མཁོ་འདོན་པ། བློ་བྷེ།
གྲོགས་ཐེའུ་རང་དང་བཅས་པར་སྤྲིངས་པའི་མངོན་སྒྲགས་འཕྲིན་ཡིག་གསུམ་པ།
གྲོགས་པོ་ལགས། ཉེ་སྔོན་ཁྱོད་ཀྱི་ཤ་ཉེས་ཁ་པར་འབྱོར་ཏེ་ཁྱོད་ཀྱི་ལུས་ཕུང་བདེ་ཐང་ཡིན་ཚུལ་བརྗོད་སོང་། དགའ་ཚོར་ཆེན་པོ་སྐྱེས་ཡོད། དེ་བཞིན་དུ་སྙིང་གི་གྲོགས་པོ་གཞན་དག་ཀྱང་དེ་བཞིན་ཡིན་པའི་རེ་བ་དང་སྨོན་ལམ་ཡང་ཡང་འདེབས་ཀྱིན་ཡོད། སྤྱིར་ན། སྒེར་གཅོད་ཀྱི་ཁྲིམས་འོག་ན་བདེ་ཐང་ཞིག་ཡོད་པའི་ཡིད་ཆེས་ལར་ནས་མི་འདུག་མོད། ད་ལྟ་ཡིད་ཆེས་མེད་བཞིན་དུ་ཡིད་ཆེས་བྱེད་ཁུལ་ཙམ་ལས་ཅི་ཞིག་ནུས་སམ། ཅི་ཡང་མི་ནུས་པའི་ཁོ་བོས་གནའ་མཁར་ཟི་ལིང་ན་མཚན་མོའི་ལྷིང་འཇགས་ཀྱི་དུས་ཚོད་སྤྱད་ནས་ཁྱོད་ལ་འཕྲིན་ཡིག་འདི་འབྲི་བཞིན་ཡོད།
ཉེ་བའི་དུས་ཚོད་འདིའི་ནང་དུ་ཁྱོད་ལ་འཕྲིན་ཡིག་ཅིག་ལྟ་ཞོག ཐ་ན་ཁྱོད་ཀྱི་ཁྱིམ་མི་ལ་བདེ་འཚམ་ཞིག་ཀྱང་འདྲི་ཐུབ་མ་བྱུང་བས་དགོངས་དག་ཡང་ཡང་ཞུ་བཞིན་ཡོད། དེ་བཞིན་དུ། ལས་ཀྱི་བསྐོས་ཐང་གཅིག་པའི་གྲོགས་པོ་གཞན་དག་ལ་ཡང་དེ་བཞིན་ཡིན། ཁྱོད་ཚོས་ཁྲི་མུན་བཙོན་ན་དཀའ་སྡུག་གང་མང་ལ་གདོང་གཏད་ནས་བདེན་ལུགས་ཀྱི་དར་ཆ་མཁའ་རུ་འཕྱར་ཡོད་པར་རྗེས་སུ་ཡི་རང་བྱེད་ཀྱིན་ཡོད། ཁོ་བོས་ཀྱང་རང་གི་ནུས་ཚོད་དང་སྙིང་སྟོབས་ཀྱི་ལོངས་ཚད་ཀྱིས་ཞབས་འདྲེན་གྱི་བྱ་བ་མ་སྒྲུབ་ཁུལ་ཡིན་མོད། དྲང་མོར་བཤད་ན། ཉེ་བའི་ལོ་འདི་གཉིས་ཀྱི་རིང་དུ། གཞན་གྱི་ཡིད་སེམས་ཚིམ་པའི་དོན་ཞིག་ཕར་ཞོག ཐ་ན་རང་ཉིད་ཀྱི་བློ་སེམས་ཚིམ་པའི་གྲུབ་འབྲས་ཤིག་ཀྱང་མ་བྱུང་བས། སེམས་ཁོང་སྐྱོ་ལྷང་ལྷང་ངང་ལུས་ཡོད།
གྲོགས་པོ་ལགས། དེ་རིང་གློ་བུར་དུ་ཁྱོད་རང་གཙོ་བྱས་པའི་སྤུན་ཟླ་རྣམ་པར་འཕྲིན་ཞིག་འབྲི་དོན་ནི། རང་རེའི་ཡུལ་དུ་མི་སེམས་བློང་བློང་བོར་འགྱུར་བའི་དོན་དག་མང་པོ་བྱུང་དང་འབྱུང་གིན་པས་ཡིན། དེ་ཡང་། དཔའ་བོ་ཐུབ་བསྟན་དངོས་གྲུབ་ནས་ཚུར་བརྩིས་ན། ཉེ་བའི་ལོ་འདི་དག་གི་རིང་དུ་དངོས་སུ་ཤེས་རྟོགས་བྱུང་བའི་བོད་མི་ལྔ་བཅུ་ང་བཞི་ཡིས་རང་ལུས་སྦྱིན་སྲེག་ཏུ་བཏང་སོང་ལ། དེ་དག་གི་ཁྲོད་དུ་སྐྱ་སེར་གཉིས་དང་ཕོ་མོ་གཉིས་ཀ་འདུག འཛམ་གླིང་སྐྱེས་བོ་རེ་རེ་ཧང་སངས་སུ་འཇུག་པའི་བོད་མིའི་དཔའ་སྟོབས་ཀྱིས་སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་དབང་སྒྱུར་བྱས་པའི་བཙན་པོའི་སྙིང་སྟོབས་མངོན་སུམ་མཐོང་ཆོས་སུ་བསྟན་ཡོད་ན་ཡང་། སྡིགས་སྤྱོད་ལ་ཡ་ང་ཐོགས་རྡུགས་མེད་པའི་སྒེར་གཅོད་པ་དག་གིས་ད་དུང་དྲག་ལས་སྣ་ཚོགས་ལག་བསྟར་དུ་བཏང་དང་གཏོང་གིན་འདུག
