དྲུག་གིས་ཅིག་ཅར་སྦྱར་བ་ན།།ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར།།དྲུག་པོ་དག་ཀྱང་གོ་གཅིག་ན།།གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར།།ཞེས་རྡུལ་ཕྲ་རབ་གཅིག་ལ་ཕྱོགས་བཞི་སྟེང་འོག་གི་རྡུལ་ཕྲ་རབ་དྲུག་གིས་བསྐོར་བའི་ཚེ། དབུས་རྡུལ་དེ་ཆ་བཅས་ཡིན་པར་བསྒྲུབས་ཏེ། རྡུལ་དྲུག་སོ་སོར་བསྟན་པའི་ངོས་ཀྱི་ཆ་དྲུག་ཡོད་པས། ཕྱོགས་ངོས་ཀྱི་ཆ་དང་བཅས་པས་ཆ་བཅས་སུ་བསྒྲུབས་ཡོད་པ་དང་། དེ་ཡང་རྡུལ་ཕྲ་རབ་ཕན་ཚུན་ཕྱོགས་གཅིག་གིས་རེག་ན་ཕྱོགས་ཀྱི་ཆ་ཤས་དང་བཅས་པར་ཐལ་བ་དང་། ཕྱོགས་ཐམས་ཅད་ནས་རེག་ན་འདྲེས་བར་འགྱུར་བ་སོགས་ཀྱི་གྲུབ་མཐའ་གོང་འོག་གི་རྩོད་པའི་གཞི་ནི། རྫས་རྡུལ་ཕྲ་རབ་ཡིན་གྱི་བསགས་རྡུལ་ཕྲ་རབ་མ་ཡིན་ཏེ། གང་སྤེལ་ལས། འདིར་ནི་རྫས་ཀྱི་རྡུལ་ཕྲ་རབ་ལ་མངོན་པར་འདོད་ཀྱི་འདུས་པའི་རྡུལ་ཕྲ་རབ་ནི་མ་ཡིན་ཏེ། དེ་ནི་ཆ་ཤས་དང་བཅས་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་འདོད་དགོས་ཀྱི་དེ་ལྟར་མ་ཡིན་ན་ཉི་ཤུ་བའི་རྩོད་པ་འབྲེལ་མེད་པར་འགྱུར་བའི་ཕྱིར། ལེགས་བཤད་སྙིང་པོ་ལས། ཉི་ཤུ་བར་རྡུལ་ཆ་མེད་འགོག་པའི་རིགས་པ་ཞེས་པའི་དོན་ཡང་དེ་ལྟར་གོ་དགོས་སྙམ། རྡུལ་ཕྲན་ཆ་བཅས་དང་ཆ་མེད་ཀྱི་གོ་དོན་མི་འདྲ་ས་ནི་མངོན་པ་འོག་མས་རང་གི་ཆ་ཤས་བསིལ་རྒྱུ་ཡོད་མེད་ཀྱི་ཆ་ནས་མ་ཡིན་པར་བེམ་གཟུགས་ཐམས་ཅད་ཀྱི་ཕྲ་བ་དང་ཕྱོགས་ཀྱི་ཆ་མེད་པའི་རྡུལ་ཕྲ་རབ་ནི་རྫས་རྡུལ་ཕྲ་རབ་ཡིན་ལ། དེ་ཡང་རྫས་རྡུལ་བཅུ་དྲུག་མ་བསགས་ན་ཕྱོགས་ཀྱི་ཆ་བཅས་སུ་མི་འགྱུར་བར་འདོད། གཟུགས་རགས་པ་རྩོམ་བྱེད་ཀྱི་འབྱུང་བཞིའི་རྡུལ་ཕྲ་རབ་ནི་ཕྱོགས་ཀྱི་ཆ་དང་བཅས་པས་བསགས་རྡུལ་ཕྲ་རབ་དང་། རང་གི་ཆ་ཤས་བསིལ་རྒྱུ་ཡོད་པས་ཆ་བཅས་སུ་འདོད་དོ། །འོན་ཀྱང་བསགས་རྡུལ་ཕྲ་རབ་ཀྱི་ཚོགས་པར་མ་གཏོགས་པའི་རྫས་རྡུལ་ཕྲ་རབ་མེད་པས་རྫས་རྡུལ་ཕྲ་རབ་ཡན་གར་བའི་སྐྱེ་ཚུལ་མཛོད་རྩ་འགྲེལ་ལས་མ་གསུངས་ཤིང་། འདོད་ན་དབང་པོ་མེད་པ་དང་།།སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད།།ཅེས་རང་གི་ཚོགས་པ་ན་སྒྲ་དང་དབང་པོ་མེད་པའི་བསགས་རྡུལ་ཕྲ་རབ་གཅིག་སྐྱེ་བའི་ཚེ། ངེས་བར་འབྱུང་བཞིའི་རྡུལ་བཞི་དང་གཟུགས་དྲི་རོ་རེག་གི་རྫས་རྡུལ་བཞི་སྟེ་ལྷན་ཅིག་ཏུ་སྐྱེ་དགོས་ཏེ། བསགས་རྡུལ་ཕྲ་རབ་ཀྱི་ཚོགས་པར་རྫས་རྡུལ་ཕྲ་རབ་དེ་རྣམས་ཕན་ཚུན་ཁ་འབྲལ་མི་རུང་བའི་ཕྱིར། དེས་ན་བསགས་རྡུལ་ཕྲ་རབ་ནི་གཟུགས་ཅན་གཞན་གྱིས་གཞོམ་དུ་མེད་པ་ཡིན་ཞེས་གསུངས་སོ། །རྡུལ་ཕྲན་ཆ་མེད་འདོད་མཁན་དག་ནི། བོད་དུ་སྟག་ཚང་ལོ་ཙཱ་བ་སོགས་ཀྱིས་བཞེད་པ་དང་། རྒྱ་གར་ན་ཕྱི་རོལ་བྱེ་བྲག་པས། རྡུལ་ཆ་མེད་དང་འབྱར་ནས་གོང་བུ་འོང་བར་འདོད་པ་དང་། ནང་པའི་ལུགས་ཀྱི་བྱེ་སྨྲ་དང་མདོ་སྡེ་པའི་དགེ་འདུན་སྲུང་གིས་རྡུལ་ཆ་མེད་དང་མ་རེག་པ་དང་། བར་དང་བཅས་པ་ལས་གོང་བུ་འོང་བར་འདོད་པ་དང་། མདོ་སྡེ་པའི་བཙུན་པས་མ་རེག་པ་དང་བར་མེད་པར་གོང་བུ་འོང་བར་འདོད་དོ། །དེ་ལྟ་བུའི་ཕྲ་རྡུལ་ནི་མངོན་པ་གོང་མ་ཀུན་བཏུས་ལྟར་ན་མིག་ཤེས་ལ་མི་སྣང་བར་ཡིད་ཤེས་ཁོ་ན་ལ་སྣང་བའི་གཟུགས་ཡིན་པས་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཡིན་ཞེས་བརྗོད་པ་ཡིན་ཏེ། དེ་ལ་དབྱེ་བ་ལྔ་ཡོད་པའི་ནང་གི་བསྡུས་པ་ལས་གྱུར་བའི་གཟུགས་ཡིན་པར་འདོད། དེང་སང་ཕྲ་མཐོང་ཆེ་ཤེལ་ལྟ་བུའི་འཕྲུལ་རིག་ཡར་རྒྱས་སོང་བར་བརྟེན་ནས་མིག་ཤེས་རང་ག་བ་ལ་རྡུལ་ཕྲ་མོ་སྣང་ཐུབ་ཀྱང་མངོན་པ་ལས་དེ་མི་སྣང་བར་བཤད་པ་ནི་སྤྱིར་བཏང་མིག་ཤེས་རང་སྟེང་ན་དེ་མཐོང་བའི་ནུས་པ་མེད་པས་ཡིན། སེམས་ཙམ་པས། ཕྱི་དོན་མེད་དེ། ཕྲ་རྡུལ་དང་འདུས་པ་གང་ཡང་དབང་བློའི་ཡུལ་དུ་མི་འཐད་པའི་ཕྱིར། ཕྲ་རྡུལ་གཅིག་བུ་ཆོས་ཅན། དབང་བློའི་ཡུལ་མིན་ཏེ། དེ་ལ་མི་སྣང་བའི་ཕྱིར། དཔེར་ན་མིག་དབང་བཞིན། རྡུལ་འདུས་པ་ཆོས་ཅན། དབང་བློའི་ཡུལ་མིན་ཏེ། རྫས་སུ་མེད་པའི་ཕྱིར། དཔེར་ན་ཟླ་གཉིས་བཞིན། ཞེས་སོགས་རྩོད་པའི་ལན་དུ་སློབ་དཔོན་ལེགས་ལྡན་གྱིས། དབུ་མ་སྙིང་པོ་ལས། དེ་ལ་གལ་ཏེ་ཕ་རོལ་བོ།།བསགས་པ་མིན་པའི་གཟུགས་སེམས་ཀྱི།།སྤྱོད་ཡུལ་མིན་པར་སྒྲུབ་བྱེད་ན།།དེར་ནི་གྲུབ་པ་ཉིད་སྒྲུབ་འགྱུར།།གཟུགས་གཞན་དག་གིས་བསགས་པ་ནི།།དེར་སྣང་བློ་ནི་སྐྱེ་ཕྱིར་རོ།།དེ་ནི་དམིགས་ཉིད་ཡིན་འདོད་དེ།།དེར་སྣང་བློ་ཡི་རྒྱུ་ཡིན་ཕྱིར།།འདོད་ཆགས་བཞིན་ཏེ་དེ་ཡི་ཕྱིར།།ཁྱོད་དམ་བཅས་ལ་རྗེས་དཔག་གནོད།།ཞེས་སེམས་ཙམ་པས་རྡུལ་ཕྲ་རབ་རེ་རེ་བ་ དབང་བློའི་ཡུལ་མིན་ཞེས་འདོད་ལན་བཏབ་པ་གྲུབ་ཟིན་སྒྲུབ་པའི་སྐྱོན་དང་། གཉིས་པ་རྡུལ་ཕྲ་རབ་རིགས་མཐུན་བསགས་པ་རྫས་སུ་ཡོད་ཅིང་། དབང་བློའི་དམིགས་རྐྱེན་ཡིན་པས་དེ་ལ་སྣང་བའི་པྱིར། དཔེར་ན་བུད་མེད་ཀྱི་ཁ་དོག་བསགས་པ་འདོད་ཆགས་ཀྱི་དམིགས་པ་བཞིན་ནོ་ཞེས་པའི་རྗེས་དཔག་འདིས་ཁྱོད་ཀྱི་དམ་བཅའ་ལ་གནོད། ཅེས་རིགས་པ་དང་པོ་རྣམ་པར་ཤེས་པའི་ཚོགས་ལྔའི་གནས་དང་། དམིགས་པ་ནི་བསགས་པ་ཡིན་ནོ་ཞེས་པའི་ལུང་དང་ཡང་འགལ་ལོ་ཞེས་བཀག་གོ །དབུ་མ་རྟོག་གེ་འབར་བ་ལས་ཕྲ་རྡུལ་སྐོར་ལ་བསགས་པ་རྫས་ཡོད་དང་འདུས་པ་བཏགས་ཡོད་གཉིས་བཤད་པས། དེ་གཉིས་ཀྱི་ཁྱད་པར་ནི། རྫས་རིགས་མཐུན་པ་དཔེར་ན་ཁ་དོག་གི་རྡུལ་དུ་མ་རྟེན་གཅིག་ལ་བརྟེན་པ་ལྟ་བུ་ནི་བསགས་པ་རྫས་ཡོད་དང་། རྟ་དང་གླང་ཆེན་ལྟ་བུ་རྫས་རིགས་མི་མཐུན་པ་དང་། གཞི་ཐ་དད་པ་འདུས་པ་དམག་ལྟ་བུ་ནི་འདུས་པ་བཏགས་ཡོད་ཟེར། བསགས་པ་ལ་འདུས་པས་ཁྱབ་ཀྱང་རྫས་ཡོད་ཀྱིས་མ་ཁྱབ་ཏེ། རིགས་མི་མཐུན་གྱི་རྡུལ་བསགས་པ་ནགས་ཚལ་ལྟ་བུ་འདུས་པ་བཏགས་ཡོད་ཡིན་པའི་ཕྱིར། རྟོག་གེ་འབར་བ་ལས། རྡུལ་ཕྲ་རབ་ནི་རྫས་བརྒྱད་འདུས་པའི་བདག་ཉིད་ཡིན་པས་དེ་ཡང་རྫས་ཉིད་ཡིན་ལ། དེ་བཞིན་དུ་བུམ་པ་ལ་སོགས་པ་འདུས་པའི་བདག་ཉིད་ཀྱང་རྫས་ཉིད་ཡིན་ཏེ་འབའ་ཞིག་པ་ནི་རྫས་སུ་མ་གྲུབ་པའི་ཕྱིར་རོ། །ཞེས་བསགས་པ་ནི་རྡུལ་ཕྲ་རབ་བསགས་པ་དང་འདུས་པ་ནི་ཆ་དུ་མ་འདུས་པ་ལ་བྱེད་པས་ཁྱད་པར་ཆེན་པོ་ཡོད། འདི་བའི་ལུགས་ལ་གྲུབ་མཐའ་འོག་མས་ཆ་མེད་དུ་འདོད་པའི་ཕྲ་རྡུལ་ཆ་མེད་དེ་ཡང་མིག་ཤེས་རང་ག་བའི་དམིགས་རྐྱེན་ལ་བཞག་ནས་ཕྲ་རྡུལ་དེ་ཡང་བསགས་པ་ཡིན་པས་མིག་ཤེས་ལ་སྣང་ཡང་འདུས་པ་ཙམ་མི་སྣང་བར་བཤད། རིགས་པ་དྲུག་ཅུ་བ་ལས། འབྱུང་བ་ཆེ་ལ་སོགས་བཤད་པ།།རྣམ་པར་ཤེས་སུ་ཡང་དག་འདུ།།ཞེས་གསུངས་པའི་དོན། ཐལ་འགྱུར་བས་རྟོག་པས་བཏགས་ཙམ་དང་། ཞི་འཚོས་ཤེས་པའི་བདག་ཉིད་དུ་འདུ་བར་བཤད། འདི་གཉིས་ཀའི་ལུགས་ལ་རྡུལ་ཆ་མེད་ཁས་མི་ལེན། ལང་ཀར་གཤེགས་པ་ལས། ཕྱི་རོལ་གཟུགས་ནི་ཡོད་མིན་ཏེ།།རང་གི་སེམས་ནི་ཕྱི་རོལ་སྣང་།།ཞེས་པ་ལྟར་ ཕྱི་རོལ་གྱི་འབྱུང་བ་དང་འབྱུང་འགྱུར་དེ་དག་རྣམ་ཤེས་ཀྱི་སྣང་ཆ་ཙམ་དུ་འདོད་པ་དང་། ཞི་འཚོས་བཞེད་པ་ནི། ལེགས་སྙིང་ལས། རང་གཞན་སྡེ་པས་ཇི་འདྲ་ཞིག་ཁས་བླངས་པ་ལའང་དུས་ཀྱི་རིམ་པའམ་ཡུལ་གྱི་ཆའམ་ཤེས་པའི་ཡུལ་གྱི་རྣམ་པ་སོགས་ཆ་དུ་མ་མེད་པའི་ཆ་མེད་མི་སྲིད་པར་བསྟན་ནས། ཆ་དུ་མ་དང་ལྡན་པར་གྲུབ་པ་ན་ཆོས་གཅིག་ཆ་དུ་མའི་བདག་ཉིད་དུ་ཡོད་པ་ཐ་སྙད་པའི་དོན་ལ་མི་འགལ་མོད། ཞེས་གསུངས་པ་ལྟར་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་དང་ཚན་རིག་པས་འདོད་པའི་ཡུལ་ཚད་གྲུབ་ཇི་འདྲ་ཞིག་ཁས་བླངས་པ་ལ་ཡང་ཆ་དུ་མ་དང་ལྡན་པར་འགྲུབ་སྟེ། དེ་དག་ལ་དུས་དང་ཡུལ་དང་ཤེས་པའི་ཡུལ་གྱི་རྣམ་པ་སོགས་ཆ་དུ་མ་མེད་པའི་ཆ་མེད་མི་སྲིད་པའི་ཕྱིར། དེ་ལྟར་བསྟན་ནས་ཆོས་དེ་ཆ་དུ་མ་དང་ལྡན་པར་གྲུབ་པ་ན། ཤིན་ཏུ་ཆུང་བའི་གཟུགས་རྡུལ་ཕྲ་རབ་ལྟ་བུའི་ཆོས་གཅིག་ཐ་སྙད་དུ་ལྡོག་ཆ་དུ་མའི་བདག་ཉིད་དུ་ཡོད་པ་མི་འགལ་བར་བཞེད་པ་ལྟར་ཆ་ཆ་ཅན་གྱི་རིགས་པ་འདི་ནི། དབུ་མ་རྒྱན་ལས། དངོས་པོ་གང་གང་རྣམ་དཔྱད་པ།།དེ་དང་དེ་ལ་གཅིག་ཉིད་མེད།།གང་ལ་གཅིག་ཉིད་ཡོད་མིན་པ།།དེ་ལ་དུ་མ་ཉིད་ཀྱང་མེད།།ཞེས་གསུངས་པ་ལྟར་ཆ་དང་ཆ་ཅན་གཉིས་ངོ་བོ་ཐ་དད་དང་ངོ་བོ་གཅིག་པ་གང་རུང་ལས་མ་འདས་པས། ངོ་བོ་ཐ་དད་ན་རྟ་དང་བ་ལང་བཞིན་འབྲེལ་མེད་དུ་འགྱུར། ངོ་བོ་གཅིག་ན་ཆ་རྣམས་ཆ་ཅན་བཞིན་གཅིག་ཏུ་འགྱུར་བ་དང་། ཆ་ཅན་ཡང་ཆ་བཞིན་དུ་མར་འགྱུར་བའི་རིགས་པས་གནོད་པ་བསྟན་ཏེ་དོན་དམ་པར་གྲུབ་པ་བཀག་གོ །རང་རྐྱ་བའམ་ཚུགས་ཐུབ་བདེན་གྲུབ་འགོག་བྱེད་ཀྱི་གནོད་པ་སྟོན་མཚམས་མཐར་ཐུག་པ་ནི་ཆ་དང་ཆ་ཅན་ལ་གཅིག་ཐ་དད་ཀྱི་བརྟག་པ་བྱས་ནས་འགོག་པ་འདི་ཉིད་ཡིན་པར་གསུངས། ཐལ་འགྱུར་བས། གོང་སྨོས་ལྟར་དྲུག་གིས་གཅིག་ཅར་སྦྱར་བ་ན། ཞེས་སོགས་ཀྱིས་རྡུལ་ཆ་མེད་བཀག་ནས་དེ་མེད་པས་དེ་བསགས་པའི་རགས་པ་ཡང་མེད་ལ་ཕྲ་རགས་གཉིས་ཀ་མེད་པའི་ཕྱིེར་ཕྱི་དོན་མེད་དོ། །ཞེས་པ་ལ་སོགས་པའི་རིགས་པ་འདིས་སྤྱིར་ཕྱི་དོན་ཡོད་པ་ལ་མི་གནོད་དེ། དེས་ནི་ཉན་ཐོས་སྡེ་གཉིས་ཀྱིས་འདོད་པ་ལྟར་གྱི་ཕྱི་དོན་ཆ་མེད་འགོག་ནུས་ཀྱང་སྤྱིར་ཕྱི་དོན་ཡོད་པ་ཅུང་ཟད་ཙམ་ཡང་འགོག་མི་ནུས་པས་ཕྱི་དོན་མེད་པར་འདོད་པ་དེ་ལ་ནི་ལུང་དང་འཇིག་རྟེན་གྲགས་པ་གཉིས་ཀས་གནོད་པར་བརྒྱ་བའི་འགྲེལ་བ་ལས། གང་དག་རིགས་པ་བཅུག་ནས་རྫས་བརྒྱད་ཀྱི་རྡུལ་ཕྲ་རབ་ཀྱི་ཡོད་པ་ཉིད་སེལ་ཞིང་རྣམ་པར་ཤེས་པ་ཙམ་ཉིད། ཅེས་པ་ནས། དེའི་རིགས་པ་ལ་འཇིག་རྟེན་དང་ལུང་གིས་གནོད་པས་གནོད་པའི་ཕྱིར་རོ། །ལུང་གིས་གནོད་ཚུལ་ནི། ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། ཞེས་པའི་ཙམ་སྒྲས་ཕྱི་དོན་འགོག་པ་མདོ་དེའི་དོན་མིན་ཏེ། སེམས་ལས་གཞན་པའི་འཇིག་རྟེན་བྱེད་པོ་བཀག་པར་མདོ་དེ་ཉིད་ལས་གསུངས་སྟེ། དེ་དག་ཐམས་ཅད་ཀྱང་སེམས་གཅིག་ལ་བརྟེན་པ་དག་གོ །ཞེས་གསུངས་པ་དང་། མཛོད་ལས་ཀྱང་། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས།། ཞེས་འཇིག་རྟེན་བྱེད་པོ་སེམས་ཡིན་པར་གསུངས་པ་དང་འཇིག་རྟེན་རྡུལ་ཕྲན་ལས་གྲུབ་པ་གཉིས་མི་འགལ་བར་ཤེས་བ་གལ་ཆེ། ཕྱི་དོན་མེད་ན་འཇིག་རྟེན་གྲགས་པས་གནོད་ཚུལ་ནི། རྣམ་རིག་པས་ཕྱི་དོན་བདེན་པར་མེད་ཀྱང་རྣམ་ཤེས་བདེན་པར་ཡོད་པ་སྨྲ་བས་ཕྱི་དོན་དང་དེ་འཛིན་གྱི་ཤེས་པ་གཉིས་ཡོད་མེད་ཀྱི་ཁྱད་པར་ནི་དོན་དམ་དང་འཇིག་རྟེན་གྲགས་པ་གང་གིས་དབང་དུ་བྱས་ཀྱང་བཤད་པར་མི་ནུས་པས། དོན་ཤེས་གཉིས་ལ་ཡོད་མེད་ཀྱི་ཁྱད་པར་འབྱེད་པ་ནི་འཇིག་རྟེན་པའི་ཐ་སྙད་ལས་ཀྱང་བརྒལ་ལ་དོན་དམ་པའི་རྣམ་གཞག་ལས་ཀྱང་བརྒལ་བས་བདེན་པ་གཉིས་ཆར་ལས་ཉམས་པ་ཡིན་ཏེ། དབུ་མ་བཞི་བརྒྱ་བ་ལས། གཅིག་ཡོད་གཅིག་མེད་ཅེས་བྱ་བ།།དེ་མིན་འཇིག་རྟེན་པ་ཡང་མིན།།དེས་ན་འདི་ཡོད་འདི་མེད་ཅེས།། བརྗོད་པ་ཉིད་དུ་ནུས་མ་ཡིན།།ཞེས་པ་ལྟར་དངོས་པོའི་དེ་ཁོ་ན་ཉིད་ཀྱང་མཐར་ཐུག་ན་དྲི་མ་མེད་པའི་རིགས་པ་ཉིད་ཀྱིས་དབྱེ་དགོས་པས་ན་ཤིང་རྟ་ཆེན་པོའི་གཞུང་གི་རྡུལ་ཕྲན་གྱི་རྣམ་གཞག་རོབ་ཙམ་བཤད་ཟིན།
ད་ནི་རིགས་གསར་ལུགས་ཀྱི་རྡུལ་ཕྲན་གྱི་རྣམ་གཞག་ཁ་སྣོན་གྱི་ཚུལ་དུ་ཅུང་ཟད་སྤྲོས་ན། ང་ཚོའི་མིག་རྗེན་པས་མཐོང་མི་ཐུབ་པའི་ལྐོག་གྱུར་གྱི་གནད་དོན་མང་པོ་ཞིག་ཚན་རིག་མཁས་ཅན་རྣམས་ཀྱིས་འགྲེལ་བརྗོད་བྱས་པ་གཞིར་བཟུང་ན་གལ་གནད་ཆེ་བ་དཔེར་ན་དཔེར་ན། རང་བྱུང་ཁམས་ཆེན་པོའི་རླུང་གི་འཁོར་སྐྱོད་དང་ཉི་མའི་ཚ་དྲོད་ལ་བརྟེན་ནས་ཆར་ཆུ་ཇི་ལྟར་བྱུང་བ། དེ་ལ་བརྟེན་ནས་མི་དང་སེམས་ཅན་རྩི་ཤིང་ཡོད་དོ་ཅོག་འཚོ་གནས་ཇི་ལྟར་བྱེད་པ་དང་། ཉིན་མཚན་དང་དུས་བཞིའི་འགྱུར་ལྡོག་ཇི་ལྟར་འབྱུང་ཚུལ་ཡང་སའི་གོ་ལའི་འཁོར་སྐྱོད་རག་ལས་བ་དང། དེ་ཡང་ཉི་མའི་འཐེན་ཤུགས་ལ་རག་ལས་བར་བཤད་ན་ང་ཚོའི་བློ་ངོར་ཤོང་དཀའ་བ་ཞིག་ཡིན་ཡང་། དངོས་ཁམས་ཚན་རིག་གིས་འགྲེལ་བཤད་ལས་སླ་བོར་རྒྱག་ཐུབ་ཀྱི་ཡོད། ས་སྒང་རི་བོ་འདིའི་སྟེང་དུ་ཉི་འོད་ཕོག་དུས་རྫས་ཀྱི་ནུས་པ་བསྐྱེད་པའི་བྱེད་ལས་བསམ་གྱིས་མི་ཁྱབ་པ་དེ་ཚོ་ནི་ཉི་མ་ལ་བརྟེན་ནས་བྱུང་བ་ཡིན་སྟབས་ཉི་མ་ནི་འཇིག་རྟེན་གྱི་བྱེད་པོ་ཡིན་ཟེར་ན་མི་ཆོག་རྒྱུ་མེད། སྤྱིར་བཏང་ནུས་ཤུགས་ཀྱི་འབྱུང་ཁུངས་བདུན་བཞག་ཏུ་ཡོད་དེ། fuel sun water-power wind atom tide biomass