སེར་ཤུལ་རིན་ཆེན་དོན་གྲུབ།
དེ་རིང་ཁྲག་གི་ལོ་རྒྱུས་རྫོགས་ཏེ་བདེན་པའི་དར་ཆ་བླ་ན་བསྒྲེངས།།
དེ་རིང་ཞི་བས་རྒྱལ་ས་བཟུང་ནས་ལོ་རྒྱུས་རྡོ་རིང་གྱེན་དུ་བསླངས།།
དེ་རིང་མནར་གཅོད་སྒོ་མོ་བཀག་སྟེ་རང་དབང་དམ་པའི་ཉི་འོད་ཤར།།
འདི་ནི་རིགས་ཀྱི་བདེན་དོན་རྩོད་པའི་ཡང་དག་ལོ་རྒྱུས་རྡོ་རིང་ཞིག།།
ཞི་བའི་སྟོབས་ཤུགས་རྒྱུན་འཁྱོངས་གོམ་པས་བཙན་རྒྱལ་སྒེར་སེམས་ཤུགས་ཀྱིས་རྡུང་།།
བདེན་པའི་སྙིང་པོ་ཉམས་སུ་བསྟར་བས་འོད་ཀྱི་ཁྲི་ལ་གཟི་མདངས་མཆེད།།
ཆིག་སྒྲིལ་ནུས་སྟོབས་གཅིག་ཏུ་བཟླུམ་པས་རང་དབང་ལྷ་མོའི་འཛུམ་ཞལ་བསྟན།།
འདི་ནི་ལོ་རྒྱུས་ཟིན་ཐོའི་ཁྲོད་ཀྱི་ཞི་བ་རྒྱལ་བའི་དངོས་དཔང་ཡིན།།
གན་རྡི་དཔའ་བོའི་ལམ་སྟོན་ནུས་ཤུགས་རིགས་ཞེན་སྤོབས་པའི་གྲོགས་སུ་གྱུར།།
གཞན་ཆེད་རང་སྲོག་གཏོང་བར་སྒྲིག་པའི་བང་རིང་གཅིག་རྗེས་གཅིག་ལ་མཐུད།།
འཚེ་མེད་ཐབས་བྱུས་ལམ་དུ་ལྷོངས་པའི་ཟིན་ཐོ་གསར་བས་འཛམ་གླིང་བསྒུལ།།
ཨེ་ཤ་ཡ་ཡི་གླིང་ཆེན་འདི་ནས་ཞི་བའི་འབྲས་བཟང་མཛེས་པར་བཀྲ།།
འདི་ནི་ཞི་བའི་ནུས་སྟོབས་སྨིན་པའི་རྒྱལ་ཁ་ཞིག་གི་ལོ་རྒྱུས་ཡིན།།
འདི་ནི་འཚེ་མེད་ཐབས་བྱུས་རྒྱལ་བའི་རྒྱལ་ཁབ་ཅིག་གི་ཟིན་ཐོ་ཡིན།།
འདི་ང་ཚོས་ཡི་རིང་བྱེད་འོས་རྒྱལ་སྲུང་དཔའ་བོའི་རྣམ་ཐར་ཉིད།།
འདི་ནི་རྒྱལ་ཁབ་བསྐྱར་འཛུགས་བྱས་པའི་འཕགས་ཡུལ་ལྗོངས་འདིའི་སྔོན་སོང་ངོ།།
རེད་དེ་ང་ཚོ་གངས་ཅན་པ་རྣམས་ད་དུང་གཞན་དབང་བཙོན་དུ་ལུས།།
ཚིལ་ཞག་འཁོར་བའི་མེ་ལྕེའི་རླབས་སུ་སྤུན་ཟླ་སྟོང་གི་ཚེ་སྲོག་ངུ་།།
ཧམ་རྫུན་ཁུངས་མེད་འཁྱལ་གཏམ་ཁོ་ནས་རྒྱས་སྤྱིའི་མིག་ལ་མཛེས་ཚོན་བཀུས།།
ད་ནི་སྤོབས་པའི་བློ་ཡིས་ལག་རྡང་སྦྲེལ་བའི་དམ་བཅའ་འཇོག་ལ་རན།།