སྙིང་དང་འདྲ་བའི་གྲོགས་པོ་ལགས། གནས་སྐབས་སུ། རང་རེ་ཚོ་སྒེར་གཅོད་ཀྱི་མདུན་ན་ཉམ་ཆུང་ནུས་མེད་ཀྱི་ཚུགས་ཀར་གནས་ཀྱང་། བདེན་ལུགས་རྐྱང་རྐྱང་གི་ངོས་ནས་བལྟས་ན། ལྡབ་ཁྲི་སྟོང་མང་པོས་ཁོ་ཚོ་ཉམ་ཞན་པས། བོད་མི་སུ་ལ་ཡང་ཕྱི་བཤོལ་དང་འཇིགས་དངངས་སྤུ་ཙམ་ཡང་མི་འདུག འདི་ནི་རང་ཅག་སྟེ། འཛམ་གླིང་རྩེ་མོའི་ཡང་རྩེ། རི་བོ་ཧི་མ་ལ་མའི་ཚུར་རོལ་མདོ་དབུས་མཐོ་སྒང་ཕྱུག་མོའི་ཡང་སྟེང་དུ་གནས་བཅས་པའི་བོད་རིགས་ཡིན། དཀར་པོ་ཆོས་ལ་དད་ཅིང་། དཀར་པོའི་ལས་ལ་མོས་པ། དཀར་པོའི་ལམ་དུ་འགྲོ་བཞིན་པའི་ཞི་བདེ་རང་དབང་ལ་མོས་པའི་བོད་རིགས་ཡིན། ཁྱོད་ཀྱིས་ང་རྒྱལ་དུ་འཁུར་ཆོག་ལ། ངས་ཀྱང་ང་རྒྱལ་དུ་ངོམ་ཆོག་པའི་རང་གི་མི་རིགས་ཡིན། མི་རིགས་འདི་ཉིད་ནམ་ཡང་ཞི་བདེ་དང་རང་དབང་གི་མི་རིགས་ཤིག་ཡིན་འོས་ན་ཡང་། རང་ཉིད་ཀྱི་ཁེ་ཕན་ཉི་ཚེ་བའི་དོན་དུ་གཞན་གྱི་ཐོབ་ཐང་ལ་རྡོག་རོལ་ཅི་འདོད་དུ་གཏོང་བའི་དམར་པོའི་ཚོགས་པ་གང་གི་འདྲེ་ལག་བརྐྱངས་འོང་སྟེ། བདེན་ལུགས་ཡོད་ཚད་རྩིས་མེད་དུ་བཏང་མཐར། དཔའ་བོ་དཔའ་མོ་དག་གིས་རང་དབང་དང་ཞི་བདེའི་འབོད་སྐད་སིང་སིང་སྒྲོག་གིན་ཚེ་སྲོག་གི་མེ་ལྕེ་གླིང་ན་བསྒྲོན་སོང་། ལྟོས་དང་། སྐྱེས་འགྲོ་གང་ཞིག་ལ་མཚོན་རུང་ཚེ་སྲོག་གི་རིན་ཐང་གཞལ་དུ་མེད་ཀྱང་། ཁོ་ཚོས་དད་པའི་ཕྱག་ཟུང་སྙིང་གར་སྦྱར་ནས་བཞུད་སོང་བ་འདིས་སྒེར་གཅོད་པ་དག་གི་ཉྭ་འདར་བར་བྱས་སོང་། ཉོན་དང་། རང་གཞན་གང་ལ་ཡང་འཚེ་བ་མི་བྱེད་པའི་བདེན་ལུགས་ཀྱི་སྐད་སྒྲ་གསོན་པོས་སྒེར་གཅོད་པ་དག་གི་སྙིང་ཁམས་འཁྲིགས་པར་བྱས་སོང་། འདི་ནི་བོད་དེ། ཇི་ལྟར་སྡུག་རྩུབ་དང་དྲག་ལས་སྤྱད་ན་དེ་ལྟར་འཇིགས་སྐྲག་དང་ཞེད་སྣང་མེད་པའི་བོད་རིགས་རེད། ཁྱོད་ཀྱིས་ཐོས་སོང་ངམ་སྙིང་གི་གྲོགས་པོ་ལགས།
གྲོགས་པོ་ལགས། ད་ལྟ་བདག་གི་མགྲིན་པ་བརྣངས་ཤིང་ལག་ཟུང་འདར་ན་ཡང་། འཕྲིན་ཡིག་འདིའི་རྒྱུན་ཅིས་ཀྱང་སྐྱོང་འོས་ཏེ། ཁྱོད་ཚོ་ཁྲི་མུན་བཙོན་དུ་སོང་ཞིང་། ཁོ་ཚོ་མེ་ལྕེའི་ཀློང་དུ་བཤེགས་ཤུལ་ནས། ང་དང་བཅས་པས་བདེན་ལུགས་འདི་གསལ་བོར་བཤད་དགོས། འདི་ནི་འོས་འགན་ཏེ། རྒྱུ་འབྲས་བློ་མིག་ལ་རྩིས་མེད་མི་གཏོང་བའི་རང་རེ་ཚོའི་དམ་བཅའ་ཡིན། སྤྱི་ཚོགས་ཤིག་ལ་བདེན་ལུགས་ཀྱི་སྙུ་གུ་འཛིན་མཁན་ཞིག་དགོས་པའི་དན་རྟགས་ངོ་མ་དེ་ད་ལྟ་བདག་གིས་ཡོངས་སུ་རྟོགས་སོང་བས། ཁྱོད་དང་བཅས་པའི་སྙིང་གི་གྲོགས་པོ་ཚོས་ལེགས་པར་གསོན་དང་། བདག་གིས་ཉེ་སྔོན་གྱི་གནས་ཚུལ་རགས་རམ་ཞིག་སྙན་སྦྲོན་ཞུ།
སྔོན་ལ་གསར་འགྱུར་འདི་འདྲ་ཞིག་བཤད་དེ། ད་ལོའི་ཨོ་རྩལ་འགྲན་ཚོགས་སྟེང་དུ་བོད་རིགས་བུད་མེད་ཅིག་ཞུགས་འདུག་ལ། མོས་ལེ་དབར་ཉི་ཤུའི་འདུར་རྒྱུག་འགྲན་སྡུར་ཁྲོད་ནས་འཛམ་གླིང་གི་ཨང་གསུམ་པ་སྟེ་ཟངས་ཀྱི་རྟགས་པ་བླངས་སོང་། གསར་འགྱུར་ལས་བསྒྲགས་པ་ལྟར་ན། འདི་ཉིད་ཡ་གླིང་གི་ཟིན་ཡིན་པར་བཤད། གཞིས་བྱེས་བོད་རིགས་ཁྲི་སྟོང་མང་པོས་འདི་ལ་རྒྱབ་སྐྱོར་དང་འུར་སྒྲོག་རྒྱ་ཆེན་བྱེད་ཀྱིན་འདུག་ཅིང་། རྒྱ་ནག་སྲིད་གཞུང་གིས་ཀྱང་རྒྱུན་ལྡན་གྱི་སྤྲེལ་ལད་སྣ་ཚོགས་འཁྲབ་ཀྱིན་འདུག གསར་འགྱུར་འདི་ཉིད་ཤེས་རྗེས་ཁྱོད་ཚོར་ང་རྒྱལ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་སྲིད་མོད། རྗེས་མ་དག་མཐོང་རྗེས་ཡིད་སེམས་མཆི་མས་འཁྲིགས་པར་གདོན་མི་ཟ།