བཅས་སོ།།དེ་དག་གིས་བསྐྲུན་པའི་འཕྲུལ་ཆས་ཀྱི་ནུས་ཤུགས། ཚ་དྲོད་ཀྱི་ནུས་ཤུགས། གློག་གི་ནུས་ཤུགས། རྫས་འགྱུར་གྱི་ནུས་ཤུགས། འོད་ཀྱི་ནུས་ཤུགས། སྒྲ་འབྱིན་གྱི་ནུས་ཤུགས། རྡུལ་ཕྲན་གྱི་ནུས་ཤུགས་དེ་དག་ནི་འཕེལ་འགྲིབ་མེད་ཅིང་ཕན་ཚུན་གཅིག་ནས་གཅིག་ཏུ་འགྱུར་ཆོག་པར་བཤད་ཡོད། ལྷག་པར་དུས་རབས་བཅུ་དགུ་པའི་ནང་ནུས་ཤུགས་ཀྱི་ཐ་སྙད་འདི་དག་དར་ཁྱབ་ཆེན་པོར་ཕྱིན་པ་དང་ཁྱད་པར་ད་ལྟའི་དུས་སྐབས་འདིར་ཚན་རིག་པ་ཚོས་དབང་སྒྱུར་བྱེད་བཞིན་པ་དེའོ། །དངོས་པོའི་ནུས་ཤུགས་དེ་དག་ཀྱང་མཐར་གཏུགས་ན་ཉི་མ་ལ་བརྟེན་ནས་བྱུང་བར་འདོད་དེ། རྒྱུ་མཚན་ནི། དངོས་གཟུགས་གང་ཡིན་རུང་གལ་སྲིད་དེའི་ཚ་གྲང་གི་ཚད་གཞི་ཀླད་ཀོར་འོག་[-!273°c]ཏུ་མར་ཆག་ཚེ་དེ་དག་ནུས་ཤུགས་ཀྱིས་སྟོང་བར་ངེས་བས་སོ། །དེ་ཡང་ནུས་ཤུགས་དང་བེམ་གཟུགས་གཉིས་དུས་ནམ་ཡང་ཆ་སྙོམས་པོར་གནས་པ་དང་དེ་གཉིས་ཀྱི་འབྲེལ་བ་བཅས་ལ་དཔྱོད་པ་དང་དེའི་རྨང་གཞིའི་ཐོག་ནས་གྲུབ་དོན་གཏན་འབེབས་བྱས་པ་གཞིར་བཟུང་པའི་དཔྱད་ཐབས་དེ་ལ་དངོས་ཁམས་ཚན་རིག་ཟེར། དངོས་ཁམས་ཚན་རིག་གི་ཡབ་ཆེན་ནེའུ་ཊོན་གྱིས་འདི་ལྟར་བེམ་དངོས་གང་ཞིག་ཕྱིའི་ནུས་ཤུགས་ལ་མ་བརྟེན་པར་གནས་འགུལ་གྱི་ནུས་པ་མེད་པའི་རང་བཞིན་དེ་ལ་བེམ་གཟུགས་[inertia]ཟེར། ཞེས་ནན་བཤད་བྱས་པ་དེའི་དོན་དག་ནི་ལྗིད་ཚད་དང་ལྡན་པའི་དངོས་པོ་གང་ཡིན་པ་དེ་ལ་ནུས་ཤུགས་ཡོད་པ་ཟེར་བ་ཡིན། སྔོན་གྱི་ཚན་རིག་པ་ཚོས་རྡུལ་ཕྲན་ཆ་མེད་འདོད་པ་དང་ཕྱིས་ཀྱི་ཚན་རིག་པ་ཚོས་རྡུལ་ཕྲན་ཆ་བཅས་སུ་འདོད་པ་དེ་ནི་ཕྱོགས་གཅིག་ནས་འཕྲུལ་ལས་རིག་པ་ཡར་རྒྱས་སོང་བ་དང་གློག་རྡུལ་གྱི་ནུས་པ་ཚད་མཐོ་བོའི་ཐོག་བརྟག་དཔྱད་བྱས་པ་ལས་བྱུང་བའི་གྲུབ་འབྲས་ཤིག་ལོས་ཡིན།
གནའ་བོའི་གྷི་རིག་གི་ཚན་རིག་པ་ཚོས་རྡུལ་ཕྲན་ལས་ཆུང་བ་ཞིག་ཡོང་མི་སྲིད་པར་ཡིད་ཆེས་བྱས་ཤིང་། དུས་རབས་བཅུ་བདུན་པའི་ནང་བྱུང་བའི་ཚན་རིག་པ་(Jhon Dalton)གྱིས་སྤྱི་ལོ་༡༨༠༣་ལོར་རྡུལ་ཕྲན་དབྱིབས་བཀོད་རྩ་རྫས་གཏན་འབེབས་བྱས་ཤིང་། རྡུལ་ཕྲན་ཆ་བསགས་ཀྱི་བེམ་གཟུགས་གྲུབ་པར་འདོད་པའི་ཚུལ་དེ་ནི་དེང་དུས་རྫས་འགྱུར་རིག་པའི་རྨང་གཞི་ཞིག་ཆགས་ཡོད་པ་དང་། ལྕགས་ཀྱི་ཕྲ་རབ་ལ་ལྕགས་ཀྱི་རྡུལ་ཕྲན་དང་གསེར་གྱི་ཕྲ་རབ་ལ་གསེར་གྱི་རྡུལ་ཕྲན་ཞེས་མིང་བཏགས། རྡུལ་ཕྲན་རྣམས་ཆ་ཤས་བསིལ་རྒྱུ་མེད་པའི་ཆ་མེད་དང་རྡུལ་གྱི་ཆུང་ཤོས་ཡིན་པར་བསམས་པ་རེད། དུས་རབས་བཅུ་དགུ་བའི་ནང་ཚན་རིག་པ་Rutherford་ཡིས་རྡུལ་ཕྲན་ལ་བརྟག་དཔྱད་འདྲ་མིན་བརྒྱུད་ནས་རྡུལ་ཕྲན་རེ་རེའི་ནང་དུ་ཕོ་རྡུལ་དང་མོ་རྡུལ། མཚན་མེད་རྡུལ་གསུམ་བརྙེད་སོན་བྱུང་། སྤྱི་ལོ་༡༩༣༡་ལོར་ཚན་རིག་པ་(Neilsbohr) ཡིས་རྡུལ་ཕྲན་གྱི་སྒྲིག་གཞིའི་གྲུབ་དོན་གསར་བ་ཞིག་གཏན་འབེབས་བྱས་ནས་རྡུལ་ཕྲན་ཆ་བཅས་སུ་བསྒྲུབས་ཏེ་གོང་གི་Dalton་གྱི་བསམ་ཚུལ་དེ་ཚོ་འཁྲུལ་བ་ཅན་དུ་བསྟན་པ་རེད། རྡུལ་ཕྲན་གྱི་དབུས་སུ་ Nucleus ལྟེ་རྡུལ་ལྕི་བོ་ཞིག་ཡོད་ཅིང་དེའི་ནང་Proton ཞེས་པའི་ཕོ་རྡུལ་ལམ་རྒྱུ་རྡུལ་དང་Neutron ཞེས་པའི་མཚན་མེད་རྡུལ་གཉིས་ཡོད་ལ། ལྟེ་རྡུལ་དེའི་མཐའ་འཁོར་དུ་Electron ཞེས་པའི་གློག་རྡུལ་མང་པོ་ཞིག་སོ་སོའི་འཁོར་ལམ་ཐོག་འཁོར་སྐྱོད་བྱེད་ཀྱི་ཡོད་པའི་འགྲེལ་བརྗོད་བྱས་ཏེ་རྡུལ་ཕྲན་ཆ་བཅས་ཡིན་པར་བསྒྲུབས། རྡུལ་ཕྲན་གྱི་ནང་དུའང་སྟོང་ཆ་དུ་མ་ཡོད་པས་དེ་དང་ཉི་མའི་ཁྱིམ་རྒྱུད་གཉིས་ཀྱི་དབྱིབས་འདྲ་བར་བཤད་ཡོད། རྡུལ་ཕྲན་དེ་དག་ནི་ཡུད་ཙམ་ལས་གནས་སྡོད་མི་ཐུབ་པ་དང་གཞན་དང་མ་འབྲེལ་བར་རང་རྐྱ་བར་སྐད་ཅིག་ཙམ་ཡང་གནས་མི་ཐུབ་ལ། གཞན་དང་འབྲེལ་བའི་སྐབས་ཕྱི་རོལ་ནས་ཚ་དྲོད་དང་ཉི་འོད་ཕོག་པའི་རྐྱེན་གྱིས་རྡུལ་ཕྲན་གྱི་ནང་དུ་འཁོར་བཞིན་པའི་མོ་རྡུལ་རྣམས་རྡུལ་ཕྲན་གཅིག་ནས་གཅིག་ཏུ་འཕོ་བའི་སྟོབས་ཀྱིས་རྡུལ་ཕྲན་གྱི་འགྱུར་བའི་རང་བཞིན་གཏན་འབེབས་བྱས། ཉེ་བའི་དུས་རབས་ནང་དེ་ལས་ཆུང་བའི་ཕྲ་རྡུལ་[Quark]དང་[Lepton]བརྙེད་སོན་བྱུང་བ་དང་དེ་ནི་རྡུལ་ཕྲན་ཚང་མའི་རྩ་བའི་རྒྱུའམ་གཞིའི་གྲུབ་ཚུལ་མཐར་ཐུག་པར་བརྗོད་ཡོད། རང་བྱུང་ཁམས་ཀྱི་ནང་རྡུལ་ཕྲན་རིགས་མི་འདྲ་བ་བརྒྱ་དང་བཅུ་གཉིས་བརྙེད་སོན་བྱུང་བ་དང་དེ་ལ་བརྟེན་ནས་རྩ་རྫས་མ་འདྲ་བ་བརྒྱ་དང་བཅུ་གཉིས་བྱུང་བར་ངོས་འཛིན་པ་དང་། རྡུལ་ཕྲན་ནི་སྟོབས་ཤུགས་ཀྱི་འབྱུང་ཁུངས་དང་རྡུལ་ཕྲན་གང་དག་གློད་པ་དང་ཚལ་བར་གས་ནས་རྩ་རྫས་རྣམས་འགྲུབ་པ་དང་། ནུས་ཤུགས་ཀྱང་དེ་དང་འདྲ་བར་ཕྲ་རྡུལ་འགས་འཐོར་ལས་བྱུང་བ་དང་གྱེས་པའི་རྩ་རྫས་དུ་མ་མཉམ་དུ་འདུས་སྦྱོར་བྱེད་བཞིན་པས། ལྗིད་ཚད་དང་ལྡན་པའི་གཟུགས་ཅན་གང་ཞིག་ཡིན་རུང་དེའི་ནུས་ཤུགས་ནི་སྐྱེས་ཙམ་ཉིད་ནས་ལྷན་ཅིག་ཏུ་གྲུབ་པ་དང་། རྡུལ་ཕྲན་གྱི་འཐེན་ཤུགས་ལ་ག་དུས་ཡིན་ཡང་attract force་ཚུར་འགུགས་ནུས་པ་དང་། repel force ་ཕྱིར་བཟློག་ནུས་པ་ཟེར། རང་བྱུང་ཁམས་ཀྱི་ནུས་ཤུགས་ལ་སྡེ་ཁག་བཞིར་དབྱེ་སྟེ། འཐེན་ཤུགས། གློག་རྡུལ་ཁབ་ལེན་གྱི་ཤུགས། ལྟེ་རྡུལ་གྱི་ནུས་ཤུགས་ཆེ་བ་དང་ཆུང་བ་བཅས་བཞིའོ། །ལྗིད་ཚད་ནི་འཐེན་ཤུགས་ལས་གྲུབ་པའི་ནུས་པ་ཞིག་ཡིན། སའི་གོ་ལའི་འཐེན་ཤུགས་ཀྱང་ཟེར། དེ་ནི་བེམ་གཟུགས་མཐའ་དག་ལ་ཡོད་པའི་རང་བྱུང་གི་ནུས་ཤུགས་དང་སྣོད་བཅུད་ཀྱི་འཇིག་རྟེན་ཡོངས་རྫོགས་ནུས་ཤུགས་འདི་དག་བརྟེན་པར་བརྗོད་པ་དང་། འགོ་གང་ནས་ཚུགས་པ་བརྗོད་པའི་སྐབས་སུ་[big bang]འབར་གས་ཆེན་མོ་བྱུང་བ་དང་འཇིག་རྟེན་ཐོག་མའི་སྐབས་འདིར་ཚགས་དམ་པའི་རང་བཞིན་ལྷོད་པ་དང་ཚ་གྲང་གི་ཚད་གཞི་ངེས་ཅན་ཞིག་འགྲིབ་པ་བཅས་ལ་བརྟེན་ནས་རྩ་རྫས་[hydrogen]དང་[helium]ལྟ་བུ་གྲུབ་པ་དང་དུས་མཉམ་དུ་བྱུང་བ་ཞིག་ཡིན་པར་བཤད། འཇིག་རྟེན་གྱི་ནུས་ཤུགས་ཡོད་ཚད་རིམ་པ་གཉིས་སུ་ཕྱེ་སྟེ་མངོན་དུ་མ་གྱུར་བའི་ནུས་ཤུགས་(potential-energy)དང་འགུལ་སྐྱོད་ནུས་ཤུགས་(kenetic-energy)གཉིས་སུ་འདུས་བར་བཤད། དུས་རབས་བཅུ་དགུ་པའི་ནང་བྱུང་བའི་ཚན་རིག་པ་གྲགས་ཅན་[Einstein]གྱིས་ལྟོས་གྲུབ་ཀྱི་རྣམ་གཞག་བརྗོད་པའི་སྐབས། རྐྱེན་ངེས་ཅན་ཞིག་གི་འོག་ཏུ་བེམ་གཟུགས་ནུས་པའི་ངོ་བོར་འགྱུར་བ་དང་ནུས་ཤུགས་བེམ་གཟུགས་ཀྱི་ངོ་བོར་འགྱུར་རུང་བར་བཤད་ཡོད། དཔེར་ན་ཉི་མའི་ལྕི་ཚད་ཉིན་ལྟར་ཆུང་ནས་ཆུང་དུ་འགྲོ་བ་དང་མཐར་ལྕི་ཚད་དང་བེམ་གཟུགས་ཡོངས་སུ་ཟད་དེ་ཉི་མ་འཇིག་པའི་དུས་སྐབས་ཤིག་ཡོང་ངེས་མ་ཡིན་ནམ། དེའི་ཚེ་འཛམ་གླིང་སྟེང་སྲོག་ཆགས་གང་ཡང་འཚོ་གནས་མི་ཐུབ་པར་འགྱུར་ངེས་རེད། ཡིན་ཡང་དུས་སྐབས་དེ་འཆར་བར་ལོ་ས་ཡ་མང་པོ་འགོར་དགོས་པས་སེམས་ཁྲལ་བྱེད་དགོས་དོན་མེད། ཅེས་པ་ལྟར་བེམ་གཟུགས་དང་ནུས་ཤུགས་གཉིས་དུས་རྟག་ཏུ་ཆ་སྙོམས་གནས་དགོས་པར་བསྟན་ཡོད། རྡུལ་ཕྲན་དུ་མ་འདུས་ནས་[molecule]རང་གི་ངོ་བོ་འཛིན་པའི་འདུས་རྡུལ་ཕྲ་མོ་གྲུབ། དེ་ནི་གཟུགས་ཧ་ཅང་ཕྲ་བ་ཞིག་ཡིན། དེ་མང་པོ་འདུས་ནས་བེམ་གཟུགས་རྣམས་གྲུབ་པ་ཡིན། དེ་ལ་དབྱེ་ན། solid