ད་ནི་བོད་ཀྱི་ཆིག་སྒྲིལ་ལྟ་བ་སྒེར་སེམས་བྲན་ལས་འབུད་རན་ཞིང་།།
ཁག་དཀྲིའི་བཤད་ཡམ་རླུང་ལ་བསྐུར་བའི་མུན་པའི་དུས་རབས་རྫོགས་རན་ནོ།།
ལྟ་བའི་ལངས་ཕྱོགས་གཙིགས་སུ་འཛིན་པའི་དམིགས་ཐུང་བསམ་བློ་དོར་གྱིས་ལ།།
གཅིག་ཏུ་སྤུངས་པའི་ནུས་ཤུགས་ཡོད་དགུས་རང་དབང་སྐྱ་རེངས་འདྲེན་དུ་ཕེབས།།
ད་ནི་ཆོས་ཀྱི་ཞེན་ཁོགས་ཁུར་ནས་མཆོད་ཡོན་འགྲན་བསྡུར་བྱེད་དུས་མིན།།
ད་ནི་རང་བཙན་དབུ་མ་བརྩོད་ནས་ཤོག་ཁག་བང་རིམ་སྒྲིག་དུས་མིན།།
ད་ནི་རེ་བའི་དར་ཆེན་འཕྱར་ནས་སྨོན་ལམ་འདེབས་བཞིན་འདུག་དུས་མིན།།
ད་ནི་རང་རང་ནུས་པ་སྤྱད་དེ་བོད་ཀྱི་རྩ་དོན་སྒྲུབ་དུས་ཡིན།།
སེམས་ཡོད་བོད་པ་གང་དུ་ཡོད་ན་ད་ནི་སྤུན་ཟླའི་དུར་སར་ལྟོས།།
རིགས་ཞེན་དཔའ་བོ་གང་ལ་ཡོད་ན་ད་ནི་སྲོག་གི་མེ་ལྕེར་གཟིགས།།
ཁྲེལ་ཡོད་བོད་རིགས་གང་ན་ཡོད་ན་ད་ནི་བོད་པའི་གནས་སྟངས་སོམས།།
ད་ནི་མ་འདུག་ད་ནི་ལོངས་ཤིག་ཁྲག་རྒྱུན་གཅིག་གི་སྤུན་ཟླ་ཚོ།།
སྐྱེ་འགྲོ་སྟོང་གིས་བླ་ན་བཀུར་བའི་འཛམ་གླིང་དབུ་འཁྲིད་ང་ཚོར་ཡོད།།
རྒྱལ་སྤྱིའི་ཁྱོན་ལ་སྙན་གྲགས་མཐོ་བའི་སྲིད་སྐྱོང་དཔའ་བོ་ང་ཚོར་ཡོད།།
སྟག་དམར་སྙིང་ལ་སྦར་འཛིན་བྱེད་པའི་རིགས་ཀྱི་དཔའ་བོ་ང་ཚོར་ཡོད།།
ཞུམ་མེད་སྤོབས་པའི་ང་རྒྱལ་འདེགས་པའི་གངས་ཀྱི་སྤུན་ཟླ་ང་ཚོར་ཡོད།།
དམ་ཚིག་ཤེལ་གྱི་སྒོ་ང་མ་ཆག་གཞིས་བྱེས་ལག་རྡང་སྦྲེལ་ནས་ཡོད།།
དད་དམ་འགྱུར་མེད་ཡིད་ཆེས་སྤོབས་པ་སྙིང་དང་མཆིན་པའི་གསེང་དུ་ཡོད།།
སྤོབས་པས་འདེགས་འོས་ཡང་དག་རིག་གཞུང་རྒྱལ་སྤྱིའི་ཁྱོན་ན་དར་བཞིན་ཡོད།།
འདི་ནི་ང་ཚོར་ངར་ཤུགས་རྒྱས་པའི་རྒྱབ་རྟེན་སྟོང་གི་བདེན་པ་ཡིན།།
ཡང་དག་དམངས་གཙོའི་ལམ་བཟང་དམ་པ་ང་ཚོའི་ཁྲིམས་ཀྱི་གཞི་རྟེན་ལགས།།
