ཧར་ཝར་ཌི་གཙུག་ལག་སློབ་གཉེར་ཁང་གིས་རྒྱ་ནག་གི་དྲ་རྒྱའི་ཞིབ་བཤེར་སྐོར་ལ་ཞིབ་འཇུག་བྱས་པ།
མདོ་འཛིན་པ། ཨུ་ཌིས་ ཁོར་ནེ་ཤི། རྩམ་པ་རྒྱལ་གྱིས་བསྒྱུར།
རྒྱ་ནག་ནི་འཛམ་གླིང་སྟེང་ཞིབ་བཤེར་གྱི་ཐད་མ་ལག་དྲ་རྒྱས་ཤོས་ཀྱི་རྒྱལ་ཁབ་ཅིག་ལ་ཡང་ངོས་འཛིན་བྱེད་གིན་ཡོད་པ་རེད། ཁོང་ཚོའི་དྲ་ཐོག་ཉེན་རྟོག་པ་ཟེར་བ་དེའི་དཔུང་ཤུགས་ནི་སྟོང་ཕྲག་ ༢༠ ནས་ ༥༠ བར་ཡིན་པར་་ཡིད་ཆེས་བྱེད་གིན་ཡོད་པ་རེད། ཡིན་ཡང་། ཁོང་ཚོས་དོན་ངོ་མས་ཅི་ཞིག་འཚོལ་བཞིན་པ་ནི་སྔོན་ཆད་སྐོར་ཞིག་གིས་བསམ་པ་ལས་ཧ་ཅང་གི་མགོ་རྙོག་ཆགས་ཡོད་པ་རེད། ཧར་ཝར་ཌི་གཙུག་ལག་སློབ་གཉེར་ཁང་གི་ཉམས་ཞིབ་པ་ཚོས་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་གྱི་དྲ་གནས་བརྒྱ་ཕྲག་འགར་ཞིབ་འཇུག་བྱས་ཡོད་ཅིང་། ཁོང་ཚོས་རྒྱ་ནག་གཞུང་གིས་ཅི་ཞིག་ལ་ཞིབ་བཤེར་བྱེད་གིན་ཡོད་དང་མེད་ཤེས་རྟོགས་བྱུང་བའི་གནས་ཚུལ་དེ་ལ་ཁྱེད་རྣམས་ཧང་སངས་སྲིད་པ་རེད།
གྷི་རི་ ཁིན་ ནི་ཧར་ཝར་ཌི་གཙུག་ལག་སློབ་གཉེར་ཁང་གི་གྲངས་འབོར་སྤྱི་ཚོགས་ཚན་རིག་ཁང་གི་འགན་འཛིན་ཡིན་ཅིང་། ཁོང་གིས་འདིར་དེའི་སྐོར་ལ་རྒྱས་བཤད་གནང་རྒྱུ་རེད།
ཁོར་ནེ་ཤི། : བཀྲ་ཤིས་བདེ་ལེགས། གྷི་རི།
གྷི་རི། : བཀྲ་ཤིས་བདེ་ལེགས།
ཁོར་ནེ་ཤི། : དེ་ནས་ཐ་སྙད་དང་བསམ་ཚུལ་གཙོ་བོ་ཅི་ཞིག་གི་སྐོར་ཞིབ་བཤེར་གྱིས་འགོག་གི་འདུག ག་རེ་བྱས་ནས། ཁྱེད་ཀྱིས་ཞིབ་འཇུག་ཁྲོད་ཅི་ཞིག་བརྙེད་བྱུང་།