མཁྲེགས་གཟུགས་དང་། liquid གཤེར་གཟུགས། gas རླུང་རྫས་སམ་རླངས་གཟུགས་ཏེ་གསུམ་ཡོད། དེ་ཡང་མིག་གིས་མཐོང་ཐུབ་པའི་དངོས་པོ་རྡོ་ལྟ་བུ་དང་པོ་དང་། ཆུ་ལྟ་བུ་གཉིས་པ། མིག་གིས་མཐོང་ཐུབ་པའི་སྤྲིན་པ་དང་མིག་གིས་མཐོང་མི་ཐུབ་པའི་དབུགས་འབྱུང་རྔུབ་ལྟ་བུ་གསུམ་པ་ཡིན། དངོས་པོ་ཞིག་ཡིན་ན་དེའི་གདོས་ཚད་ཡོད་པ། གོ་ས་འཛིན་པ། རེག་ཐོགས་ཡོད་དགོས་པ་ནི་སྲོལ་རྒྱུན་དངོས་ཁམས་རིག་པའི་རྣམ་གཞག་ཁྲོད་འདོར་མི་རུང་བ་གསུམ་ཡིན། བེམ་གཟུགས་དེ་རྣམས་ཀྱི་ནང་དུ་རྩོམ་གཞིའི་རྡུལ་ཕྲན་དང་འདུས་རྡུལ་ཕྲ་གཟུགས་རྣམས་དུས་རྟག་ཏུ་གཡོ་འགུལ་བྱེད་བཞིན་གནས་པ་དང་འདུས་རྡུལ་ཕན་ཚུན་འབྱར་ཞིང་ཚགས་དམ་པོར་གནས་པར་གྱུར་བ་ན་མཁྲེགས་གཟུགས་སུ་གྱུར་ཅིང་འདུས་རྡུལ་རྣམས་ཚགས་ལྷོད་པར་གྱུར་བ་ན་གཤེར་གཟུགས། དེ་ལས་ཀྱང་འདུས་རྡུལ་རྣམས་ཚགས་ལྷོད་པོར་སོང་སྟེ་སྟོང་ཆའི་བར་སྣང་དུ་འཕྱོ་ལྡིང་བྱེད་པའི་སྐབས་ལ་རླུང་གཟུགས་སུ་གྱུར་བ་ཡིན། སྤྱིར་བཏང་གཟུགས་རགས་པའི་གཡོ་འགུལ་དང་མགྱོགས་ཚད་སོགས་ལ་ངེས་ཤེས་བརྟན་པའི་གྲུབ་དོན་ལས་སླ་བོར་འཇོག་ཐུབ་མོད། རྡུལ་ཕྲན་གྱི་ནང་དུ་ཡོད་པའི་གློག་རྡུལ་སོགས་ཀྱི་གོ་ས་དང་མགྱོགས་འགུལ། འཁོར་ལམ་གྱི་གནས་སྟངས་སོགས་ལ་གཞིགས་ན་གཟུགས་ཅན་རགས་པ་དང་གཏན་ནས་མི་འདྲ་བ་ཞིག་གོ །ནང་བསྟན་དང་ཚན་རིག་གི་རྡུལ་ཕྲན་ཆ་བཅས་དང་ཆ་མེད་ལ་ཁྱད་པར་ཆེན་པོ་ཡོད། བྱེ་སྨྲས་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དང་རང་གི་ཆ་ཤས་བསིལ་རྒྱུ་མེད་པའི་ཆ་མེད་དུ་འདོད་པ་རིགས་གཉིས་ཡོད། དབུ་མ་བས་དངོས་པོའི་གནས་བབས་གང་འདྲ་ཞིག་ཡིན་རུང་ཡུལ་དུས་ཀྱི་ཆ་དང་ཕྱོགས་ཀྱི་ཆ་ཕྱེ་རྒྱུ་ཡོད་པས་ཆ་བཅས་སུ་འདོད་པ་དང་། ཚན་རིག་པས་རང་གི་ཆ་ཤས་མེད་པའི་རྡུལ་ཕྲན་མི་འདོད་དོ། །ཡིན་ཡང་རྡུལ་གྱི་ཆུང་བའི་མཐར་ཐུག་དེ་ལ་རང་གི་ཆ་ཤས་བསིལ་རྒྱུ་མེད་པས་ཆ་མེད་དམ་ནུས་ཤུགས་ཡོད་མེད་དཔྱད་པར་བྱ། མདོར་ན། ཚན་རིག་པ་ཚོས་རང་བྱུང་ཁམས་ཀྱི་སྐར་མའི་སྐྱེ་འགག་གི་རིམ་པ་ནས་བྱ་བྱིའུ་འབུ་སྲིན་འཚར་ལོངས་ཇི་ལྟར་བྱེད་སྟངས་ཀྱི་རིམ་པ། རྡུལ་ཕྲན་རྫས་སྦྱོར་ལས་རྣམ་ཤེས་ཇི་ལྟར་འབྱུང་བའི་རིམ་པ། ཕྲ་མཐོང་ཆེ་ཤེལ་བརྒྱུད་ནས་མིག་གིས་སྤྱོད་ཡུལ་མ་ཡིན་པ་ཤིན་ཏུ་ཕྲ་བའི་འབུ་སྲིན་སོགས་ལ་ཞིབ་འཇུག་བྱེད་པའི་རིམ་པ། ཤེལ་རྡོའི་ཆགས་འཇིག་ནས་འཇིག་རྟེན་ཁམས་ཀྱི་ཆགས་འཇིག་གི་བར་གྱི་ཞིབ་འཇུག་བྱེད་པ་ཐམས་ཅད་ཕྱིའི་གཟུགས་ཅན་གྱི་སྟེང་དུ་འདུས་ཤིང་མཐར་ཐུག་ན་འཇིག་རྟེན་གྱི་ཡོད་ཚད་རྡུལ་ཕྲན་བརྒྱ་དང་བཅུ་གཉིས་ཀྱི་རྩ་རྫས་བརྟེན་ནས་བྱུང་བར་འདོད་དོ། །
རྡུལ་ཕྲན་ཆ་མེད་ཀྱི་སྐད་ཆ་འདི་ཐོག་མར་གླེང་མཁན་ནི་བྱེ་བྲག་པ་དང་རིགས་པ་ཅན་པ་ཡིན་པར་མངོན་ལ།
དགེ་ཆོས་ཀྱིས་ཡི་ཤུའི་ཆོས་ལུགས་ནང་རྡུལ་ཕྲན་གྱི་སྐད་ཆ་མེད་པར་བཤད་ཀྱང་། ཕྲན་གྱིས་མཐོང་བའི་ཡི་ཤུ་
གསུང་རབ་བོད་སྒྱུར་མ་ཞིག་ནང་ཐོག་མར་རྡུལ་ཕྲན་གོ་རིམ་མེད་པར་གནས་པ་ལ་དཀོན་མཆོག་གིས་ཕྱོགས་
གཅིག་ཏུ་བསྡུས་ནས་འོད་དམ་ཉིན་མོ་སོགས་རིམ་གྱིས་བསྐྲུན་པར་བཤད་པ་ཞིག་དྲན་ལ། དེ་བཞིན་ཕྲན་གྱི་གྲོགས་པོ་ཡི་ཤུ་མཁས་པ་ཞིག་གིས་ཀྱང་དེ་ལྟ་བུ་ཞིག་བཤད་ཀྱིན་འདུག་པས་དཔྱད་དགོས་པར་སྣང་ཞིང་།
ནང་པའི་ཉན་ཐོས་སྡེ་བས་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་འདོད་ཀྱང་། གཏན་ནས་ཆ་མེད་མི་འདོད་པ་ངེས་ཏེ།
རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དེ་བྱས་པ་དང་མི་རྟག་པ་དང་སྐྱེ་འཇིག་གནས་གསུམ་གྱི་ཆ་དུ་མ་ཡོད་པར་འདོད་
དགོས་སོ། །འོན་ཀྱང་ཤེས་པ་སྐད་ཅིག་ཆ་མེད་འདོད་པ་ལ་དཔྱད་པར་བྱ་འདི་ཡོད་དེ། དེ་འདྲའི་ཤེས་པ་དེ་
འདུས་བྱས་ཡིན་པས་སྐྱེ་འཇིག་གནས་གསུམ་གྱི་མཚན་ཉིད་ཚང་དགོས་མོད། འདི་ལ་སྐྱེ་འཇིག་གནས་གསུམ་གྱི་ཆ་ཕར་ཞོག་རྒྱུས་བསྐྱེད་པའི་ཆ་ཡང་འཇོག་ཏུ་མེད་པས་ཇི་ལྟར་འདུས་བྱས་སུ་འགྱུར་བསམ་དགོས་ལ།
དེ་བཞིན་དུ་ཐལ་འགྱུར་བས་ཐ་སྙད་དུ་རྡུལ་ཕྲན་རྣམས་ཕྲད་པར་ཞལ་གྱིས་བཞེས་པར་གསུངས་པ་དང་།
ཚན་རིག་པས་རྡུལ་ཕྲན་རྣམས་རང་རང་གི་འཁོར་ལམ་ལྟ་བུའི་ནང་གཞན་དང་མ་ཐུག་པར་གནས་པར་བཤད་གཉིས་འགལ་སྤོང་ཇི་ལྟར་བྱེད་དགོས་པ་བཙས་ལ་བསམ་དགོས་པ་སྣང་ངོ་། །
འགོ་རྗོད་དེ་ཡིས་ཀློག་འདོད་ཁ་ལ་ཆུ་འཁོར་བྱུང་ཡང་། ད་དུང་ཀློག་ཁོམ་མ་བྱུང་།
འདྲེ་ནག་མགོ་དགུ་པས་རིན་བྲལ་གྱི་དགོངས་འཆར་གནང་འདུག །
བདག་ཅག་གི་སྟོན་པ་ལྟ་གྲུབ་སྨྲ་བ་ཡིན་ལ། སྔོན་བྱོན་མཁས་པ་དག་ཀྱང་ལྟ་གྲུབ་སྨྲ་བ་ཡིན། དེང་སང་རིགས་གསར་ཡང་ལྟ་གྲུབ་སྨྲ་བ་ཡིན། ཐ་ན་མི་རང་རང་གི་མི་ཚེའི་རྒྱབ་ལྗོངས་ལྟ་གྲུབ་ལ་ཐུག །ལྟ་གྲུབ་ལ་རག་ལས། ཁ་ཆེ་བས་གཟུགས་བརྙན་ལ་ཕྱག་མི་འཚལ་བ་ཡང་ལྟ་གྲུབ་ལ་ཐུག །ནང་པས་སེམས་ཅན་ཐམས་ཅད་ཕ་མ་དང་གཉེན་དུ་སྒོམ་པ་ཡང་ལྟ་གྲུབ་ཀྱི་རྒྱབ་ལྗོངས་ལ་ཐུག །དེང་སང་ན་གཞོན་མང་ཆེ་བ་ལྟ་གྲུབ་སྐོར་ལ་དོ་སྣང་དེ་ཙམ་མེད་པར་གྱུར་འདུག་པས་ང་ཚོས་ལྟ་གྲུབ་ལ་གླེང་སློང་རོབ་ཙམ་རེ་བྱེད་ཐུབ་ན་ཡང་རང་གི་རིག་གཞུང་སྲུང་སྐྱོབ་དང་གནའ་བོའི་གླེགས་བམ་གྱི་ལྕི་ཡང་གི་རིན་ཐང་ཧ་གོ་ངེས་རེད།
ད་ཁ་དགོད་ཁོག་ནས་ཤོར་ཡོང་གིན་འདུག ང་ཚོའི་མིག་བརྒྱད་པ་ལ་མིག་མང་ནས་མཐོང་རྒྱུ་མང་འདུག་མོད་དོན་དངོས་ཇི་ཡིན་དང་འཇུག་སྡོམ་ཇི་འདྲ་རྒྱག་དགོས་མིན་མཐོང་མི་འདུག་པས་མིག་མང་བ་ལས་གསལ་བ་གལ་ཆེ། དཔེར་ན། ཁྱེད་ཀྱིས།༼གཟུགས་བརྙན་ཙམ་གྱི་ཕྱོགས་སུ་གཏོགས་པ་དང་ཐལ་འགྱུར་པས་བཞེད་པ་ལྟར་གྱི་བཏགས་དོན་བཙལ་ན་ཆོས་གང་ཡང་བརྙེད་རྒྱུ་མེད་པ་དང་། རང་ངོས་ནས་མ་གྲུབ་པའི་མིང་རྐྱང་བཏགས་ཡོད་ཡིན་པའི་གནད་ལ་ཐུག་གོ །འདིའི་ཐད་གོང་ས་མཆོག་གི་ཞལ་སྔ་ནས། མགོན་པོ་ཀླུ་སྒྲུབ་ཀྱི་ལྟ་གྲུབ་ལ་གོམས་པའི་ཐེག་ཆེན་པ་ཞིག་གིས་དངོས་ཁམས་རིག་པ་གསར་བ་འདི་དང་སྟོང་ཉིད་ཀྱི་རྣམ་གཞག་བར་ལ་མཐུན་ས་འཁྲུལ་མེད་ཅིག་ཡོད་པར་མཐོང་ཐུབ།༽