དེ་ཡང་། དེ་ལོའི་སྤྱི་ཟླ་བརྒྱད་པའི་ཚེས་བདུན་ཉིན་གྱི་ཉིན་གུང་གི་ཆུ་ཚོད་གཅིག་དང་ཕྱེད་ཀའི་སྟེང་མདོ་ལྷོ་གཙོས་གྲོང་ཁྱེར་གཙོས་དགུ་ཐོག་དགོན་པའི་ཉེ་འགྲམ་ནས་མིང་ལ་སྒྲོན་དཀར་སྐྱིད་ཟེར་བའི་བུད་མེད་རང་ལོ་ཉེར་དྲུག་ཅན། བྱིས་པ་གཉིས་ཀྱི་ཨ་མ་ཞིག་གིས་བོད་མི་རིགས་ཀྱི་བདེ་སྡུག་གི་དོན་དུ་རང་ལུས་སྦྱིན་སྲེག་བཏང་སོང་ལ། ཁོ་མོས་ཤུལ་དུ་ཁ་ཆེམས་ཡི་གེ་འདི་འདྲ་ཞིག་ཀྱང་བཞག་འདུག
ཁ་ཆེམས་ཡི་གེ་འདི་ཉིད་ལ་བལྟས་རྗེས་ཁོ་བོའི་ཡིད་སེམས་རྨང་ནས་བསྒུལ་ཅིང་། སྐྱོ་བའི་མཆི་མ་དབང་མེད་ཤོར་བས། སྡུག་ན་མཆི་མ་མི་གཏོང་བ་ཕོ་ཁྱོ་གའི་གཤིས་ཟེེར་བའི་རང་རེ་ཅག་གི་རང་ཚུགས་ཡོངས་སུ་ཤོར་སོང་། ང་དང་འདྲ་བའི་བོད་མི་མང་པོ་ཞིག་ཀྱང་དེ་བཞིན་ཡིན་ཚུལ་གྲོགས་པོ་དག་གི་ཁ་ནས་ཀྱང་ཐོས་སོང་། ལྷག་པར་དུ། རླབས་ཆེན་གྱི་བུད་མེད་འདིའི་ཁ་ཆེམས་ཡི་གེ་མཐོང་རྗེས། ང་རང་ཁ་སྐྱེངས་པར་བྱས་ལ་ད་ལྟའི་བར་དུ་ཅི་ཞིག་བརྗོད་ཁུལ་བྱས་པ་མཐའ་དག་ཀྱང་ཆུ་ཁའི་དབུ་བ་རེད་ཨང་སྙམ་པའི་རྣམ་རྟོག་ཅིག་བྱིན་ན་ཡང་། ལས་ཀྱི་ཉི་མ་ད་དུང་རིང་བར་བསམ་ན་ཨམ་གཙིགས་སྡོམ་གྱིན་ཨུ་ཚུགས་ངང་མི་སྡོད་ཐབས་མེད་བྱུང་སོང་།
ཁོ་མོས་རང་ལུས་སྦྱིན་སྲེག་བྱས་རྗེས་བླ་བྲང་ན་ཤིང་སློང་དུ་ཡོད་པའི་སྡེ་བ་སོ་སོས་ཀྱང་མཚམས་བཞག་སྟེ་ཕྱིར་ཁྱིམ་དུ་ལོག་འདུག་ལ། རང་ཚོད་ཀྱིས་དེ་ལ་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་ཡང་བསྟན་འདུག་པས། ང་རང་བླ་བྲང་ས་ཆའི་མི་ཞིག་ཡིན་ཆ་ནས་རེ་བ་མེད་པའི་རེ་བ་ཞིག་ལ་བརྩིས་ནས་སྤྲོ་སེམས་ཚད་མེད་སྐྱེས་བཞིན་ཡོད།
ད་དུང་། ཁ་སང་ཕྱི་དྲོ་སྟེ། སྤྱི་ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན་གྱི་ཆུ་ཚོད་དྲུག་དང་ཕྱེད་ཀའི་སྟེང་མི་མགོ་གཉིས་ཀྱིས་རང་ལུས་སྦྱིན་སྲེག་བཏང་སོང་ལ། སྐབས་དེར་མི་དེ་གཉིས་ཀྱི་བེམ་པོའི་ཆེད་དུ་མང་ཚོགས་དང་དམག་མིའི་དབར་དུ་འཐབ་འཛིང་ཤོར་ཅིང་། དམག་མིས་དྲག་སྤྱོད་བཀོལ་ཏེ་བོད་མི་ཞིག་རྐྱེན་ལམ་དུ་སོང་སྐད། ཕྱི་དྲོའི་དུས་ཚོད་བརྒྱད་དང་ཕྱེད་ཀ་ཡས་མས་སུ་ཡང་བསྐྱར་མི་གཅིག་གིས་སྦྱིན་སྲེག་བྱས་སོང་བས། བོད་པ་ཡོངས་ཀྱི་སེམས་ཁམས་ཟིང་ཟིང་དུ་བཏང་ཞིང། རྒྱ་དམར་གྱིས་གང་སར་དྲག་སྤྱོད་ཀྱི་སྦྱོར་བ་རྩོམ་གྱིན་འདུག་ལ། བོད་རིགས་མང་ཚོགས་ཀྱིས་སྐད་འབོད་དང་ཁྲོམ་སྐོར་བྱེད་ཀྱིན་ཡོད་ཚུལ་གསར་འགྱུར་ལས་ཐོས་པ་མ་གཏོགས་ཡུལ་དངོས་སུ་འགྲོ་ཐབས་མ་བྱུང་། བདེན་དོན་ལ་རང་སྲོག་ཕུལ་བའི་དཔའ་རྒོད་འདི་དག་གི་སྦྱོར་བ་བསམ་ན་ཧ་ལས་ཧོན་འཐོར་ཏེ་འདུག་རྒྱུ་ལས་མ་བྱུང་། གྲོགས་པོ་ལགས། གལ་ཏེ་གྲོགས་པོ་ཁྱོད་ཚོ་ཡོད་ན་སྦྱོར་བ་ཇི་ལྟར་རྩོམ་མིན་མི་ཤེས་མོད། ཁྱོད་ཚོ་སོང་ཤུལ་ནས་རང་ཅག་གི་སྙུག་ཐོགས་པའི་གྲས་སུ་བདེན་ལུགས་བརྗོད་མཁན་ནམ་མཁའི་པད་མོའི་རྗེས་སུ་འགྲེ་ལྡོག་བྱེད་པས། དཔྱོད་ཤེས་ཀྱི་མིག་ཟུང་ཅེར་རེར་བགྲད་ཡོད་ན་ཅི་ཤེས་མ་གཏོགས། ཚོར་ཤེས་ཀྱི་སྙུག་རྗེས་སྤུ་ཙམ་ཡང་མཐོང་རྒྱུ་མ་བྱུང་། ཧ་མ་གོ་བར་ལུས་ཡོད།