ཁིན། : ལགས་རེད། ཡ་མཚན་པ་ཞིག་ལ་མི་ཚང་མའི་བསམ་བློའི་ནང་དུ་གཞུང་ལ་སྐྱོན་བརྗོད་བྱས་པའི་རིགས་ཞིབ་བཤེར་བྱེད་གིན་ཡོད་པ་རེད་བསམ་གི་ཡོད་པ་རེད། ཡིན་ཡང་། དངོས་ཡོད་ཐོག་ཁོ་ཚོས་གཞུང་ལ་སྐྱོན་བརྗོད་ཀྱི་རིགས་ཞིབ་བཤེར་བྱེད་གི་མི་འདུག དྲ་ཐོག་ཏུ་གཞུང་དང་སྲིད་བྱུས། ཐ་ན་དབུ་ཁྲིད་རྣམས་ལ་ཤུགས་ཆེའི་སྐྱོན་བརྗོད་བྱས་པའི་བརྗོད་གཞི་མང་པོ་འདུག ཡིན་ཡང་། དོན་ངོ་མས་ཁོང་ཚོས་དེའི་རིགས་ལ་ཞིབ་བཤེར་རྩ་བ་ནས་བྱེད་གི་མི་འདུག དེའི་ཚབ་ཏུ་ཁོང་ཚོས་གང་ཐུབ་ཀྱིས་ཞིབ་བཤེར་བྱེད་ཀྱིན་པ་ནི་མཉམ་རུབ་ཀྱི་ལས་འགུལ་རིགས་རེད། རྒྱུ་མཚན་གང་རུང་ཞིག་གི་ཆེད་དུ་མི་རྣམས་མཉམ་དུ་འཛོམས་དུས་ཤིག་ལ་་་དེ་ནི་གཞུང་ལ་སྐྱོན་བརྗོད་དང་གཞུང་ལ་རྒྱབ་སྐྱོར། ཡང་ན། གཞུང་ལ་རྩ་བ་ཉིད་ནས་འབྲེལ་བ་མེད་པ་ཞིག་ཡིན་ཡང་དེའི་རིགས་ནི་ཁོང་ཚོས་ཞིབ་བཤེར་བྱེད་གི་འདུག
ཁོར་ནེ་ཤི། : ང་ལ་དཔེ་མཚོན་ཞིག་གསུངས་རོགས།
ཁིན། : གལ་སྲིད་གཞུང་དང་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་མཁན་ཞིག་གིས་ང་ཚོ་ཚང་མ་ས་ཆ་ཆེ་གེ་མོ་ཞིག་ལ་ཁྲོམ་སྐོར་དུ་འགྲོ་ལབ་པ་ཡིན་ན། དེ་ཁོང་ཚོས་ཞིབ་བཤེར་བྱེད་གི་རེད། གལ་སྲིད་མི་ཚང་མ་གཞུང་ལ་རྩ་བ་ཉིད་ནས་འབྲེལ་བ་མེད་ཅིང་། སྲིད་བྱུས་ལ་འབྲེལ་བ་མེད་པའི་གནད་དོན་གཞན་ཞིག་གི་དོན་དུ་མཉམ་འཛོམས་གནང་གི་ཡོད་ན་དེ་ཡང་ཁོང་ཚོས་ཞིབ་བཤེར་བྱེད་གི་རེད། རྒྱ་ནག་ནས་ཁྱོད་ཤ་སྲེག་དང་དང་ཡང་ན་ཤ་སྲེག་དང་འདྲ་བ་ཞིག་གི་དོན་དུ་མི་ ༢༠༠ མཉམ་དུ་འཛོམས་ཀྱི་ཡོད་ན་ཁོང་ཚོས་ཞིབ་བཤེར་བྱེད་སྲིད་པ་རེད།
ང་ཚོར་མཉམ་རུབ་ཀྱི་ལས་འགུལ་སྐྱིད་པོ་ཞིག་ལ་ཞིབ་བཤེར་བྱས་པའི་དཔེ་མཚོན་ཡོད། ཉི་ཧོང་ལ་ས་ཡོམ་བརྒྱབ་པའི་རྗེས་དེར། རྒྱ་ནག་གི་མངའ་ཁུལ་གཅིག་ཏུ་དཀྲོག་གཏམ་འདི་འདྲ་ཞིག་ཁྱབ་པ་རེད། གལ་སྲིད་ཁྱོད་ཀྱིས་ཚྭ་ཟོས་པ་ཡིན་ན་ཚ་འོད་ཀྱི་ན་ཚའི་རིགས་སྔོན་འགོག་བྱ་ཐུབ་གི་