ཟེར། འོ་ན་ཉེ་རབས་ཚད་རྡུལ་སྨྲ་བ་རྣམས་ཀྱིས་གསར་དུ་རྙེད་པའི་ལྟོས་གྲུབ་སྤྱི་དང་དམིགས་བསལ་གྱི་ལྟོས་གྲུབ་རྣམས་ཚད་མཐོའི་དབུ་མའི་ལྟ་བ་ལ་རེག་པའི་ལྟོས་གྲུབ་ཅིག་ཡིན་པར་ཁྱེད་ཀྱིས་གསལ་བསྟན་བྱས་འདུག་པས་ ལྟོས་གྲུབ་དེ་དག་དང་དཔལ་ལྡན་ཟླ་བས་གསུངས་པའི་ལྟོས་གྲུབ་རྣམས་ཁྱད་པ་མེད་འགྱུར་བས་དེ་ལྟར་ན་མཁས་པས་མཐོང་ན་བཞེད་གད་ཀྱི་གནས་ཏེ། གོང་གི་ལྟོས་གྲུབ་དེ་དག་ནི་རྣམ་པར་བཞག་འཇོག་གི་ལྟོས་གྲུབ་ཙམ་ལས་མེད་ལ་ཐལ་འགྱུར་བའི་ལྟོས་གྲུབ་ནི་དེ་ཙམ་མིན་པ་ངོ་བོ་གཞན་ལ་རག་ལུས་པའི་ལྟོས་གྲུབ་རང་སྟོང་ལ་གོ་བ་བདེ་རླག་ཏུ་སྟེར་མཁན་ཞིག་ཡིན་པས་དེ་གཉིས་ཀྱི་བར་ལ་གནམ་སའི་བར་གྱི་ཁྱད་པ་ཡོད་པ་མ་ཤེས་པའི་ནོངས་པ་ཁོ་ནའོ། གཞན་དུ་ན་སངས་རྒྱས་ཀྱི་གསུང་ལ་མ་བསྟེན་པ་མཐའ་ན་ཕྲ་བའི་སྐད་ཅིག་མ་ཙམ་ཡང་རྟོགས་པར་མི་ནུས་ན་ཆེས་ཤིན་ཏུ་ཕྲ་བའི་བདག་མེད་པའི་དོན་དང་སྟོང་པ་ཉིད་ཀྱི་ཟབ་མོའི་དོན་རྣམས་རྟོགས་པ་ནི་སངས་རྒྱས་ལམ་བསྟན་ཉིད་ལ་རག་ལུས་ཤིང་སྟོན་པ་ཐར་འདོད་རྣམས་ཀྱི་འཇུག་ངོགསདང་ཚད་མའི་སྐྱེས་བུ་ཉག་གཅིག་ཡིན་པ་ཁྱེད་ཀྱིས་ཇི་ལྟར་བསྒྲུབ་རྩིས་ཡོད་དམ། གོང་དུ་ཚབས་ཆེན་རང་བཞིན་གྱི་ལོག་པར་སྨྲས་པ་དེ་དག་གུས་པས་ཚར་དུ་མི་གཅོད་ཀ་མེད་བྱུང་བས། དགོངས་འགལ་མེད་པ་ཞུ།
སློབ་དཔོན་རིན་པོ་ཆེས་མཛད་པར་གྲགས་པའི་མན་ངག་ལྟ་ཕྲེང་དུ་ལྟ་བ་མིག་ལྟ་བུ་དང་སྤྱོད་པ་ནི་རྐང་བ་ལྟ་བུ་ཡིན་པར་གསུངས་འདུག་པས། ལྟ་གྲུབ་འདི་གལ་ཆེན་པོ་ཞིག་རེད་མོད། འོན་ཀྱང་ལྟ་བ་གང་ཞིག་ཡིན་ཡང་ཚང་མ་མིས་གསར་བཏོད་བྱས་ཤིང་། དེ་ནི་མིའི་སྤྱི་ཚོགས་ཀྱི་དམིགས་དོན་སྒྲུབ་བྱེད་ཀྱི་འཆར་འགོད་ལྟ་
བུ་ཞིག་རེད། དེས་ན་ལྟ་གྲུབ་དེས་མིའི་རིགས་ལ་སྲུང་སྐྱོབ་བྱེད་དགོས་པ་ཞིག་རེད་མ་གཏོགས། མིའི་རིགས་དེ་ལྟ་གྲུབ་ཀྱིས་དབང་སྒྱུར་བྱས་ན་མཐར་ལྟ་གྲུབ་དེས་མིའི་རིགས་ཀྱི་དགོས་དོན་བསྒྲུབ་རྒྱུ་ཕར་བཞག་ དེ་ལས་
ལྡོག་སྟེ་མིའི་རིགས་ཕུང་ལ་སྦྱར་རྒྱུ་ཉེས་ཁ་ཡོད། དེས་ན་ལྟ་གྲུབ་སྨྲ་བ་སུ་ཞིག་ཡིན་ཡང་མིའི་རིགས་ཀྱི་མ་འོངས་པར་འགན་ངེས་པར་འཁྱེར་དགོས་པ་ཡིན།
ལོག་སྨྲ་ཚར་གཅོད་ཕེབས་ནས་དགོངས་འཆར་གནང་བ་ཧ་ཅང་རྩ་ཆེ། ཁོན་ཊོམ་དངོས་ཁམས་རིག་པས་ཐལ་འགྱུར་བའི་ལྟ་བ་བརྙེད་པར་འདོད་མི་འདོད་ཙམ་མ་ཡིན་པར་གནས་བབས་གང་འདྲ་ཡིན་རུང་བཙལ་ན་བརྙེད་རྒྱུ་མེད་པར་ཕར་ལྟོས་ཚུར་ལྟོས་ཀྱི་ཤེས་ངོའི་སྣང་ཆ་ཙམ་ཞིག་ལ་ངོས་བཟུང་བ་དེ་ནང་པའི་རྟེན་འབྱུང་གི་ལྟ་བ་དང་ཐག་ཉེ་བར་ཡོད་པ་གོང་ས་མཆོག་གིས་གསུངས་པ་ལྟར་རེད། ཡིན་ཡང་སྟོང་ཉིད་མ་རྟོགས་པའི་གང་ཟག་གིས་སྟོང་ཉིད་དང་ཆ་འདྲ་བ་ངག་ནས་བརྗོད་མི་ཐུབ་པ་ག་ལ་ཡིན། ཐོས་བྱུང་གི་ཤེས་རབ་ལ་བརྟེན་ནས་ཚིག་སྤྱི་ཙམ་གྱི་གོ་བ་ཆགས་པ་ཡང་གང་མང་མང་རེད། ལྟ་བ་བརྙེད་པ་ལ་ཚོགས་བསགས་སྒྲིབ་སྦྱོང་གི་གནད་ལ་བརྟེན་དགོས་པ་དང་། རྟེན་འབྱུང་ཡིན་པའི་རྒྱུ་མཚན་གྱིས་རང་སྟོང་གི་གོ་བ་བདེ་བླག་ཏུ་འདྲེན་པ་དང་དེ་ལ་བརྟེན་ནས་བདག་འཛིན་གྱི་གཉེན་པོར་འགྲོ་གི་ཡོད་ན་ལྟ་བ་གནད་དུ་འགྲོ་བའི་རྟགས་ཡིན། ཞེས་རྗེ་རིན་པོ་ཆེས་གསུངས་པ་མ་ཡིན་ནམ།
སློབ་དཔོན་མིག་བརྒྱད་པ་ལགས། དབུ་མ་བཞི་བ་ལས། རྟོག་པ་མེད་པར་ཆགས་ལ་སོགས། །ཞེས་སོགས་ཀྱི་
ཐད་ཀྱི་ཟླ་འགྲེལ་ལས། རྟོག་པ་ཡོད་པ་ཁོ་ནས་ཡོད་པ་ཉིད་དང་དེ་མེད་པར་འདོད་ཆགས་ལ་སོགས་པ་མེད་ཉིད་དུ་འགྱུར་བའི་ཕྱིར། ཞེས་ཆོས་ཐམས་ཅད་རྟོག་པས་བཏགས་ཙམ་དུ་གསུངས་ཤིང་། འཇུག་པ་རང་འགྲེལ་ལས་ཀྱང་ཉེ་བར་འཁོར་གྱིས་ཞུས་པའི་མདོ་དྲངས་ནས་ཆོས་ཐམས་ཅད་རྟོག་པས་བཏགས་ཙམ་དུ་ཡོད་
པར་རྒྱ་ཆེར་བསྒྲུབས་ལ། རྗེའི་དབུ་མ་དགོངས་པ་རབ་གསལ་སོགས་སུ་ཡང་མདོ་ལུང་དེ་དྲངས་ནས་ཆོས་ཐམས་ཅད་རྟོག་པས་བཏགས་ཙམ་དུ་ཡོད་པར་བསྒྲུབས་པས། གནད་ཤིན་ཏུ་ཆེ་བར་གོར་མ་ཆག་མོད། འོན་ཀྱང་འཇུག་པ་ལས། འོན་ཀྱང་ཁྱོད་ཀྱི་གསང་བ་འདི་ནི་བསྙད་བགྱིད་མ་ལགས་སོ། །ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་དེ་དག་རྟོག་པའི་ར་བ་ལས་འགོངས་པས་རྟོག་པས་ཇི་ལྟར་བཏགས་ཚུལ་བཤད་དཀའ་ཞིང་། དེ་བཞིན་རྣམ་གྲངས་མ་ཡིན་པའི་དོན་དམ་སྒྲ་རྟོག་གིཡུལ་ལས་འདས་པར་
བཞེད་པ་དག་ལྟར་ན་ཡང་དེ་རྟོག་པས་བཏགས་ཚུལ་བཤད་དཀའ་སྙམ་ལ། ད་དུང་རྫས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པ་གྲངས་ལས་འདས་པ་ཞིག་ཡོད་ངེས་པས། དེདག་རྟོག་པས་བཏགས་ཚུལ་ལ་ཡང་འགྲེལ་བཤད་
རྒྱག་དཀའོ་སྙམ་ན་དགོངས་ཚུལ་གསུངས་རོགས།
དབུ་མ་བཞི་བརྒྱ་བ་༼ཞེས་པར་བཅོས་གནང་ཡོང་བ་ཞུ།
རིགས་པ་སྨྲ་བ་འདྲེ་ནག་མགོ་དགུ་པ་ལགས། མན་ངག་ལྟ་ཕྲེང་དུ་ལྟ་བ་མིག་ལྟ་བུ་དང་སྤྱོད་པ་ནི་རྐང་བ་ལྟ་བུ་ཡིན་པར་གསུངས་འདུག་པས། ཞེས་ལྟ་བ་གདོང་གི་མིག་ལྟ་བུ་གསུངས་པ་ཞེ་དྲག་གནད་འགག་རེད། །ལྟ་བ་ནི་ཞ་བོ་མིག་ཅན་ལྟ་བུ་དང་སྤྱོད་པ་ནི་ལོང་བ་རྐང་ཅན་ལྟ་བུ་ཡིན་པས་དེ་གཉིས་ཟུང་འབྲེལ་བྱེད་དགོས་པ་གལ་ཆེན་པོ་རེད། མིའ་རིགས་ལྟ་གྲུབ་ཀྱིས་དབང་བསྒྱུར་བྱེད་ན་ཕན་མི་ཐོགས་པར་གསུངས་འདུག་པས་དེའི་དོན་ཅི་ཡིན་ནམ།
དེ་ཚོ་ནི་ཉི་མ་ལ་བརྟེན་ནས་བྱུང་བ་ཡིན་སྟབས་ཉི་མ་ནི་འཇིག་རྟེན་གྱི་བྱེད་པོ་ཡིན་ཟེར་ན་མི་ཆོག་རྒྱུ་མེད། ་་་ན་ཉི་མའི་བྱེད་པ་པོ་གང་ཞིག་ཡིན་ནམ། ཞེས་ཕྱེད་ཙམ་བཀླགས་ནས་འདི་འདྲིའོ། །
སྤྱན་བརྒྱད་པ་ལགས། ཕྲན་གྱི་བསམ་པར་ལྟ་གྲུབ་གང་ཞིག་ཡིན་ཡང་དེ་ནི་མིའི་རིགས་ཀྱི་དགོས་མཁོ་སྐོང་བྱེད་ཀྱི་ལག་ཆ་ཙམ་ཞིག་རེད་མོད། འོན་ཀྱང་མི་མང་བོ་ཞིག་གིས་ལྟ་གྲུབ་ནི་མིའི་རིགས་ཀྱི་གནས་བབ་ལས་
གལ་ཆེར་བཟུང་སྟེ། དེའི་ཆེད་དུ་་མཐའ་ན་དམག་འཁྲུག་ལ་སོགས་པ་བརྒྱག་པ་མིའི་རིགས་ཀྱི་ཡོད་ཚད་བློས་གཏོང་བྱེད་པ་ལ་ཐེ་ཚོམ་ཡང་མེད་པ་དེ་དག་ནི། ལྟ་གྲུབ་དེས་མིའི་སེམས་ཁམས་ལ་དབང་སྒྱུར་བྱས་པར་འདོད་པ་ཡིན་ལ། འདིས་ནི་མིའི་རིགས་སྡ་ནས་ད་བརཕུང་ལ་སྦྱར་བ་ཡིན།
ཆོས་ཀྱི་སྤྱན་མངའ་བ་དགེ་བསྙེན་རྡོ་རྗེ་ལགས། དངོས་ཁམས་ཚན་རིག་གིས་ས་སྒང་རི་བོ་འདིའི་སྟེང་དུ་ཉི་འོད་ཕོག་དུས་རྫས་ཀྱི་ནུས་པ་བསྐྱེད་པའི་བྱེད་ལས་བསམ་གྱིས་མི་ཁྱབ་པ་ཞིག་ངོས་འཛིན་གི་ཡོད་པ་རེད། ནུས་ཤུགས་ཐམས་ཅད་ཀྱི་འབྱུང་ཁུངས་ཉི་མ་ཡིན་པར་ངོས་འཛིན་གི་ཡོད་པ་རེད། ཐ་ན་ང་ཚོས་དབུགས་གཏོང་ལེན་བྱེད་པའི་རླུང་ཁམས་ནང་གི་oxygen་དེ་ཡང་ས་སྒང་གི་ངོས་དང་རྒྱ་མཚོའི་ངོས་ཀྱི་བར་སྣང་དུ་གྲུབ་ཅིང་འཐེན་ཤུགས་དེས་ཉི་འོད་ཚད་སྙོམས་པོ་ཞིག་འཐེན་པའི་འོད་འཇུ་སྲེ་སྦྱོར་ལས་ང་ཚོ་ལ་དགོས་ངེས་ཀྱི་སྲོག་འཛིན་བྱུང་། green house ཞེས་པའི་ལྗང་ཁང་གི་རླུང་ཁམས་ནང་དུ་སྲོག་འཛིན་རླུང་དེ་ལྡང་ངེས་ཤིག་ཡོད་པ་དང་རླུང་གི་གོ་ལ་གོང་མར་སྲོག་འཛིན་རླུང་ཧ་ཅང་ཉུང་བས་འོད་འཇུ་སྲེ་སྦྱོར་བྱེད་མ་ཐུབ་པའི་རྐྱེན་གྱིས་རེད།
