རེབ་ཐོག་མདའ།
སྲོལ་རྒྱུན་མཐུག་པོའི་མིག་ཟུང་རྒྱང་ལ་འཕེན་བཞིན།།
དེང་རབས་གསར་པའི་རྗེས་སུ་བསྙེག་རྒྱུ་བྱུང་ན།།
རྗེས་ལུས་བོད་པ་ཚང་གི་མི་རབས་ཚ་རྒྱུད།།
ཟླ་བའི་གོ་ལར་བསྐྱོད་པའི་གཏམ་རྒྱུད་འབྱུང་ཟེར།།
ལོ་རྒྱུས་གླེགས་བམ་གདོང་གི་རྡུལ་དེ་སྤྲུགས་ནས།།
ལྷ་སྲོལ་ཀླུ་སྲོལ་གོམས་པའི་གཤིས་དེ་བསྒྱུར་ནས།།
རྟ་དང་བོང་བུའི་རྗེས་ཀྱི་ཚ་བོ་ཚ་མོ།།
དཔེ་ཁུག་རྒྱབ་ལ་འཁུར་རྒྱུ་བྱུང་ན་སྐྱིད་ལ།།
བུ་ཕྲུག་ཕྱུགས་རྗེས་འདེད་པའི་སྲོལ་དེ་སྐྱུར་ནས།།
བུ་མོ་བཙན་གྱིས་བཙོང་བའི་ཚོང་དེ་དོར་ནས།།
རྩྭ་ས་རྩོད་གླེང་ཁྲོད་གི་དཔའ་དེ་གཡུག་ནས།།
དེང་རབས་ལམ་སྣེ་འདེད་པའི་བུ་ཞིག་ཡོད་ན།།
དབུས་པས་ཁ་ཡག་ངོ་དགའི་ལུགས་དེ་སྤངས་ནས།།
ཁམས་པས་་དཔའ་་དང་ལག་གི་གྲི་དེ་བཞག་ནས།།
ཨ་མདོ་བ་ཚོས་མཁས་ཉམས་རྫུ་བག་དོར་ནས།།
ས་ཡ་དྲུག་གི་ཕུ་ནུའི་བརྩེ་བ་ཟབ་ན།།
གཞུང་སྒེར་བར་གྱི་མི་མཐུན་ལྟ་བ་དོར་དེ།།
ཁ་མིན་དོན་གྱིས་མི་རིགས་ལས་དོན་བསྒྲུབས་ནས།།
རང་བཙན་་རང་སྐྱོང་གང་ཞིག་ཐོབ་རྒྱུ་བྱུང་སྟེ།།
ཁ་བ་གངས་ཅན་་ཞིང་ལ་ལོག་རྒྱུ་བྱུང་ན།།
ནུབ་ཕྱོགས་འགྲུལ་བཞུད་བྱེད་པའི་ལམ་མདོ་དེ་ནས།།
རང་དོན་སྤྱི་དོན་གཉིས་ཀྱི་ལྕི་ཡང་བཀྱགས་ཏེ།།
ནུབ་ཕྱོགས་ཨ་རིའི་ཡུལ་ནས་ཕ་ཡུལ་དྲན་ཞིང་།།
སྦྲང་དཀར་རྩམ་པ་ཟ་བའི་བུ་ཞིག་ཡོད་ན།།
དུངས་བ་བོད་ལ་ཟབ་པའི་ཁུར་དེ་ལེན་བཞིན།།
ལྷག་བསམ་གཙང་མའི་བློ་དང་དཔའ་ཉམས་རྒོད་པ།།
རིག་པའི་གནས་ལ་སྦྱོང་བའི་ཡོ་ལང་ཞིག་གིས།།
སྐད་ཡིག་སྲུང་སྐྱོབ་བྱས་ན་ཇི་འདྲའི་སྐྱིད་པ།།
ཐུབ་བསྟན་རིག་གནས་སྐྱོང་བའི་དགོན་པའི་གྲུ་ན།།
སྤུར་རྒྱལ་བོད་པ་བསམ་པའི་སེམས་ཤིག་ཡོད་ན།།
ཆོས་ལུགས་གྲུབ་མཐའ་རྩོད་པའི་ཕྱོགས་ཞེན་དོར་དེ།།
རྒྱལ་བའི་བཀའ་དག་སྲུང་ན་ཇི་འདྲའི་སྐྱིད་པ།།
བླ་མ་དགེ་བཤེས་མིང་གི་ངོ་སོ་ཅན་འགའ།།
སྐྱ་མིན་སེར་མིན་འཁོར་བའི་གྲོང་ལ་རྒྱུ་བཞིན།།
ཤར་ནུབ་སྦྱིན་བདག་ཀུན་གྱི་རྒྱུ་ལ་ཆགས་པའི།།
ཞབས་འདྲེན་དགེ་སློང་མེད་ན་ཇི་འདྲའི་སྐྱིད་པ།།