རེད་ལབ་པ་རེད། དེ་རྩ་བ་ཉིད་ནས་བདེན་པ་མ་རེད། ཡིན་ཡང་མི་རྣམས་ཀྱིས་དེ་བདེན་པར་བཟུང་ཞིང་ཚྭ་འབོལ་བོ་ཞིག་རག་ཆེད་དུ་ངོ་རྒོལ་སྐད་འབོད་བྱེད་མགོ་བཙུགས་པ་རེད། དེའི་ཐད་ལ་ཞིབ་བཤེར་གྱི་རིམ་པ་ཞིག་བསླེབས་པ་རེད། དེ་གཞུང་ལ་སྐྱོན་བརྗོད་བྱས་པ་མ་རེད། དེ་ནི་གཞུང་ལ་རྩ་བ་ཉིད་ནས་འབྲེལ་བ་ཆགས་ཡོད་པ་མ་རེད།
ཁོར་ནེ་ཤི། : རྒྱ་ནག་གིས་དྲ་རྒྱ་ལ་ཕན་ནུས་ལྡན་པའི་སྟངས་འཛིན་བྱ་ཕྱོགས་ཤིག་བརྙེད་ཡོད་པ་རེད་དམ།
ཁིན། : རེད། དེ་དངོས་ནས་མཚར་པོ་རེད། མི་ཚང་མའི་བསམ་བློར་ཁོང་ཚོས་ཞིབ་བཤེར་བྱེད་ཀྱིན་པ་ནི་ཁོང་ཚོར་སྐྱོན་བརྗོད་ཀྱི་རིགས་ཡིན་པར་འདོད་ཡོད་ལ། དེའི་དབང་གིས་ཁོང་ཚོས་དེའི་སྐོར་ནས་ཞིབ་བཤེར་ཡག་པོ་བྱེད་གིན་ཡོད་པ་རེད་བསམ་ཡོད་པ་རེད། ཁོང་ཚོས་ངོ་མས་ཀྱང་ཞིབ་བཤེར་བྱེད་གིན་ཡོད་པ་རེད། ཁོང་ཚོས་རྒྱ་ནག་ནང་གི་དྲ་ཐོག་གི་རྩོམ་མཆན་ས་ཡ་མང་པོའི་ནང་གི་བརྒྱ་ཆ་ ༡༣ ལ་ཞིབ་བཤེར་བྱེད་གིན་ཡོད་པ་རེད། རྒྱ་ནག་གཞུང་ནི་ཁོ་རང་ཚོའི་སྟངས་འཛིན་འོག་གི་མཉམ་རུབ་ཀྱི་ལས་འགུལ་ལ་ཧ་ཅང་གི་འཕྲོད་པོ་ཡོད་པ་ཨ་ཅང་ཅང་། མི་སྟོང་ཕྲག་ ༥༠ འཆར་གཞི་ཡོད་པའི་ལུས་རྩལ་ཞིག་གི་སྟེང་ཞུགས་གིན་ཡོད་ཀྱང་དེ་ལ་གནད་འགག་ཡོད་པ་མ་རེད། ཡིན་ཡང་། ཁྱོད་ཀྱིས་དེ་འདྲ་ཞིག་གོ་སྒྲིག་བྱེད་གིན་ཡོད་པ་དང་ཁྱོད་གཞུང་ཞབས་པ་ཞིག་མིན་ཚེ། ཁོང་ཚོ་ཁྱོད་འཚོལ་གི་ཡོང་གི་རེད། ད་དུང་བཤད་རྒྱུ་ཞིག་ལ།
ཞིབ་བཤེར་ནན་མོ་བྱེད་གིན་པའི་ཁྱབ་ཁོངས་གཞན་པ་ཡང་ཡོད་པ་རེད། དེའི་ནང་གི་གཅིག་ནི་ཆགས་སྲེད་ཀྱི་བརྙན་པར་སྐོར་རེད། ཁོང་ཚོས་དེ་ལ་དངོས་གནས་ཞིབ་བཤེར་གང་ནུས་བྱེད་གིན་འདུག