ད་དུང་མིག་བརྒྱད་པས་རང་གཞུང་ནང་རྡུལ་གྱི་ཆུང་ཚད་དང་གྲུབ་རྫས། ཆ་བཅས་ཆ་མེད་བཅས་ཀྱི་གནས་བབས་ཁུངས་མ་འཁྱོལ་བའི་བཤད་པ་དོན་དངོས་དང་མི་མཐུན་པ་མང་པོ་ཡོད་པ་རྣམས་ཕྱོགས་བསྒྲིགས་བྱས་ནས་ཁོན་ཊོམ་ཐེའུ་རུས་དང་མཐུན་ཐབས་བྱས་པ་ནི་ནང་པའི་ལྟ་གྲུབ་ལ་ཤ་ཞེན་ཡོད་ཀྱང་བྱེད་ལུགས་མ་ཤེས་པ་ཞིག་ཡིན་ཏེ།
རང་གི་དབུ་མའི་ལྟ་བ་བླ་མེད་ཅིག་དང་རིག་གསར་གྱིས་ཁོང་དུ་ཆུད་དཀའ་བའི་གནས་དམ་པ་ཞིག་ཡོད་པ་དེ་སླ་རུ་བཏང་ནས་མར་འཐེན། ཕྱིའི་བེམ་གཟུགས་ཀྱི་གནས་བབས་རྡུལ་རིགས་ཀྱི་ཚད་རིམ་དང་ཉི་ཟླ་གཟའ་སྐར་འཁོར་ཕྱོགས་སྐོར་སོགས་ཆོས་རིག་ནས་བཤད་པ་རྣམས་རག་རིམ་ཙམ་ཡང་དོན་དངོས་དང་མི་མཐུན་ནའང་རིག་གསར་ཚད་རྡུལ་སྨྲ་བའི་ལུགས་ལྟར་མི་འཇོན་བཞིན་དུ་ཁྱེད་ཀྱིས་དེ་དང་མཐུན་ལུགས་བཤད་དེ་ཡར་བཀྱགས་འདུག དོན་ངོ་མ་ཅི་ཞིག་བརྗོད་འདོད་པ་ཡིན། ངོ་མ་ཁྱེད་ཞིབ་འཇུག་པ་ཞིག་བྱེད་འདོད་ན་ཡིན་པ་ལ་ཡིན་སར་བཞག་ནས་མིན་པ་མིན་སར་སྐྱེལ་ཐུབ་ན་ཚད་ལྡན་ཞིག་རེད་འདོད།
སྤྱན་བརྒྱད་པའི་གསལ་བཤད་ལ་ཐུགས་རྗེ་ཆེ་ཞེས་ཞུའོ། །
མིག་བརྒྱད་པ་ལགས། ནུབ་ཕྱོགས་ལྟ་གྲུབ་སྨྲ་བ་ལ་སེམས་གཙོ་སྨྲ་བ་དང་དངོས་གཙོ་སྨྲ་བ་གཉིས་སུ་ཁ་ཚོན་
ཆོད་པར་བཤད་འདུག་མོད། འོན་ཀྱང་རྒྱུ་གཉིས་སྨྲ་བས་གཞི་ལངོ་བོ་ཐ་དད་པའི་་གཟུགས་ཤེས་ཡོད་པར་འདོད་པས་སེམས་གཙོ་སྨྲ་བ་དང་མི་འདྲ་འདུག་ལ། དངོས་གཙོ་སྨྲ་བ་ལྟར་སེམས་དེ་གཟུགས་ཅན་གྱི་དངོས་
པོའི་ཁྱབ་ཁོངས་ཡིན་པར་མི་འདོད་པ་འདུག་ན་དེ་གཉིས་ལས་ལྟ་གྲུབ་ལོགས་ཀ་ཞིག་ཡིན་པར་ཁས་བླངས་ན་
སྐྱོན་གང་ཡོད་དམ། རྒྱུ་གཉིས་སྨྲ་བ་འདི་ལ་གཉིས་སྣང་སྨྲ་བ་ཞེས་བསྒྱུར་འདུག་པ་འདྲ་ཞིག་མཐོང་བས་འགྱུར་གང་བདེའམ། དེ་བཞིན་གཟུགས་འདས་རིག་པ་དང་ལྷ་ཡོད་སྨྲ་བ་དང་ལྷ་མེད་སྨྲ་བ་སོགས་མང་དུ་ཡོད་པ་འདི་དག་སེམས་གཙོ་སྨྲ་བ་དང་དངོས་སྨྲ་བ་གཉིས་ཀྱི་ཁོངས་སུ་འདུ་སྟངས་གང་ཡིན་ནམ།
ལོག་སྨྲ་ཚར་གཅོདཨའུ་ཙི་ཡིན་བསམས་བྱུང་སྟེ། དེང་སང་ཁོང་ག་རེ་ཆགས་པ་རེད། ཚོང་ལམ་འགྲོ་མ་བརྒྱུགས་ནས་ཐུགས་ཟ་རི་ཟི་རེར་ཆགས་པ་མ་རེད་དམ། ༧གོང་ས་ཡིད་བཞིན་ནོར་བུས་དབུ་མའི་ལྟ་བ་དང་
དེང་གི་ཚན་རིག་གཉིས་ཐག་ཉེ་བོ་ཡོད་པ་ལན་ཅིག་མ་ཡིན་པར་གསུངས་པས། ད་འོ་ན་ཁྱེད་ཀྱིས་ཚན་རིག་
དང་དབུ་མའི་ལྟ་བ་གཉིས་ཐག་ཉེ་བོ་ཡོད་ཚུལ་ཞིག་ཤོད་དང་། དེ་མིན་ཁྱེད་ཀྱིས་༧གོང་ས་ཡིད་བཞིན་ནོར་བུ་ལ་ཡང་ཟུར་ཟ་བྱེད་གྲབས་བྱེད་གྲབས་བྱེད་ཀྱིན་འདུག་ད།
་་་་། རྡུལ་ཕྲན་རྫས་སྦྱོར་ལས་རྣམ་ཤེས་ཇི་ལྟར་འབྱུང་བའི་རིམ་པ། ་་་་འདི་ལ་ཞེན་ཆ་ཅིག་ནམ་བྱུང་བ་མཐོང་བ་དེའི་ཚེ། སྐྱེ་བ་སྔ་ཕྱི་ཡོད་པར་སྒྲུབ་བྱེད་ཀྱི། ཤེས་པའི་རིགས་རྒྱུན་དང་རྫས་རྒྱུན་གཉིས་ལས། རྗས་རྒྱུན་སྔ་མའམ། ཤེས་པ་ཡིན་ན་དེའི་དེམ་ཐག་རྐྱེན་ཤེས་པ་སྔ་མ་ཡོད་པས་ཁྱབ་པ་དེ་ལ་གཏུགས་དགོས་པས་་་་་་་
ཕྲ་རྡུལ་ཚལ་པར་གསིལ་བའི་རིང་ལུགས་དང་།།
སེམས་ཀྱི་གཤིས་ལུགས་འཚོལ་བའི་ལམ་སྲོལ་གཉིས།།
མི་འགལ་ཟུང་འཇུག་སྒྲུབ་པའི་རིགས་པ་ལ།།
སྣང་བ་རྒྱས་པའི་སྐྱེས་བུ་གང་དེར་བསྔགས།།
དྲྭ་གྲོགས་མིག་བརྒྱད་པ་ལགས། ཁྱེད་ནས་དངོས་ཁམས་རིག་པའི་ངེས་མེད་ཀྱི་གྲུབ་དོན་(uncertainty principle)དེ་ཐལ་འགྱུར་བའི་ལུགས་ཀྱི་བཏགས་དོན་བཙལ་ནས་མི་རྙེད་པར་བཞེད་པའི་ལྟ་གྲུབ་ཀྱི་གནད་ལ་ཐུག་བཞིན་ཡོད་པར་གསུངས་འདུག ༸གོང་ས་སྐྱབས་མགོན་ཆེན་པོས་སྐབས་མང་པོར་ལྟ་གྲུབ་འདི་གཉིས་དབར་མཐུན་ཆ་ཆེན་པོ་ཡོད་པའི་སྐོར་གསུངས་པ་ཐོས་ཤིང་། སྐབས་རེ་ངེས་མེད་ཀྱི་གྲུབ་དོན་དེ་སེམས་ཙམ་པས་བཞེད་པའི་ཆོས་ཀུན་ཤེས་པའི་བདག་ཉིད་ཙམ་དུ་འདོད་པའི་ལྟ་གྲུབ་དང་ཡང་མཐུན་ཆ་ཡོད་པ་ལྟ་བུ་ཞིག་ཏུ་གསུང་གི་འདུག
ངེས་མེད་ཀྱི་གྲུབ་དོན་ནང་ཤེས་བྱའི་ཆོས་རྣམས་ཤེས་བྱེད་ཀྱི་ཡུལ་ཅན་ལ་ལྟོས་ནས་གྲུབ་པ་དང་ཤེས་བྱེད་ཀྱི་ཡུལ་ཅན་དང་མ་འབྲེལ་བར་ཤེས་བྱའི་དོན་དག་ལ་སྐད་ཆ་བཤད་དུ་མེད་པའི་རྣམ་གཞག་(observe depends on observer)ཅིག་ཡོད་པ་དངོས་ཡོད་རེད། འོན་ཀྱང་ཁོང་ཚོའི་ངེས་མེད་ཀྱི་གྲུབ་དོན་ནང་ལྟ་ཡུལ་ལྟ་མཁན་ལ་ལྟོས་པའི་འབྲེལ་བ་ཞིག་ཡོད་པ་ཙམ་མ་གཏོགས། གནད་གསང་དེའི་སྟེང་ནས་རྒྱུ་འབྲས་ཀྱི་རྣམ་གཞག་གོ་རིམ་ལྡན་པ་ཞིག་འཇོག་ཐུབ་ཀྱི་མེད་པ་རེད། རྒྱུ་འབྲས་ཀྱི་རྣམ་གཞག་ཀྱང་གོ་རིམ་ངེས་པ་མེད་པ་ཞིག་ཏུ་འདོད་ཀྱིན་ཡོད་པ་རེད།
དེས་ན་ངེས་མེད་ཀྱི་གྲུབ་དོན་འདི་ཐལ་འགྱུར་བ་བཞེད་པའི་བཏགས་ཡོད་ཀྱི་རྣམ་གཞག་དང་མཐུན་པ་ཞིག་ཡིན་ན། རྣམ་གཞག་དེའི་ནང་རྒྱུ་འབྲས་ཀྱི་གོ་རིམ་མི་འཆོལ་བ་ཞིག་དང་མི་འཁྲུལ་བ་ཞིག་ངེས་པར་དུ་དགོས་པ་ནི་ཆོས་ཉིད་ཀྱི་ཕྱག་རྒྱས་བཏབས་པ་ཞིག་ཡིན།
ད་དུང་ཤོ་རོ་གྲིན་ཇར་གྱི་སྐད་གྲགས་ཆེ་བའི་ངེས་མེད་ལྟ་གྲུབ་ཀྱི་བྱི་ལའི་དཔེ་དེས་ཀྱང་། ཐལ་འགྱུར་བའི་དངོས་འགལ་གྱི་རྣམ་གཞག་དང་ཡོངས་སུ་འགལ་བའི་ངེས་མེད་ཀྱི་འགྲོ་ལུགས་ཤིག་ཤོད་ཀྱིན་ཡོད།
དོན་དག་འདི་ཚོའི་ཐད་དགོངས་ཚུལ་གསུངས་རོགས།
ང་ཚོས་འདྲ་ཆོས་ཁ་ཤས་ལ་བསམས་ནས་ལྟ་གྲུབ་མི་འདྲ་བའི་རིགས་རྣམས་ཕན་ཚུན་གཅིག་གྱུར་ཏུ་འབབ་ཀྱི་ཡོད་པ་ལྟ་བུ་ཤོད་ཀྱི་ཡོད་ཀྱང་སྐབས་རེ་དངོས་ཐོག་ཏུ་དེ་འདྲ་རང་ཞིག་ཨེ་ཡོད་ན་བསམ་གྱི་འདུག
དངོས་ཁམས་རིག་པ་བ་གྲགས་ཅན་རི་ཅརཌ་ཕན་མིན་གྱིས་ཀྱང་། འགའ་ཞིག་གིས་སོ་སོའི་ལུགས་ཀྱི་ལྟ་གྲུབ་རྣམས་ཚན་རིག་གི་གྲུབ་དོན་དང་གཅིག་གྱུར་ཡིན་པའི་སྐོར་ཤོད་པའམ་སྒྲུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་ཀྱང་། དོན་དམ་དུ་དངོས་ཁམས་ཀྱི་ལྟ་ཚུལ་དང་མཐུན་པ་ཞིག་ཡོང་གི་མ་རེད། ཅེས་བཤད་པ་དང་འདྲ་པོ་ཆགས་རྒྱུའི་ཉེན་ཁ་ཡོད་སྲིད་པ་རེད།(སྐད་ཆ་འདི་ཚིག་ཇི་མ་ཇི་བཞིན་མིན་ཀྱང་དོན་དག་དེ་རང་བཤད་པ་དེབ་ཅིག་ནས་མཐོང་བ་དྲན།)