ཚང་དུ་ཡིབ་པའི་སྟག་འབྲུག་རེ་གཉིས་ཡོད་པར་ཁོ་བོ་ཡིད་ཆེས་ཡོད་མོད། ནམ་ཡང་རེ་གཉིས་ཤིག་གི་སྙིང་སྟོབས་ལ་འཁེན་ནས་འདུག་དགོས་པ་འདི་རང་ཅག་གི་ལས་དབང་ཡིན་ནམ། བསམས་ཤིང་བསམ་ན་ཞི་བདེའི་མི་རིགས་འདིར་ཤེས་ཡོན་ཅན་གྱི་སྡེ་ཤིན་ཏུ་ཉུང་ཨང་། གལ་ཏེ་རང་རེ་ཅག་ལ་ཡང་སོ་ཁི་ར་ཐེ་ལྟ་བུའི་སྒེར་གཅོད་པའི་སྡུག་སྤྱོད་ལ་ཡ་ང་ཅི་ཡང་མེད་པའི་ཤེས་ཡོན་ཅན་ཞིག་ཡོད་རྒྱུ་ན། གལ་ཏེ་ང་ཚོར་ཡང་དམར་པོའི་དྲག་ལས་ལ་མགོ་བོ་ཨེན་ཙམ་མི་སྒུར་བའི་མན་རྡི་ལ་ལྟ་བུ་ཞིག་ཡོད་རྒྱུ་ན། གལ་ཏེ། ་་་་་་་ གལ་ཏེ་ང་ཚོར་མང་ཚོགས་ཀྱི་བདེ་སྡུག་སྙུ་གུས་འབྲི་བའི་རྒྱུ་འབྲས་བློ་མིག་ཅིག་ཡོད་རྒྱུ་ན། དམར་པོ་མེ་ལ་སྲེག་ཐུབ་པའི་དཔའ་བོ་དཔའ་མོ་འདི་དག་ཀྱང་རེ་རེ་བཞིན་ཁེར་རྐྱང་ངང་བཞུད་དགོས་སམ། ཁོ་ཚོ་རེ་རེ་བཞིན་སོང་ཤུལ་ནས། ང་ཚོས་བདེན་ལུགས་ཀྱི་སྐད་ཆ་ཅི་ཞིག་བརྗོད་སོང་བསམ་ན། ཁྱོད་ལ་འཕྲིན་འདི་འབྲི་བའི་སྤོབས་པ་ཡང་ཞུམ་པར་འགྱུར་མོད། དེ་ཙམ་ལ་གཡོལ་ལོབས་སུ་སོང་བས། གཞི་ནས་རང་རེ་ཅག་དཔུང་ཡ་མེད་པའི་དཔའ་བོ་བཞིན་ལུས་སོང་བ་ཨེ་ཡིན་ནམ།
གྲོགས་པོ་ལགས། ཏག་ཏག་དཔའ་བོ་དེ་དག་གི་སྐད་སྒྲས་འཛམ་གླིང་གོ་ལ་ཡོམ་ཡོམ་འདར་དུ་འཇུག་སྐབས། བདུང་ལེན་གྱི་ཕ་སར་གྲགས་པའི་རྨ་ཆུ་ནས་གེ་སེར་རྟ་རྒྱུག་ཅེས་པའི་ལྟད་མོ་ཆེན་པོ་ཞིག་བསྟན་བྱུང་། རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་རྟ་རྒྱུག་གི་ཆེས་མཐོ་བའི་བྱ་དགའ་ཁྲི་སྒོར་ཉི་ཤུ་ཡིན་པར་སྐད། རྨ་ཆུར་བདུང་ལེན་དང་འདྲ་བའི་སྒྱུ་རྩལ་ལས་རིགས་དར་དྲགས་པས་ཡིན་ནམ། ཧ་མི་གོ་བ་ཞིག་ལ་རྨ་ཆུའི་གསར་བུ་དག་གིས་དེ་ཉིད་ངོམ་སོ་ལྟ་བུར་བྱེད་ལ། བྱེད་སྒོའི་སྐབས་སུ་ཁྲི་སྒོར་སུམ་ཅུ་ཅན་གྱི་ཤོག་སྦག་བཀད་པ་ཡང་རྒྱན་དུ་བྱེད་པས། མི་རབས་བཞི་པའི་གྲོགས་པོ་གའུ་སོགས་ལ་ཁོ་བོ་ཡ་མཚར་སོང་། གལ་ཏེ་རྨ་ཆུའི་དཔལ་འབྱོར་དེ་ངོམ་སོ་བྱེད་ཀྱིན་ཡོད་པ་ཡིན་ན། ཤིན་ཏུ་དགོད་བྲོ་རང་འདུག་སྟེ། དམར་པོའི་སྲིད་གཞུང་གི་ཁྱབ་བསྒྲགས་དང་ཤིན་ཏུ་མཚུངས་འདུག དམར་པོའི་སྲིད་གཞུང་གིས་ད་ལྟའི་དབར་དུ་ཀྲུང་གོའི་དཔལ་འབྱོར་གྱིས་འཛམ་གླིང་གི་ཨང་རིམ་མཐོན་པོ་བཟུང་ཡོད་ཚུལ་བརྗོད་ལ། ད་ལྟ་ཨང་རིམ་གཉིས་པ་ཡིན་ཚུལ་གང་སར་སྒྲོག་གིན་ཡོད་ཀྱང་། མང་ཚོགས་ཀྱི་འཚོ་བ་ག་འདྲ་ཡིན་མིན་འུ་ཚོར་རྒྱུས་མངའ་གསལ་བོ་ཡོད་པས་ངོ་བོ་དབྱེར་མེད་ཀྱི་བྱེད་སྟངས་འདི་ལ་ཞེད་སྣང་སྐྱེས་འོང་། ད་ལྟ་ཟིན་ཕྲན་དང་སྐད་འཕྲིན་གང་དུ་བལྟས་ཀྱང་རྨ་ཆུའི་རྟ་རྒྱུག་ལ་ལྟ་ཚུལ་མེད་མཁན་ཉུང་ཉུང་འདུག་མོད། ཁོ་ཚོའི་གསར་བུ་རེ་གཉིས་ཤིག་གིས་ད་དུང་དེ་དག་ལ་འཁོན་ལན་ལྟ་བུ་རེ་གཉིས་སློག་གིན་པ་མཐོང་ན་གྲོགས་པོ་ཁྱོད་ཚོ་ལྷག་ཏུ་དྲན་འོང་། མ་ཟད། ད་ལྟ་རྨ་ཆུ་ན་རྒྱ་དམག་མང་པོས་བསྐོར་ནས་འདུག་ལ། གང་སར་འཇིགས་ཟིལ་གྱིས་གང་ནས་འདུག་ན་ཡང་། ཁོ་ཚོས་ངུ་ཤུམ་ཙམ་ཡང་བྱེད་མི་ཐུབ་པ་འདི་དངོས་གནས་མཚར་སོང་།