འདིའི་ཕྱོགས་ལ་གཞུང་གིས་གཞན་དང་མི་འདྲ་བའི་ཚད་རིམ་པ་ཞིག་ནས་ཞིབ་བཤེར་བྱེད་གིན་འདུག གཉིས་པ་ནི། དེ་ལས་ཀྱང་ཁྱད་མཚར་པོ་རེད། ངས་གོང་དུ་ཁྱོད་ཀྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་ཆོག་གི་རེད་ལབ་ཡོད་ཀྱང་། རྒྱ་ནག་གི་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་རྒྱའི་ནང་དུ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མི་ཆོག་ས་ཞིག་ཡོད་པ་ནི། ཞིབ་བཤེར་བྱེད་མཁན་ཁོ་རང་ཚོར་སྐྱོན་བརྗོད་བྱེད་མི་ཆོག་པ་དེ་རེད། དེའི་རྐྱེན་གྱིས་ཞིབ་བཤེར་བྱེད་མཁན་ཚོ་མ་གཏོགས་ཁྱོད་ཀྱིས་རྒྱ་ནག་གཞུང་གི་གཞུང་ཞབས་པ་སུ་ཞིག་ལ་སྐྱོན་བརྗོད་ཅི་ཙམ་བྱས་ཀྱང་གནད་འགག་ཡོད་པ་མ་རེད།
མཆན། གོང་གི་བཅར་འདྲི་འདི་ནི་རྒྱ་ནག་གི་དམངས་གཙོ་དྲ་བའི་སྟེང་ཟླ་འདིའི་ཚེས་ ༡༡ ཉིན་སྤེལ་འདུག་ལ། ད་སྐབས་བོད་ཕྱི་ནང་དུ་དྲ་རྒྱའི་སྟེང་རྩོམ་དང་མཆན་སྤེལ་མཁན་མང་པོ་ཡོད་སྟབས་ཐུགས་ཕན་སོས་པར་འདོད་ནས་འདིར་བཀོད་པ་ཡིན།
འགྱུར་ལ་དོགས་པ་དང་མི་དག་པའི་རིགས་ཡོད་ན་གཤམ་གྱི་འབྲེལ་ཐག་ནས་མ་ཡིག་ལ་གཞི་འཛིན་རོགས། www.democraticchina.org/ArtShow.aspx
གནད་དོན་ཡག་པོ་ཞིག་སྒྱུར་ཡོད་པས་དགའ་བོ་བྱུང་། ཐུགས་རྗེ་ཆེ།
གནད་དོན་འདི་ཕལ་ཆེར་བོད་པར་ཡང་གཅིག་མཚུངས་ཡིན་རྒྱུ་རེད་འདོད། བོད་ནང་གི་བོདི་ཚོས་ཀྱང་རྒྱ་ནག་གཞུང་གི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་ན་སྐྱོན་མེད་པ་འདྲ། ཡིན་ཡང་། ངོ་རྒོལ་ཁྲོམ་སྐོར་དང་བོད་མིའི་འདུ་འཛོམས་ཀྱི་རིགས་འགོག་གི་ཡོད་སྲིད། དེའི་ཐད་གནས་ཚུལ་གསལ་བོ་མེད་པས་ཚང་མས་གཟབ་རྒྱུ་ནི་གལ་ཆེའོ།
རྩམ་པ་རྒྱལ་ལགས་ཀྱི་བསྒྱུར་རྩོམ་འདི་གནད་འགག་རེད། ཐུགས་རྗེ་ཆེ།