འཚེ་མེད་བདེན་པའི་དཀར་གཙང་ལམ་ཆེན་ང་ཚོའི་བགྲོད་ལམ་དྲང་ཐིག་ཉིད།།
འཁྱོག་མེད་བདེན་པའི་ཆོས་ཀྱི་གཤིས་ལུགས་ང་ཚོའི་རིགས་ཀྱི་གཞི་འཛིན་ནོ།།
དེས་ན་ང་ཚོའི་སྤོབས་པའི་རྒྱ་མཚོ་རྦ་རླབས་བཞིན་དུ་འཕྱུར་བར་རིགས།།
ཆོས་དང་སྲིད་ཀྱི་རྩོད་པ་དེ་ཡིས་བོད་ཀྱི་རང་དབང་ནམ་ཞིག་བསུ།།
ཁྱོད་ལན་ང་བཟང་དགག་བཞག་དེ་ཡིས་རིགས་ཀྱི་བདེན་དོན་གང་ཞིག་རྙེད།།
སྐྱ་སེར་སྨད་རེས་བསྟོད་སྨད་རེས་དེ་ཡིས་རྩ་དོན་བསྒྲུབས་པ་ནམ་ཞིག་འབྱུང་།།
དེ་བས་རང་རང་ནུས་པའི་ཤུགས་ཀྱིས་བདེན་དོན་འདེགས་པའི་ལས་ལ་ཞུགས།།
སྟོབས་དང་ནུས་པ་གཅིག་ཏུ་བསྡུས་ན་བླ་མེད་སྟོབས་ཤུགས་རྒྱས་ངེས་པས།།
བོད་པ་ཡིན་ན་འབྱུང་བོ་མ་མཆོད་སྐྱབས་དང་ཆོས་ལ་བསམ་བློ་ཐོངས།།
གངས་ཕྲུག་ཡིན་ན་རྒྱ་ཁྱི་མ་བྱེད་རིགས་དང་ཁྲེལ་ལ་ཞིབ་དཔྱོད་གྱིས།།
ཀླད་སྟོང་མིན་ན་ད་ནི་ལོངས་ཤིག་སྤྲེལ་རྒན་རྒྱུད་ཀྱི་གདོང་དམར་བ།།
ང་ལ་འདི་ལྟར་བརྗོད་པའི་སྤོབས་པ་བསམ་ཞིང་བསམ་ན་གཏན་ནས་མེད།།
འོན་ཀྱང་ང་ནི་ཐོག་མའི་དུས་སུ་གདོང་དམར་ཁྲག་གིས་བསྐྱེད་བསྲིང་ཞིང་།།
མགོ་མཇུག་ཡོངས་ལ་གངས་ཅན་རུས་གྱིས་བར་མེད་ཁྱབ་པའི་སྤྲང་འཁྱམས་ཤིག།།
དེས་ན་སེམས་ཀྱི་རེ་བ་འདི་ཙམ་སྙིང་ནས་ཕུལ་ལ་འགལ་བ་ཅི།།
ཞེས་པ་འདི་ནི་རྒྱ་གར་རང་བཙན་གྱི་དུས་དྲན་སྲུང་བརྩི་བྱེད་པའི་ཉིན་མོར་འཚེ་མེད་ཞི་བའི་ཐབས་བྱུས་ལ་རྒྱལ་ཁ་ཐོབ་པའི་ཞི་བདེ་དང་དམངས་གཙོ་ལྡན་པའི་རང་དབང་གི་རྒྱལ་ཁབ་འདིར་ཡིད་སྨོན་ཤོར་ཞིང་དེ་དང་དུས་མཉམ་དུ་ཉམ་ང་བའི་ད་ལྟའི་བོད་ཀྱི་གནས་སྟངས་དག་ཡིད་ངོར་འཆར་སྐབས་ཡིད་སྐྱོ་བའི་ཚོར་བ་ལྡོག་ཏུ་མེད་པ་ཞིག་གིས་ཡང་ཡང་རྡུང་བཞིན་ཤར་མར་བྲིས་སོ།། ༢༠༡༢/༨/༡༥/ལ།
སེར་ཤུལ་ཁྱོད་ཀྱི་གསུངས་ལ་མངོན་ཕར་བསྟོད་དོ་།