ལོག་སྨྲ་ཚར་གཅོད་ལགས། སྔོན་ཆད་མ་བྱུང་བ་ཞིག་འདིར་གསར་བ་བརྗོད་རྒྱུ་གཞི་མ་གྲུབ་པས་གོང་ས་མཆོག་གིས་བག་འཁུམས་གྱི་རིག་པ་རྒྱང་དུ་དོར་ནས་ཚན་རིག་ལ་དོ་སྣང་ཇི་ལྟར་བསླེབས་མིན་དེ་ཡང་ང་ཚོའི་རྗེས་རབས་པ་རྣམས་ཀྱིས་བསམ་དགོས་པ་གལ་ཆེ་ཞིང་། ང་ཚོས་དུས་ནམ་ཡང་ཁོར་ཡུག་ཆུང་ཆུང་ཞིག་གི་ནང་མགོ་འཐོམས་ནས་བསྡད་པ་ལས། རིག་པ་རྒྱ་བསྐྱེད་ནས་མ་བསླབས་པའི་ཀུན་མཁྱེན་དང་བསླབ་ན་མི་ཤེས་པའི་རྨོངས་པ་གཉིས་ག་དོར་ནས་དངོས་ལུགས་འཚོལ་ཞིབ་ཀྱི་ལམ་ཡངས་པོར་འཇུག་པ་ནི་དམ་པ་རྣམས་ཀྱིས་བསྔགས་པའི་གནས་ཁོ་ན་ཡིན་སྟབས། ཆོས་རྗེ་གཙང་བ་རྒྱ་རས་པས་ཀྱང་མགར་ཁང་དུ་མགར་བའི་ཐོ་བ་ཕྱག་ཏུ་བཟུང་ནས་འདི་ལྟ་བུ་ལའང་མཁས་པར་གྱུར་ཅིག །ཅེས་ཐུགས་སྨོན་གནང་བ་དེ་ཡང་རྟེན་འབྲེལ་ལ་གཙིགས་སུ་འཛིན་པའི་རྟགས་ཡིན་ཞེས་བོད་མཁས་པའི་དཎྜིའི་དགོངས་རྒྱན་དུ་གསུངས་འདུག །དེར་བརྟེན་གོང་ས་མཆོག་དགུང་ལོ་གཞོན་པའི་སྐབས་ནས་ཐུགས་ངོ་ན་འཇིག་རྟེན་ཡོངས་རྫོགས་ཕར་བརྟེན་ཚུར་བརྟེན་གྱི་རྟེན་འབྲེལ་ལ་བཟློག་ཏུ་མེད་པའི་ཡིད་ཆེས་བརྟན་པོ་ཞིག་ཡོད་སྟབས་ལོ་ངོ་སུམ་ཅུའི་རིང་དངོས་ཁམས་རིག་པའི་དགེ་རྒན་དུ་མ་བསྟེན་ནས་ཉམས་ཞིབ་མཛད་པ་དེ་ཡང་ནང་ཆོས་ཚན་རིག་དང་མཐུན་ཐབས་ཡོང་ཐབས་ག་ལ་ཡིན་ཏེ་མ་ཡིན་ནོ། །
རིས་མེད་བཤེས་གཉེན་ཆེན་པོ་འཇིགས་མེད་བློ་གྲོས་མཆོག་ལགས། ང་ཚོས་ལོ་ངོ་སྟོང་ཕྲག་གཉིས་དང་ལྔ་བརྒྱ་ལྷག་གི་རིང་མུ་སྟེགས་པའི་གྲུབ་མཐའ་ཁག་དང་མི་མཐུན་པའི་ཆ་ཆུང་ཚེགས་ཚུན་ཆད་ལ་ཡང་རྩོད་པ་
དྲག་པོ་རྒྱག་བཞིན་དེ་རིང་གི་བར་དུ་བསླེབས་ཤིང་། འོན་ཀྱང་རྒྱལ་ཕམ་གྱི་དབྱེ་བ་ད་དུང་ཐག་ཆོད་མེད་ལ།
རྩོད་པ་དྲག་པོ་བརྒྱབ་པའི་འབྲས་བུར་དེ་རིང་གི་རྙོག་དྲ་འདི་དྲངས་ཡོང་བ་རེད། ཆོས་ལུགས་དང་ཆོས་ལུགས་དང་། ལྟ་གྲུབ་དང་ལྟ་གྲུབ་བར་གྱི་འགལ་ཟླ་གླེང་བ་འདིས་མིའི་རིགས་ལ་དཀའ་རྙོག་རྫོགས་མཐའ་མེད་པ་ཞིག་འདྲེན་ཡོང་གིན་ཡོད་པ་རེད། རང་ཅག་བོད་ལ་མཚོན་ན་ཡང་ཆོས་ལུགས་གྲུབ་མཐའི་བར་གྱི་
ཅུང་ཟད་མི་མཐུན་པ་ཡོད་པ་དེ་དག་བེད་སྤྱད་དེ་དམག་འཁྲུག་ཀྱང་ཐེངས་མང་བརྒྱབ་མྱོང་ཡོད་པ་རེད།
མ་འོངས་པར་ཡང་དེ་ལྟ་བུ་ཐབས་སྡུག་གི་གནས་ཚུལ་ཞིག་མི་ཡོང་བའི་ངེས་པ་མེད། དེར་བརྟེན་ང་ཚོས་ཆོས་ལུགས་དང་ལྟ་གྲུབ་བར་གྱི་མི་མཐུན་པ་གླེང་དགོས་མོད། དེ་ལས་མཐུན་པའི་ཆ་རྣམས་སྣང་མེད་དུ་མི་འཇོག་པར་ངེས་པར་གླེང་དགོས་པ་ཞིག་རེད།
མང་དུ་ཐོས་པ་ཅན་འདྲེ་ནག་མགོ་དགུ་པས་གསུངས་པ་དེ་གནད་འགག་རེད། སྐུ་ན་གཞོན་དུས་ཀྱི་གོང་ས་མཆོག་གིས་རྒྱལ་དབང་བཅུ་གསུམ་པའི་ཕོ་བྲང་པོ་ཏ་ལའི་སྟེང་དུ་རྒྱང་ཤེལ་ནས་ནམ་མཁའི་སྐར་ཚོགས་ལ་ལྟ་བ་དང་། ལྟ་བ་ཉི་ཚེ་བའི་རང་གི་ཁོར་ཡུག་ཆུང་བ་དེ་ལས་བརྒལ་ནས་འཛམ་གླིང་གི་གསར་འགྱུར་དང་མིའི་ཤེས་ཡོན་བསམ་ཚུལ་བརྗེ་ལེན་གྱི་ཐུགས་འདུན་ཆེན་པོ་ཡོད་པའི་ཐོག་ཆོས་ལུགས་སྤྱི་དང་ཡང་སྒོས་བོད་གངས་ཅན་གྱི་ཆོས་ལུགས་ཚང་མ་མཐུན་ལམ་གཅིག་སྒྲིལ་གྱི་རང་རང་གི་གནད་གསང་ལེགས་པར་ཤེས་འདོད་ཡོད་པས་འབད་པ་དུ་མས་ཀུན་ལ་རིང་དུ་སྦྱངས་བས་ན་ད་ཆ་འདྲ་མཉམ་གྱི་གོང་བུ་གཅིག་ཏུ་བསྒྲིལ་ནས་མེ་ཏོག་མཉམ་བཞད་ཀྱི་དུས་ཚོད་ཅིག་ང་ཚོའི་དུས་ཐོག་འདིར་བྱུང་བ་རེད། རྗེ་མི་ལས། ཆོས་ཀྱི་སྙིང་པོ་རྟེན་འབྲེལ་ཡིན།།རྟེན་འབྲེལ་གྱི་སྙིང་པོ་མགུར་མ་ཡིན།།ཞེས་དང་། རི་ལ་སྒོམ་པའི་སྒོམ་ཆེན་དང་།།འཚོ་བ་སྦྱོར་བའི་ཡོན་བདག་གཉིས།།འཚང་མཉམ་པོར་རྒྱ་བའི་རྟེན་འབྲེལ་ཡིན། །ཞེས་པ་ལྟར་ཆོས་ཐམས་ཅད་རྟེན་འབྲེལ་གྱི་རང་བཞིན་ཡིན་པས། རྟེན་འབྲེལ་ཞུ།
མིག་བརྒྱད་པ་མཆོག་ལགས། ཞུ་འདོད་པ་གཅིག་ནི། ཁྲིམས་ཀྱི་མདུན་སར་དཔང་རྟགས་ཁུངས་བཙན་ཡོད་མེད་ཀྱིས་ཁྲིམས་ཐག་གཅོད་རྒྱུ་ལས་སྟོབས་དང་དཔུང་། རྒྱུ་དངོས་ངོ་ཆེན་སུས་ཀྱང་མི་ཕན་པ་བཞིན་དུ་དངོས་ཁམས་ཚན་རིག་དང་དངོས་གཤིས་དོན་དངོས་ཚོལ་བའི་སྐབས་སུའང་། ལྟ་གྲུབ་གང་ཞིག་དོན་ལ་གནས་མིན་ཐད་ཞིབ་འཇུག་བྱེད་སྐབས་སུ་དཔེ་སྒྲོམ་ཁ་གསལ་དང་རྒྱུ་མཚན་དངོས་ཡོད་ར་སྤྲོད་དགོས་པ་ལས་རང་གི་ཡིད་ཆེས་བྱེད་ས་༸གོང་ས་མཆོག་གི་རྩ་ཆེན་བྱིན་རླབས་ནུས་མཐུ་ལས་བསྒྲབ་ཐབས་བྱས་པ་ནི་ཅོལ་ཆུང་ཞིག་མིན་ནམ། ཁྱེད་ཀྱི་ཁུངས་སྐྱེལ་གནད་དོན་ཚང་མ་༸གོང་ས་མཆོག་གིས་གསུངས་སོང་ཞེས་པའི་ལུང་ཀྱང་ཀྱང་རེད། ཚད་མས་ཞེན་ཡུལ་ཚད་མས་འགོག་པ་དང་། དངོས་སྟོབས་ཡུལ་ལ་ལུང་གིས་གནོད་སྒྲུབ་ནི། བླུན་པོ་ཤེས་རབ་འཆལ་བའི་རྟགས་ལྔ་ཡིན། ཞེས་པ་ཡིད་ལ་ཉར་རོགས།
ཧ་ཧ་ཧ་ལོག་སྨྲ་ཚར་གཅོད་ཀྱི་གདོང་ལྤགས་མཐུག་ཏུ་མཐུག་འགྲོ་གི་འདུག་ད། ད་འོ་ནངས་ཁྱོད་ལ་་ནས་དབུ་མ་ཐལ་འགྱུར་ལྟ་བ་ཡང་རྗེ་རིན་པོ་ཆེས་བཞེད་པ་ལྟར་མ་ཡིནཔར་བོད་སྔ་མའི་བཞེད་པ་ཉིད་དོན་ལ་གནས་པར་དམ་བཅའ་ཡི། རིགས་པའི་དགག་པ་ཐོན་ཅིག་ ང་ཚོས་༧རྒྱལ་བ་རིན་པོ་ཆེའི་ལུང་དྲངས་པ་ནི་
རིགས་པ་དང་ལྡན་པར་མཐོང་ནས་ལུང་བ་ཡིན་ལ། ལྟ་བའི་དཔྱད་པ་བྱེད་དུས་ལུང་གཏན་ནས་ངྲངས་མི་
ཆོག་ན་རྗེ་རིན་པོ་ཆེ་དང་དཔལ་ལྡན་ཟླ་བ་ལ་ཡང་སྐྱོན་དེ་བཟློག་ཏུ་མེད་པར་འབབ་ངེས་པས། ཁྱོད་མགོ་རུལ་བ་རྣ་བས་མི་ཚོར་བའི་བླུན་པོ་ལུག་ལྟ་བུར་མཚོན་པ་མ་ཡིན་ནམ།
ངས་ཁྱོད་ལ་དབུ་མ་ཐལ་འགྱུར་བའི་ལྟ་བ་ཡང་༼ཞེས་པར་ནོར་བཅོས་གྱིས། ༽
རིགས་པ་དང་ལྡན་པར་མཐོང་ནས་ལུང་དྲངས་པ་ཡིན་ལ།༼ཞེས་ནོར་བཅོས་གྱིས་ ༽
ལོག་སྨྲ་ཚར་གཅོད་པ་ལགས། རང་གི་སྐད་ཡིག་གི་མདུན་ལམ་དེ་ཉིན་རེ་བཞིན་ཉམས་རྒུད་དུ་འགྲོ་བ་དང་དུས་མཚུངས་སུ་བོད་ཡིག་ནི་སེར་མོ་བའི་ཟ་སྤྱད་འཐུང་སྤྱད་ཙམ་ཞིག་མ་གཏོགས་འཛམ་གླིང་སྤྱིའི་ཤེས་ཡོན་སྒང་ལ་བེད་མེད་ཅིག་ཏུ་བསམ་ནས་འཐུས་ཤོར་སོང་བ་གནད་དོན་ཆུང་ཆུང་ཞིག་མ་རེད། འུ་གཉིས་ཀྱི་རྩོད་གཞི་དེ་ཡིན་མ་མོད། གསར་བྱུང་ཐ་སྙད་མང་པོ་ཞིག་ང་ཚོའི་མིག་སྔར་ང་ཚོས་བེད་སྤྱོད་མ་ཤེས་པའི་དཀའ་ངལ་ཞིག་ཕྲད་ཡོད་པ་རེད། དངོས་པོ་གསར་བ་དང་ཐ་སྙད་གསར་བ་རེ་བྱུང་ཚེ་དེ་ཚོ་རང་གི་ལྟ་གྲུབ་བམ་དོན་དང་མཐུན་མིན་ཤེས་འདོད་མེད་ལ། ཤེས་འདོད་ཡོད་ཀྱང་གཅིག་ནས་ལྟ་གྲུབ་མི་ཤེས། གཉིས་ནས་རྣམ་དཔྱོད་ཀྱིས་དབུལ་བས། ང་ལ་མཚོན་ན་དཔྱོད་ཐབས་ཡག་ཤོས་དེ་ནི་གོང་ས་མཆོག་གིས་གསུང་བཤད་རིམ་པའི་ནང་དུ་ཡོད་པ་ཉམས་མྱོང་རིམ་བགྲོད་ཀྱི་གཏན་ཚིགས་རིགས་པའི་འགྲོས་དེ་ཚོ་རེད། གནས་གསུམ་པ་ནི་འཕོས་པ་ན།།ལུང་འདྲེན་པ་ནི་མཁས་པའི་ལུགས།།ཞེས་གཞལ་བྱ་ལྐོག་གྱུར་མཇལ་བྱེད་ཀྱི་ཡིད་ཆེས་ཀྱི་ལུང་ཚད་མར་བརྟེན་ནས་གུས་པས་རྡུལ་ཕྲན་སྨྲ་བའི་སྐོར་ལུང་འདྲེན་བྱས་ཡོད་པ་ཙམ་མིན་པར་རིགས་པས་སྒྲུབ་བྱེད་དང་ལྡན་པའི་རྒྱུ་མཚན་བཀོད་ཡོད་པས་མི་འཐད་ན་མི་འཐད་པའི་སྒྲུབ་བྱེད་དང་འཐད་ན་འཐད་པའི་སྒྲུབ་བྱེད་ཀྱི་བློ་སྐྱེད་གང་མང་གནང་སྐྱོང་ཡོང་བ་རེ་བའི་ནང་གི་རེ་བ་ཡིན།