མང་མང་གིས་ཚེ་སྲོག་དམར་བོ་མེ་ལ་སྒྲོན་ནས་བོད་མིའི་བདེ་སྡུག་རྩོད་ལ། རེ་གཉིས་ཀྱིས་རང་གི་མིག་ཟུང་ཞར་ལ་ཉེ་ཡང་ད་དུང་སྒེར་གཅོད་ལ་བསྟུན་པར་མི་བྱེད་ཀྱང་། ༼གྲོགས་ཀིརྟིའི་མིག་དབང་ཤིན་ཏུ་ཞན་པོ་འདུག་ཅེས་ཐོས་སོང་བས་འདིར་ཆེད་དུ་ཁམས་འདྲི་ཞིག་བྱས་པ་ཡིན།༽ འགའ་ཤས་ཀྱིས་ཤུལ་ནས་རང་བྲོ་རྩམ་པ་བྱེད་མ་ཐུབ་པར་གཞན་ལ་བསྟུན་ཅི་ཐུབ་བགྱི་བ་མཐོང་ན་ཤིན་ཏུ་སྐྱོ་བའི་གནས་སུ་འདུག ལར་བདེན་ལུགས་ཀྱི་དོན་དུ་རང་ལུས་སྦྱིན་སྲེག་ཏུ་བྱེད་པ་དང་། ཁྲི་མུན་བཙོན་དུ་འགྲོ་བ་སོགས་དཀའ་ཡང་། རང་གི་ཅ་ནེ་ཙམ་ལ་ཞེན་ནས་ཕ་ཕོག་ཅི་ཡང་གཞན་གྱིས་དྲུས་ཀྱང་བསྟོད་གླུ་ལེན་པ་འདི་ཤིན་ཏུ་ངོ་མཚར་ཆེ།
གྲོགས་པོ་ལགས། སྤྱིར་ན་འཕྲིན་ཡིག་འདི་ཉིད་མུ་མཐུད་དུ་རྒྱུན་སྐྱོང་བར་བསམ་ཡང་། གནས་ཚུལ་འདི་དག་དྲན་གྱིན་དྲན་གྱིས་སེམས་ཁམས་ཡོངས་སུ་འཁྲིགས་སོང་བས། ད་ནི་མུ་མཐུད་དུ་ཁྱོད་ཚོར་གནས་ཚུལ་རེ་རེ་བཞིན་བརྗོད་ཐབས་བྲལ་སོང་། འདི་ག་ཙམ་གྱིས་ཁྱོད་ཚོར་བརྡ་ཙམ་འཕྲོད་ཡོད་མེད་ཀྱང་མི་ཤེས་མོད། འགལ་བ་ལྟག་འཕྲོད་དུ་སོང་བའི་རང་རེ་ཚོའི་གནས་ཚུལ་འདི་དག་དྲན་ན། ཁྱོད་ཚོར་ཇི་ལྟར་བརྗོད་དགོས་པ་ཡང་མི་ཤེས་པས། རེ་ཞིག་འདི་ག་ཙམ་གྱིས་འཐུས་པར་བྱེད། གལ་ཏེ་གསན་འདོད་ཡོད་ན། རྗེས་མར་མུ་མཐུད་དུ་བརྗོད་ངེས་ཡིན་ལགས།
ཁོ་བོས་ད་ལྟ་གནའ་མཁར་ཟི་ལིང་ན་སྤྲང་འཁྱམ་གྱི་འཚོ་བ་རོལ་གྱིན་ཡོད། ཉེ་ལམ་རྗེས་འདེད་གཏོང་གིན་པའི་གནས་ཚུལ་ཅི་ཡང་མ་ཚོར་ལ། འདྲི་གཅོད་དང་བཀག་སྐྱིལ་སོགས་ཀྱང་གང་ཡང་བྱས་མ་སོང་། གཞན་གྱི་ཅི་ཟེར་ལབ་བརྡོལ་ལ་ཁ་ཡ་མ་བྱས་པར། སྤྱི་ཟླ་བདུན་པའི་ཚེས་ཉེར་གཅིག་དང་ཉེར་གཉིས་གཉིས་ལ་གནའ་མཁར་ཟི་ལིང་ནས་བོད་ཀྱི་ལོ་རྒྱུས་སྟེང་གི་བགྲོ་གླེང་འགྱུར་མཚམས་ཤིག་སྟེ། ཡོངས་ཁྱབ་རིན་ཐང་དང་འབྲེལ་ནས་བགློ་གླེང་འོས་འཚམ་ཞིག་བྱས་སོང་ལ། བོད་ཁུལ་སོ་སོ་ནས་ཕེབས་པའི་གྲོགས་པོ་མང་པོ་འཛོམས་པས་ལས་འབྲས་ཅུང་ཙམ་སྨིན་སོང་། ཡིན་ན་ཡང་། ཅིས་ཀྱང་རེ་བས་སྒུག་པའི་མི་སྣ་མང་པོ་ཞིག་བར་ཆད་ཀྱི་དབང་གིས་ཕེབས་འབྱོར་མ་བྱུང་ལ། ཕེབས་འབྱོར་བྱུང་བ་རེ་གཉིས་ཀྱང་སྐབས་སུ་བཀག་འགོག་བྱུང་བས་བགྲོ་གླེང་ཡོངས་སུ་ཞུགས་མ་ཐུབ། དགའ་སྐྱོ་ཟུང་ལྡན་གྱི་ལས་ཀ་འདི་ཉིད་ཡོངས་སུ་མཇུག་བསྒྲིལ་རྗེས། ཅུང་ཙམ་སེམས་ཁམས་ལྷོད་ལ་བབས་ནས་དཔེ་ཀློག་བྱེད་དུས། གོང་ནས་མཚམས་སྦྱོར་ཅུང་ཙམ་བྱས་པའི་དོན་རྐྱེན་དག་རེ་རེ་ནས་བྱུང་བས། བློང་བློང་བོར་ལུས་ཡོད། གཞན་ཡང་། གྲོགས་པོ་འགའ་དང་མཉམ་དུ་སྐུ་ཞབས་རང་གྲོལ་ལགས་ཀྱི་མ་ཡུམ་ལ་ལྟ་རུ་སོང་ཞིང་། དེ་དང་འབྲེལ་ནས་རང་རང་གི་དྲན་ཚུལ་འགའ་ཡང་ཕན་ཚུལ་ལ་བརྗོད་སོང་། རེ་གཉིས་ཀྱིས་ཤི་བོའི་ཤུལ་དུ་སོང་ནས་དོན་སྙིང་ཅི་ཞེས་ཀྱང་འདྲི་མོད། རང་གིས་དེ་ཉིད་ལས་དོན་ཞིག་ཏུ་བསམ་ནས་བསྡད་ཡོད།