དམར་པོ་མེ་ལ་འཐིམ་པ་ཤིང་ཞིག་མིན་པ།།
བྱེས་སྡོད་བོད་མིའི་སེམས་ཀྱིས་ཚོར་རྒྱུ་བྱུང་ནས།།
ཡ་ཆུང་སེམས་པའི་གཏིང་ལ་གཟེར་ཞིག་ལངས་བཞིན།།
སྤྱི་བའི་དོན་ཞིག་བསམ་ན་ཇི་འདྲའི་སྐྱིད་ལ།།
བོད་སྐད་དབྱིན་སྐད་བསྲེས་པའི་ཁ་སང་དེ་རིང་།།
དབྱིན་ཇིའི་གྲོང་ལ་འདུར་བའི་ན་ནིང་དོ་ཚིགས།།
རྡི་ལིའི་ཁྲོམ་ན་འཚང་བའི་ན་གཞོན་འདི་དག།།
གཉིད་ལས་སད་རྒྱུ་བྱུང་ན་ཇི་འདྲའི་སྐྱིད་པ།།
མི་རིགས་སྣ་མང་འཛོམས་པའི་རྡ་སའི་རི་ན།།
ཕྱི་མཛེས་ནང་སྟོང་ཅན་གྱི་ཕོ་གསར་མོ་གསར།།
ཆང་དང་མྱོས་རྫས་སྤྱོད་པའི་ལུགས་དེ་དོར་ནས།།
རིག་པའི་གནས་དག་སློབ་ན་ཇི་འདྲའི་སྐྱིད་པ།།
རང་གི་བུ་ཕྲུག་གཞན་སྐད་སློབ་ཏུ་མངགས་བཞིན།།
གསལ་བཤད་སུམ་ཅུ་མདུན་ལམ་མེད་རབ་གླེང་བཞིན།།
སེམས་པ་རྒྱུ་ལ་འཁྲེང་བའི་ཕ་མ་དགེ་རྒན།།
བསམ་བློའི་ཁ་ཕྱོགས་འགྱུར་ན་ཇི་འདྲའི་སྐྱིད་པ།།
རྐུབ་སྟེགས་མཐོན་པོར་འགྱིང་ནས་རྫིགས་ཉམས་སྟོན་བཞིན།།
གཞུང་དོན་ཁ་ལ་འཁྱེར་ཏེ་སྒེར་དོན་གཉེར་བཞིན།།
ཁེ་ཕན་སྦུག་ནས་ལེན་མཁས་སྐུ་དྲག་མི་དྲག།
མང་གཙོའི་ལམ་དུ་བགྲོད་ན་ཇི་འདྲའི་སྐྱིད་པ།།
མདོར་ན་ཁ་བ་གངས་ཅན་བོད་པ་ཚང་གི།།
རེ་བའི་རྨི་ལམ་འགྲུབ་པའི་དུས་ཤིག་ཤར་ནས།།
ལོ་དང་ཟླ་བར་སྒུག་པའི་ཨ་ཇོ་ཁོང་ལ།།
བྱང་ཕྱོགས་ཁ་བ་བོད་པའི་མཇལ་རྒྱུ་བྱུང་ན།།
ཕྱི་ལོ ༢༠༡༢ ཟླ ༨ཚེས ༡༩ལ་རྡ་ས་ནས།
ཐེངས་ཤིག་བཀླགས་དང་ང་་་་སྙན་པ་ལ་ཚོད་ཅིག་མེད་ཀི
ངས་ར་འདི་མོ་འདོད་ཀི་ཡོད་ཡ།
རེབ་ཐོག་མདའ་ངོ་མ་ཡག་པོ་བྲིས་འདུག ཐུགས་རྗེ་ཆེ
དངོས་གནས་སྙན་ཞིང་དོན་ཟབ་མོ་ཞིག་བྲིས་འདུག་།
ད་ལྟ་ང་ཚོ་བོད་པ་ཚང་གྱི་སྲིད་འཛིན་བློ་བཟང་སེང་གི་ནང་བཞིན་དང་ཁྱོད་འདྲ་འདྲའི་སེམས་པ་ཅན་མ་འོངས་བོད་ཀྱི་སྲིད་འཛིན་འཁོད་པའི་སྨོན་ལམ་བར་མེད་དུ་འདེབས་རྒྱུ་ཡིན། ཡང་ངས་རྒྱལ་བ་རིན་པོ་ཆེ་ལ་སྨོད་པ་མིན་མ་འོངས་པ་ཁང་ནང་བཞིན་འབྱུང་རྒྱུ་ཁ་པོ་རེད། ངིད་བོད་པ་ཚོ་མ་འོངས་པ་ང་ཚོའི་སྲིད་འཛིན་ཆོས་འཛིན་པ་མ་ཡིན་ན་ཡག་ས་རེད་འདས་པའི་ལོ་རྒྱུས་ལ་ལྟོས་དང་།
vhnfczad nvu mgh