ཁྱེད་མཁས་པ་རྣམས་ཀྱིས་བགྲོ་གླེང་མང་དུ་མཛད་པར་ང་ལྟ་བུ་བློ་གྲོས་འཇུག་སྦོམ་པོ་དག་གིས་གོ་དཀའ་ལ། འོན་ཀྱང་རྗེ་བླ་མས། རྟེན་འབྱུང་བསྟོད་པར།
ཁྱོད་གསུང་དུ་མ་ཅི་ཞིག་སྨོས།
ཆ་ཤས་རེ་ཡི་དོན་ཙམ་ལའང་།
འོལ་སྤྱི་ཙམ་གྱི་ངེས་བརྙེད་པ།
དེ་ལའང་མཆོག་གི་བདེ་བ་སྟེར།། ཚིགས་ ༣༦
དེའི་ནང་གི་འོལ་སྤྱི་ཞེས་པའི་གོ་དོན་གང་འདྲ་ཞིག་ལ་ངོས་འཛིན་དགོས། དཔེར་ན། གླང་པོ་ཆེ་གཏན་ནས་མ་མཐོང་བའི་མི་ཞིག་གིས་གླང་པོ་ཆེ་དོན་སྤྱི་ཚུལ་གྱིས་རྟོགས་སམ། མ་རྟོགས། རྟོགས་ན་མྱོང་བ་མངོན་སུམ་དང་འགལ། མ་རྟོགས་ན། གླང་པོ་ཆེ་དེ་ངོ་མཚར་བ་ཞིག་ཡིན་འདུག དེ་ཉིད་ཤེས་པར་འདོད་པ་ལ་འོལ་སྤྱིར་འདོད་དམ། ཞེས་དྲི་བ་ཞུ་བ་ལགས་སོ།།
ཞར་བྱུང་། ཁམས་གསུམ་པོ་འདི་དབྱེར་མེད་དུ་འཐིམ་པར་འགྱུར་བའི་གནས་ཡོད་པའི་ཕྱིར། ཞེས་པ་ལས་བསྒྲུབས་པའི་སྤྱི་གཙོ་བོ་དེ། དིང་དུས་ཚན་རིག་པའི་རྒྱལ་པོ་ཨ་ཨེན་སྟ་ཨིན་ཞེས་པའི་རྩིས་ཀྱི་རིག་པ་ལས་བསྒྲུབས་པའི་ཁུང་བུ་ནག་པོ་ཞེས་པ་དང་སྒོ་ཀུན་ནས་མཐུན་པ་ཞིག་མི་འདུག་གམ།
སློབ་དཔོན་སྤྱན་བརྒྱད་པ་ལགས། ཐུགས་རྗེ་ཆེ། འདྲེ་ནག་མགོ་དགུ་བ་ཕྲན་ནི་མིང་ངན་རུང་སེམས་ཨའུ་ཙི་
ཡོད། ཕྲན་ལྟ་བུ་ལ་མཚོན་ན་ནུབ་ཕྱོགས་ཀྱི་གནའ་དེང་ཤེས་རིག་ལ་ཤེས་འདོད་ཧ་ཅང་ཆེ། མིའི་ཤེས་རིག་གང་ཞིག་ཡིན་ཡང་དེར་ཞན་ཆ་དང་བཟང་ཆ་གཉིས་ཀ་ཡོད་ཆོག་པ་རེད། ང་ཚོས་ཞན་ཆ་ཤེས་དགོས་པ་གལ་
ཆེ་བ་རེད་མོད། དེར་རྩོད་པ་བརྒྱབ་ནས་བསྡད་པ་ཙམ་གྱིས་མི་ཕན་ལ། ང་ཚོས་ཞན་ཆ་དོར་ནས་བཟང་ཆ་ལེན་པ་དང་ཕྱོགས་ཡོངས་ནས་གོང་འཕེལ་ཡོང་ཐབས་ལ་འབད་བརྩོན་བྱ་དགོས། དེ་ནི་མིའི་རིགས་ཀྱི་མ་འོངས་པའི་ཕུགས་བསམ་མངོན་དུ་འགྱུར་ཐབས་ཀྱི་ཡན་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་མཐོང་བཞིན་ཡོད།
ཁུང་བུ་ནག་པོ་ BLACK HOLE ལ། བུ་ག་ནག་པོ་ཞེས་བསྒྲུར་བའང་འདུག
གོང་གི་བརྗོད་པ་དེར་ཚིག་ཆད་འདུག དགོངས་དག དེ་ཡང་སྐྱར་བཀོད་ན།
དེའི་ནང་གི་འོལ་སྤྱི་ཞེས་པའི་གོ་དོན་གང་འདྲ་ཞིག་ལ་ངོས་འཛིན་དགོས། དཔེར་ན། གླང་པོ་ཆེ་གཏན་ནས་མ་མཐོང་བའི་མི་ཞིག་གིས་གླང་པོ་ཆེའི་བཤད་པ་ཐོས་པ་ན། གླང་པོ་ཆེ་དོན་སྤྱི་ཚུལ་གྱིས་རྟོགས་སམ། མ་རྟོགས། རྟོགས་ན་མྱོང་བ་མངོན་སུམ་དང་འགལ། མ་རྟོགས་ན། གླང་པོ་ཆེ་དེ་ངོ་མཚར་བ་ཞིག་ཡིན་འདུག དེ་ཉིད་ཤེས་པར་འདོད་པ་ལ་འོལ་སྤྱིར་འདོད་དམ། ཞེས་དྲི་བ་ཞུ་བ་ལགས་སོ།།
གླང་པོ་ཆེ་དོན་སྤྱི་ཚུལ་གྱིས་རྟོགས་ན། རྗེས་དཔག་ཚད་མ་ལས་འགྲོ་ས་མེད། རྗེས་དཔག་གིས་རྟོགས་པ་ལ། རྟགས་ཡང་དག་སྔོན་སོང་དགོས་པས། རྟགས་ཡང་དག་ལ་བརྟེན་ནས་རྟོགས་ན། རྟོགས་པས་ཁྱབ་ཀྱང་། གླང་པོ་ཆེ་ལ་འོལ་སྤྱི་ལས་བརྒལ་ཟིན།
འོལ་སྤྱི་ཙམ་གྱི་ངེས་བརྙེད་པ། །ཞེས་པའི་རྗེ་རིན་པོ་ཆེ་གསུང་འདི་ནི། རྟོགས་ཀྱང་ཁེངས་དཀྱུང་བའི་ཚིག་ཙམ་དུ་འདོད་ལགས། འོལ་སྤྱིས་ནི། གླང་ཆེན་རྟོགས་པའི་སྔོན་གོ་བ་རགས་པ་ཆགས་པའམ་ཡིད་དཔྱོད་ཙམ། དོན་འགྱུར་གྱི་ཐེ་ཚོམ་སྐྱེ་བའི་སྐབས་སུ་འོལ་སྤྱིས་ངེས་པ་བརྙེད་པའི་དོན་མིན་ནམ།་སྙམ་ལགས།
ཆོས་ཀྱི་སྤྱན་མངའ་བ་རྒན་ལ་དྭགས་པ་ལགས། ཆ་ཤས་རེ་ཡི་དོན་ཙམ་ལའང་།།འོལ་སྤྱི་ཙམ་གྱིས་ངེས་བརྙེད་པ།།ཞེས་པའི་དོན་ནི། རྗེ་གུང་ཐང་པས། ཆུ་ཤིང་བསྟན་བཅོས་ལས། ཆུ་ཀློང་རྫོགས་པར་མ་འཐུང་ཀྱང་།།ཇི་ཙམ་འཐུང་བས་སྐོམ་པ་སེལ།།ཞེས་པའི་དཔེ་དོན་དུ་སྦྱར་བ་ལྟར་སངས་རྒྱས་ཀྱི་བསྟན་པ་ལ་རང་གི་བློ་ཚོད་དང་མཐུན་པའི་གོ་བ་རགས་ཙམ་ཆགས་ན་རང་གི་འདོད་དོན་འགྲུབ་པའི་ཕན་ཡོན་ཡོད་པར་གསུངས་པ་ལྟར་གོ་དགོས་སྙམ། འོལ་སྤྱི་ཞེས་པ་རགས་རིམ་ཙམ་ལ་འགྲེལ་འདུག །དོན་སྤྱི་ཙམ་ལ་འགྲེལ་ན་ཡང་མི་ཆོག་པ་མེད་སྙམ། དོན་སྤྱི་ཞེས་པ་མིག་གིས་མངོན་སུམ་དུ་མཐོང་མྱོང་ཞིག་སླར་ཡང་ཡིད་ལ་དྲན་ཚེ་དེ་ལ་དོན་སྤྱི་ཤར་བ་ཟེར་བ་དང་རྟགས་དང་གཏན་ཚིགས་ལ་བརྟེན་ནས་ངེས་པ་བརྙེད་པའི་ཡིད་ལ་འཆར་རྒྱུ་ཞིག་ཡོད་པ་དེ་ལ་དོན་དང་མཐུན་པའི་རྣམ་པ་ཞིག་འཆར་རྒྱུ་ཡོད་པས་དེ་ལའ་དོན་སྤྱི་ཟེར་བ་འདྲ། སྒྲ་སྤྱི་ཞེས་པ་མིག་གིས་མཐོང་མ་མྱོང་བ་ཞིག་མི་ཞིག་གིས་ངོ་སྤྲོད་བྱས་ནས་ཡིད་ལ་འཆར་རྒྱུ་ཞིག་ཡོད་པ་དེ་ལ་སྒྲ་སྤྱི་ཟེར་བ་འདྲ། གཞལ་བྱ་འཇལ་བྱེད་ཀྱི་མངོན་སུམ་མ་ཡིན་པའི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དག་ནི་སྒྲ་སྤྱི་དང་དོན་སྤྱི་འདྲེས་རུང་དུ་ཡོད་པར་ཚད་མའི་གཞུང་ནས་གསུངས།
སློབ་དཔོན་མིག་བརྒྱད་པས་རྗེ་གུང་ཐང་པས་གསུངས་པ་དེ་བློ་ལ་ཕན་པ་ཞིག་འདུག སྒྲ་སྤྱི། དོན་སྤྱི་སོགས་ལ་གོ་བ་ལེགས་པར་མ་ཆགས་པ་ཞིག་ལགས། ཧ་ཅང་གི་བཤད་མཁས་པ་ཞིག་གིས་ཅི་ཙམ་བཤད་པ་དེ་བུ་རམ་གྱི་རོ་ལྟ་བུ་ཞིག་ལ་མཚོན་ན། རོ་དེ་ལྕེ་དབང་པོས་མ་མྱོང་བར་དུ་བུ་རམ་གྱི་རོ་དངོས་མ་དེ་མྱོང་བའམ་རྟོགས་མི་སྲིད་པ་ལྟ་བུ་ཞིག་ཏུ་མཐོང་། སྐུ་ཉིད་ཀྱིས་གསུངས་པ་དེ་དག་བསམ་བློ་གཏོང་བ་ལ་ཤིན་ཏུ་ཕན་པ་འདུག་པས། བཀའ་དྲིན་ཆེ་ཞུས།
དབུ་མའི་བསྟན་བཅོས་རྣམས་སུ་སྒྲོ་བཏགས་དང་བསྐུར་འདེབས་འགོག་པ་འདི་མ་ཡིན། དེ་ཡང་མ་ཡིན་གསུངས་པ་ཙམ་ལས། འདི་ཡིན་ཞེས་གསུངས་པ་མེད་པ་ལྟ་བུ་ཞིག་ཏུ་སྣང་། དབུ་མ་རྒྱན་དུ་སློབ་དཔོན་མཁན་ཆེན་ཞི་བ་འཚོས་གཅིག་དུ་བྲལ་གྱི་རྟགས་ཀྱིས་གྲུབ་མཐའ་སོ་སོའི་སྒྲོ་བཏགས་རྣམས་མེད་པར་བསྒྲུབས་པའི་བདེན་གྲུབ་མེད་པ་དེ་དོན་དམ་ཞེས་བཏགས་པ་མ་གཏོགས་དོན་དམ་དངོས་མ་ཡིན་པར་གསུངས་ཏེ།
དམ་པའི་དོན་དང་མཐུན་པའི་ཕྱིར།
འདི་ནི་དམ་པའི་དོན་ཞེས་བྱ།།
དོན་དམ་དངོས་དེ་སྒྲ་རྟོག་གི་ཡུལ་ལས་འདས་པའི་སྤྲོས་བྲལ་ཡིན་པའི་དབང་གིས། འཕགས་པ་ལྷས་དབུ་མ་བཞི་བརྒྱ་པ་ན།
ཡོད་དང་མེད་དང་ཡོད་མེད་ཅེས།
ཕྱོགས་ནི་གང་ལའང་ཡོད་མིན་པ།
དེ་ལ་ཡུན་ནི་རིང་པོ་ནའང་།
ཀླན་ཀ་བརྗོད་པ་ནུས་མ་ཡིན།།
ཞེས་གསུངས་པ་དཔལ་ལྡན་ཟླ་བ་གྲགས་པས་ཚིག་གསལ་དུ་དྲངས་སོ།།།
བྱེ་བྲག་སྨྲ་བ་དང་མདོ་སྡེ་པའི་ལུགས་ལ་རྡུལ་ཕྲན་ཆ་མེད་ཀྱིས་དངོས་པོརག་པ་རྩོམ་དུས་བསགས་པའི་རྡུན་ཕྲན་རྣམས་མི་འཐོར་བར གཅིག་ཏུ་གཟུང་བའི་འཛིན་བྱེད་ཀྱི་རྫས་བཞེད་དམ་མི་བཞེད། བཞེད་ན་གང་ཡིན་གསལ་བཤད་ཞུ།