གཞན་ཡང་། ཁྱོད་ལ་དགོས་པའི་དཔེ་དེབ་དེར་ཀློག་རིན་ཆེན་པོ་མེད་པ་ཤེས་མོད་ཀྱང་། གྲོགས་པོའི་ངལ་གསོ་ཞིག་གི་ཚབ་ཏུ་རུང་ན་ཡང་དགའ་སྤྲོ་དཔག་མེད་སྐྱེས་པས། ལམ་སེང་གྲོགས་པོ་ཞིག་ལ་རེ་བཅོལ་བྱས་པ་ལྟར་ཁྱོད་ཀྱི་ཤ་ཉེ་ལ་འཕྲོད་ཟིན།
མ་འོངས་པར་རང་རེ་ཚོའི་ལས་དབང་ག་འདྲ་ཞིག་ཏུ་འགྱུར་རྒྱུ་ཡིན་མིན་ལ་ཁ་ཚོན་མི་ཆོད་ཀྱང་། རྡོག་ལམ་ཚེར་མས་བཀང་བའི་ལམ་ཁ་འདི་བདམས་ཟིན་པས། ཞེ་འགྱོད་དང་ཕྱིར་བཤོལ་ཅི་ཡང་མེད་པར་མདུན་ནས་མདུན་དུ་སྐྱོད་རྒྱུར་སྔ་མོ་ནས་དམ་བཅའ་བཞག་ཡོད་ན། དགའ་བ་དང་སྤྲོ་བས་ལོས་འཇུག་ཨང་།
ཞེས་ཞོགས་ལྗང་གིས་གནའ་མཁར་ཟི་ལིང་ནས་མཚན་གུང་དུ་བྲིས་པའོ། །
༢༠༡༢ལོའི་སྤྱིི་ཟླ༨པའི་ཚེས༡༥ཉིན་གྱི་མཚན་གུང་།
མིག་ཆུ་འགའ་ཉིལ་ཉིལ་དུ་ལྷུང་བྱུང་།།
འཕྲིན་ཡིག་འདི་ཀློག་གིན་ཀློག་གིན།།
སྙིང་རྩ་འདི་ལྡིག་ལྡིག་ཏུ་འགུལ་བྱུང་།།
འཕྲིན་ཡིག་འདི་མྱོང་གིན་མྱོང་གིན།།
འཕྲིན་ཡིག་འདི་བཀླགས་ནས་ལུས་སེམས་གཉིས་ཀ་ནད་པ་འདྲ་པོ་ཆགས་སོང།།
དངོས་གནས་རིན་ཐང་ལྡན་པའི་གནད་དོན་དང་འཐབ་རྩོད་རྒྱུན་མཐུད་གནས་བའི་སྙིང་སྟོབས་འདུག བོད་མི་ཚང་མ་ཁྱེད་ལྟར་ཡིན་ན་ཅི་མ་རུང་། སྐུ་གཟུགས་ལ་བདག་སྐྱོང་གནང་། དཔའ་པོ་ལ་རྒྱབ་སྐྱོར་མེད་ན་ཁྱི་ཡིན་པའི་གནས་ཚུལ་གསལ་པོ་བསྟན་འདུག བཙན་བྱོལ་གྱི་གཟིར་བ་ཚོའི་ཅི་བྱེད་འདྲ་མི་འདུག
བོད་ནང་གི་བོད་མི་སེམས་ཤུགས་ཅན་ཚོ་ལྡོག་རྩ་གཅིག་སྒྲིལ་ཡོང་བའི་དུས་ཞིག་ཤར་དུས་བོད་དོན་ལ་རེ་བ་ཆེན་པོའི་རྨང་གཞི་ཆགས་པ་རེད།
ཞོགས་ལྗང་ལགས། བདེན་པའི་རྒྱབ་ངེས་ནས་ཡར་ལ་འགྲེངས་པ་འདི་ཁོང་གི་སྙིང་སྟོབས་དང་མི་བུའི་ལྗིད་ཚད་བཀྱག་ཡོད་པས་དངོས་གནས་སེམས་པས་གུས་བརྩི་ཡོད།
མུན་ཁྲོད་ན་ཚུད་པའི་དྲང་བདེན་གི་ཉི་མ་།
འོད་ལམ་ལམ་མཁར་རུ་འཆར་བ་སྨོན།
༧པན་ཆེན་སྣང་བ་མཐའ་ཡས་ཀྱིས། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཟེར་བ་ནི་ཁྱེད་ལྟ་བུ་ཡིན་རྒྱུ་རེད། རང་མི་རིགས་ཀྱི་ཆེད་དུ་བཤད་ཕོད་པ་སྒྲུབ་ཕོད་ཁྱེད་གྱི་སྐུ་རིང་ཞིང་བསམ་དོན་ལྷུན་གྱིས་འགྲུབ་པའི་སྨོན་ལམ་འདེབས།
འཕྲིན་ཡིག་འདི་ཀླགས་པས་མིག་ཆུ་དབང་མེད་དུ་ཤོར་བྱུང་། ངོ་མ་བུ་བཟང་པོ་ཟེར་ན་འདི་འདྲ་རེད། བཙན་བྱོལ་ནང་གི་རྟག་ཏུ་མདུང་ཁ་ནང་ལ་བསྐོར་མཁན་གྱི་དྲ་འབུ་འདི་ཚོ་ལ་ངོ་སྤགས་ཤིག་ཡོད་ན་ངོ་ཚ་དགོས་ཚོད་རེད།
དཔའ་ལག་གཉིས་ཀ་འཛོམས་པའི་ཕ་ཁྱིམ་གྱི་བུ། མ་ཁྱིམ་ཀྱི་སྲུང་མ་འདི་ནམ་ཞིག་ལ་གལ་སོང་ཆ་མེད་དུ་འགྲོ་འམ།
རྒྱ་གདོན་ཚང་གི་སྙིང་ཁྲག་དྲོན་མོར་སེམས་ཞིག་མེད་པ་འདི་ཅི་ཞིག་ཡིན་ནམ།
གོས་ཟླ་དགུར་གྱོན་ན་རྙིང་བ། གྱོད་ལོ་དགུ་འགོར་ཡང་གསར་བ། གསོན་པོ་ཚོར་སེམས་ཤུགས་ཡོད་ན་ཤི་བོ་ཚོར་ཁ་ཆེམས་ཡོད་པས། རྒྱ་མོའི་ཁྱི་ངོ་ཨ་མའི་བུ་ངོས་ལེན་པའི་དུས་ཤིག་ཡོད་རྒྱོ་རེད།
སེམས་གཏམ་གྱི་མིག་ཆུ་རྡོག་ཅིག།
སྙིང་ཁམས་ཀྱི་དཀྱིལ་ན་ལྷུང་སོང་།།
དཔའ་སྤོབས་ཀྱི་སྙིང་གཏམ་དྲོད་མོ།།
སེམས་ཁོང་ལ་ལྷོད་ཀྱིས་འབར་སོང་།།
ཞོགས་ལྗང་ལགས། བཀའ་དྲིན་ཆེ། ཁྱོད་ཀྱིས་གྲོགས་ཐེའུ་རང་ལ་བྲིས་པ་སྔོན་མ་དེའང་ངས་བཀླགས་ཟིན་པ་ཡིན། བཀའ་དྲིན་ཆེ།
ངོ་མ་མིག་མཐའ་ནས་ཆུ་ཡི་རྦ་རླབས་གཡོས་སོང་ལ། སྙིང་ཁུང་ནས་དགའ་སྐྱོའི་ཚོར་བས་ལྕི་སོང་།
དངོས་ནས་དངོས་ཡོད་དང་སྦྲེལ་ནས་དོན་ལྡན་གྱི་སེམས་འཕྲིན་འདི་ཀློག་དུས་སེམས་ལ་བརྗོད་མི་ཤེས་པའི་ཚོར་བ་སྣ་ཚོགས་ཤིག་ཐོལ་གྱིས་འཕྱུར་སོང། རྗེས་ས་ཡི་རང་དང་བསྔགས་བརྗོད་བྱེད་འོས་པའི་སྐད་ཆ་ཏག་ཏག་བཤད་འདུག ཐུགས་རྗེ་ཆེ།
ཞོགས་ལྗོངས་ལགས། ཁྱེད་ཀྱི་འཕྲིན་འདི་དོན་ངོ་མའི་བདེ་པའི་རང་སྒྲ་རེད་ལ། དཔའ་པོའི་ཚོད་སེམས་རེད། དུང་བརྗོད་ཀྱི་སེམས་གཏམ་ཞིག་ཀྱང་རེད་འདུག འོན་ཀྱང་འཕྲིན་འདི་བཀླགས་མ་ཐག་ང་ལ་ཞེད་སྣང་དང་སེམས་འཁྲལ་བྱུང་། རང་རེའི་དཔའ་དཔའ་མཛངས་གཉིས་ལྡན་གྱི་མི་བུ་དག རེ་རེ་ནས་ཕེབས་སོང་ན། ང་ལྟ་བུའི་བླུན་པོ་སྡར་མ་ཁྱུ་ཞིག་གིས། ཅི་ཞིག་སྒྲུབ་ཐུབ་བམ། ཅི་ཞིག་སྒྲུབ་ཕོད་དམ།
གནའ་མཁར་ཟི་ལིང་ནས་ཞོགས་ལྗང་གིས་ཁྲག་ཡིག་རྩོམ་པ་པོ་ཁོ་རང་གི་གྲོགས་པོ་ཐེའུ་རང་གཙོ་བྱས་པའི་གྲོགས་ཁག་ཅིག་ལ་འཕྲིན་ཡིད་སེམས་སྐྱོ་བ་ཞིག་བྲིས་འདུག སྤྱིར་བཏང་འཕྲིན་ཡིག་འབྲི་ས་དང་འབྲི་མཁན་གཉིས་ཀྱི་སྙིང་སྟོབས་དང་ལྷག་བསམ། ལ་རྒྱ། མི་རིགས་ཀྱི་ཤ་ཞེན་གང་ལ་བལྟས་ཀྱང་འུ་ཅག་བོད་པ་ཚང་གཞན་གྱི་ངོ་བསྟོད་དང་། དངུལ་དངོས་ཅུང་ཙམ་གྱི་སྦམ་ཁ་ལ་སྤྲོ་ནས་འདུག་ཚོད་ཅིག་རེད་དམ། འཕྲིན་ཡིག་འདི་འབྲི་མཁན་དང་འབྲི་ས་གཉིས་ཀ་ད་ལྟ་བོད་ནང་དང་། ལྷག་ཏུ་ཐེའུ་རང་ལགས་རྒྱའི་བཙོན་འོག་ཏུ་ཡོད་པ་རེད། ཉིན་མཚན་ལྟོས་མེད་དུ་རང་ཉིད་ཀྱི་སྲོག་ཀྱང་དབང་མིན་མི་ཤེས་སའི་དམར་ཤོག་སྲིད་གཞུང་གི་བཙན་དབང་དང་དྲག་གནོན་གྱི་འོག་ཏུ་ཡོད་པའི་རང་རེའི་བོད་པ་ཚང་གི་སྙིང་སྟོབས་འདི་འདྲ་ཞིག་ཡིན་ན། རང་དབང་ལུང་པར་ཡོད་པའི་བོད་པ་ཚང་གི་མི་བུ་ཚོས་ཐ་ན་རང་སྐད་གཙང་མ་ཞིག་ཨེ་ཤོད་ལྟ་རྒྱུའི་སེམས་ཚོར་ཙམ་ཡང་མེད་པ་འདི་ངོ་མ་བཤད་ན་ཧ་ལས་དགོས་པ་ཞིག་རེད། ཕྱི་ལོ་ ༡༩༥༩ ཡས་མས་སུ་བཙན་བྱོལ་ལ་ཕེབས་པའི་མི་རབས་རྒན་པ་ཚོ་ཉིན་རེ་ལས་ཞག་རེར་ཇེ་ཉུང་དུ་གྱུར་ཏེ་ད་སྐབས་བོད་མའི་མངོན་འདོད་དང་འབྲེལ་བའི་སློབ་གསོ་གཏོང་མཁན་དང་བསྐུལ་འདེད་བྱེད་མཁན་རེ་ཟུང་ལས་ལྷག་མེད། དུས་ཕྱིས་གཞིས་ཆགས་ཁག་ནས་འཚར་ལོངས་བྱུང་བའི་བོད་རིགས་ཚོ་ལ་བོད་མིའི་གོམས་གཤིས་དང་། བོད་པའི་སྐད་ཡིག བོད་ཀྱི་རིག་གཞུང་སོགས་གང་ཅིའི་ཐད་ནས་མི་རིགས་ཕུང་གསུམ་པ་ཞིག་ཏུ་གྱུར་ཏེ། རང་དོན་ལས་གཞུང་དོན་མི་བསམ་ལ། སྒེར་དོན་ལས་མི་རིགས་ཀྱི་བདེ་སྡུག་མི་དགོས་པའི་ཐ་ཤལ་ཤ་སྟག་ཏུ་གྱུར་འདུག གཞིས་ཆགས་པ་འདི་གྲས་ནི་བོད་མི་ཞིག་རེད་ཅེས་འབག་གཟུགས་ཙམ་ལས་ཁོང་ཚོའི་སྒང་ལ་བོད་མི་ཡིན་པའི་རྟགས་དང་ཆ་ལུགས་སྤུ་རྩེ་ཙམ་ཡང་མི་འདུག ད་ལྟ་བཙན་བྱོལ་ནང་དུ་བོད་མི་རིགས་ཀྱི་ཞེན་ཁོག་དང་། སྐད་ཡིག རིག་གཞུང་། གོམས་གཤིས་བཅས་རྨེག་མེད་དུ་མ་སོང་བར་ཅུང་ཙམ་ཡོད་པ་སྟེ་སྔོན་གྱི་བོད་མི་རྒན་རབས་པ་ཁག་ཅིག་དང་གཞུག་ནས་བཙན་བྱོལ་དུ་སླེབས་པའི་བོད་པ་གསར་འབྱོར་པ་ཁག་གི་སྐུ་དྲིན་ཉག་ཅིག་ཡིན་པ་ཟུར་ལྟས་ལེབ་མཐོང་འདི་རེད། དེས་ན་བོད་ནང་གི་སྤུན་ཟླ་ཚོ་རྒྱ་དམར་གྱི་བཙན་དབང་འོག་ཏུ་ཕྱོགས་ཐསམ་ཅད་ནས་སད་ཐུབ་ན། བཙན་བྱོལ་ན་ཡོད་པའི་བོད་མི་ཚོ་ལྷག་པར་གཞིས་ཆགས་ཁག་གི་བོད་པ་སྤྱི་དང་། དེའི་ནང་ནས་ཀྱང་ན་གཞོན་ཚོ་རང་དབང་ལུང་པ་འདི་ནས་ཇི་ལྟར་མ་སད་ཐུབ་པ་རེད། ད་དུང་གཞིས་ཆགས་ལ་ལ་ན་བོད་ནང་དུ་གནས་ཚུལ་ཅི་བྱུང་ཕར་ཞོག ཐ་ན་བཞུགས་སྒར་རྡ་རམ་ས་ལ་ན་གནས་ཚུལ་ཅི་ཡོད་ཙམ་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པའི་དོན་དངོས་སྐྱོ་བོ་འདི་འདྲའང་ཡོད་སྐད། ང་ཚོས་འདི་ལྟར་བོད་ནང་གཅིག་པུ་ལ་བལྟས་ནས་བསྡད་ན་ད་དུང་བོད་མིའི་བསམ་དོན་འགྲུབ་རྒྱུ་མི་ལོ་ཅི་ཙམ་འགོར་དགོས་པ་རེད། རྩོམ་པ་པོ་ཐེའུ་རང་ལགས་ཀྱིས་བྲིས་པའི་ཁྲག་ཡིག་ཅེས་པའི་དཔེ་དེབ་དེ་བཙན་བྱོལ་ནས་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་གི་ངོས་ནས་བསྐྱར་དཔར་དང་འགྲེམས་སྤེལ་བྱས་ཡོད་ཀྱང་། དཔེ་དེབ་དེ་ལྟ་ཀློག་བྱེད་མཁན་ནི་བོད་མི་རྒན་རབས་པ་ཚོ་དང་གསར་འབྱོར་པ་ཚོ་ལས། གཞིས་ཆགས་ཁག་གི་གསར་བུ་གསར་མོ་ཚོས་དཔེ་དེབ་དེ་ལྟ་ཀློག་བྱེད་རྒྱུ་ཕར་ཞོག་མིང་ཙམ་ཞིག་གོ་ཡོད་ན་དེའང་རིན་ཐང་ཅན་ཞིག་ཏུ་བརྩིས་ན་འགྲིག་འདུག རེད་དེ་ངས་ལྟས་ན་ཕལ་ཆེར་ཁོང་ཚོའི་གྲས་ལ་ཁྲག་ཡིག་ཅེས་པ་ཅི་ཞིག་རེད་ཅེས་དྲིས་ན། ཕལ་ཆེར་རི་མོ་ཞིག་གམ། རྩེད་ཆས་ཤིག ཡང་ན། ལྟད་མོ་ལྟ་བུ་ཞིག་ཨེ་ཡིན་སྙམ་པའི་ཚོར་བ་ལས། དེ་དཔེ་དེབ་ཅིག་དང་། ལྷག་ཏུ་བོད་དོན་སྐོར་གྱི་དཔེ་དེབ་ཅིག ད་དུང་རྩོམ་པ་པོ་ཁྲིམས་འོག་ཏུ་ཡོད་པའི་སྐོར་ཤེས་མཁན་ནི་ཉིན་མོའི་སྐར་མ་ལྟ་བུ་ཡིན་པར་སྙམ། དེ་བཞིན་དུ་དེང་སང་བཙན་བྱོལ་ན་མཐོ་སློབ་འགྲིམ་བཞིན་པའི་སློབ་མ་ཚོའང་རེ་ཟུང་ལས་ཁོང་ཚོའི་རྗེས་འཇུག་པ་ཤ་སྟག་ཏུ་གྱུར་འདུག སློབ་མ་ཚོས་དགོས་པའི་བོད་པའི་ལོ་རྒྱུས་དང་། བོད་མིའི་གནང་སྟངས། བོད་པའི་རིག་གཞུང་གི་འཕེལ་འགྲིབ། བོད་མིའི་བཟང་སྤྱོད། ཡ་རབས་གཤིས་ལུགས་སོགས་མི་ཤེས་པར། མི་དགོས་པའི་མཚན་ཚོགས་ལ་འགྲོ་སྟངས། ཐ་མག་འཐེན་སྟངས། ཨ་རག་འཐུང་སྟངས། སྤྱོད་ངན་འཁྲབ་ཚུལ། ཕ་མ་དང་རྒན་རབས་ལ་གུས་ཞབས་མི་བྱེད་པའི་མི་དགོས་པའི་རིགས་ལ་བྱང་དུ་ཆུབ་པ་འདི་རེད། ངས་འདི་ལྟར་བཤད་དོན་ནི། གཅིག་ནས་བོད་མིའི་བར་དཀྲུགས་ཤིང་། གཉིས་ནས་གཞིས་ཆགས་ཁག་ལ་མ་དགའ་ནས་བརྙས་སྨོད་བྱས་པ། གསུམ་ནས་སློབ་མ་ཚོར་དམའ་འབེབས། བཞི་ནས་བོད་མི་གསར་རྙིང་གཉིས་ཀྱི་བར་འཕུང་དཀྲུག་བྱས་པ་དེ་འདྲ་རྩ་བ་ནས་མིན། འདི་ནི་དོན་དངོས་རེད། དེར་བརྟེན་རྗེས་ཕྱོགས་བོད་མི་སུ་ཡིན་རུང་བོད་མི་རིགས་ཀྱི་ཤ་ཞེན་ཅན་དང་། ལ་རྒྱ་ཡོད་ས། མི་རིགས་ཀྱི་ཞེན་ཁོག་ཡོད་སའི་བོད་རིགས་ཤ་སྟག་ཅིག་ཨེ་ཡོང་བསམ་པས་ཀུན་སློང་གིས་བྲིས་པ་ལས་གཞན་གང་ཡང་མིན།